སྐྱ་སེར་རྣམས་ཀྱིས་ཚེ་འདས་ལ་བསྔོ་སྨོན་སྟབས་བདེ་གསུང་ཚུལ།
སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པ་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ།
ན་མོ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། ན་མཿ་སངྒཱ་ཡ། ཞེས་དེ་སྐད་ཆེད་དུ་བརྗོད་དུ་བཅུག་ན། མི་འདི་འཆི་འཕོས་ནས་ངན་སོང་གསུམ་དུ་མི་འགྲོ་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གང་ནས་གང་དུ་དད་པ་དེ་དང་དེར་སྐྱེ་བར་འགྱུར་རོ། །སངས་རྒྱས་ཐམས་ཅད་ལ་མཐར་གྱིས་རིམ་གྲོ་བྱེད་པར་འགྱུར། བྱང་ཆུབ་སེམས་དཔའ་ཐམས་ཅད་མཐོང་བར་འགྱུར། འཇམ་དཔལ་དང༌། ཀུན་ཏུ་བཟང་པོས་ཐེག་པ་ཆེན་པོའི་ཕྱོགས་སུ་རྒྱས་པ་བཤད་པའང་ཐོས་པར་འགྱུར། ཐོས་ནས་ཀྱང་དེ་མ་ཐག་ཏུ་སྐྱེ་བ་མེད་པའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར།
བར་དོ་འཕྲང་སྒྲོལ་གྱི་གསོལ་འདེབས།
བདག་དང་ཕ་མ་རིགས་དྲུག་སེམས་ཅན་མ་ལུས་པ། །དཀོན་མཆོག་གསུམ་འདུས་བླ་མ་རྣམས་ལ་སྐྱབས་སུ་མཆི། །བསྟན་པའི་བདག་པོ་རྫོགས་སངས་རྒྱས་ལ་སྐྱབས་སུ་མཆི། །འགྲོ་བའི་སྒྲོན་མེ་དམ་པའི་ཆོས་ལ་སྐྱབས་སུ་མཆི། །ཐེག་གསུམ་འཕགས་ཚོགས་དགེ་འདུན་རྣམས་ལ་སྐྱབས་སུ་མཆི། །ཡི་དམ་མཁའ་འགྲོ་ཆོས་སྲུང་ཀུན་ལ་སྐྱབས་སུ་མཆི། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས་སུ་གསོལ། །གསོལ་བ་འདེབས་སོ་བྱིན་རླབས་ལྕགས་ཀྱུས་དྲང་དུ་གསོལ། །མི་བཟད་ལས་དང་ཉོན་མོངས་འཆིང་བ་བཅད་དུ་གསོལ། །འདི་དང་བར་དོ་ཕྱི་མའི་འཇིགས་ལས་བསྐྱབ་ཏུ་གསོལ། །ཁྱད་པར་འཆི་ཚེ་འདི་སྣང་ཞེན་ཆགས་བཟློག་ཏུ་གསོལ། །དད་གུས་དགེ་སེམས་སྟོབས་ལྡན་སྐྱེ་བར་བྱིན་གྱིས་རློབས། །གནད་གཅོད་སྡུག་བསྔལ་ཚོར་བ་དྲག་པོ་བསལ་དུ་གསོལ། །འབྱུང་བ་ལོག་པའི་སྒྲ་བཞིའི་འཇིགས་ལས་བསྐྱབ་ཏུ་གསོལ། །དུག་གསུམ་རང་མདངས་གཡང་ས་གསུམ་ལས་བསྒྲལ་དུ་གསོལ། །འོད་གསལ་སེམས་ཉིད་རང་ངོ་འཕྲོད་པར་བྱིན་གྱིས་རློབས། །རྒྱུས་མེད་བར་དོའི་འཕྲང་ལས་བདེ་བར་དྲང་དུ་གསོལ། །འཇིགས་རུང་གཤིན་རྗེའི་ཕོ་ཉའི་འཇིགས་ལས་བསྐྱབ་ཏུ་གསོལ། །སྲིད་པར་འདྲེན་པའི་ཆགས་སྡང་ཀུན་རྟོག་བསལ་དུ་གསོལ། །འཁྲུལ་སྣང་བདེན་མེད་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །དེ་ཚེ་བླ་མ་ལྷ་ཡི་ཞལ་བཟང་མངོན་གྱུར་ཅིང༌། །སྙན་པའི་གསུང་གིས་དབུགས་དབྱུང་དགའ་དད་ཤུགས་དྲག་སྐྱེས། །དེ་ཡིས་ས་མཁན་མཛད་ནས་བདེ་བ་ཅན་སོགས་སུ། །འདབ་སྟོང་པདྨའི་སྙིང་པོར་རྫུས་ཏེ་སྐྱེ་བར་ཤོག །མདོར་ན་ཚེ་རབས་ཀུན་ཏུ་དམ་པའི་མགོན་གྱིས་བཟུང༌། །ཕྱིན་ཅི་ལོག་གི་བློ་སྣ་ངན་པ་མི་སྐྱེ་ཞིང༌་། །ཚང་ལ་མ་ནོར་རྒྱལ་བའི་བསྟན་ལ་ལེགས་བསླབས་ཏེ། །འགྲོ་ཀུན་དོན་དུ་བླ་མེད་བྱང་ཆུབ་མྱུར་ཐོག ། ཅེས་བར་དོ་འཕྲང་སྒྲོལ་གྱི་གསོལ་འདེབས་མདོར་བསྡུས་པ་འདི་ནི་དད་ལྡན་དགེ་སློང་ངག་དབང་དོན་གྲུབ་ཀྱིས་བསྐུལ་ངོར་ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །
༄༅། །འདི་ཕྱི་བར་དོའི་འཇིགས་པ་ལས་སྐྱོབ་པའི་གསོལ་འདེབས་མུན་སེལ་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །
༄༅། །རབ་འབྱམས་རྒྱལ་བའི་མཁྱེན་བརྩེ་ནུས་གསུམ་གྱི། །བདག་ཉིད་རིགས་གསུམ་མགོན་དང་དབྱེར་མེད་པའི། །ཀུན་མཁྱེན་རྒྱལ་བའི་དབང་པོ་ཙོང་ཁ་པ། །སྙིང་ནས་འདུད་དོ་བརྩེ་བའི་ལྕགས་ཀྱུས་ཟུངས། །ཚེ་རིང་ནད་མེད་བདེ་སྐྱིད་འབྱོར་པ་རྒྱས། །ཆོས་མཐུན་བསམ་པ་གོང་ནས་གོང་དུ་འཕེལ། །མི་མཐུན་རྒུད་པ་མ་ལུས་ཞི་བ་ཡི། །འདོད་དོན་ཐམས་ཅད་སྩོལ་ཅིག་ཙོང་ཁ་པ། །རིགས་དྲུག་སྤྱི་དང་སོ་སོའི་སྡུག་བསྔལ་གྱིས། །ཐོག་མ་མེད་ནས་ད་བར་ཤིན་ཏུ་མནར། །ད་དུང་ཕྱི་མཐར་ཐུག་པར་བཟོད་དཀའ་བའི། །སྡུག་བསྔལ་མྱོང་ལས་སྐྱོབས་ཤིག་ཙོང་ཁ་པ། །ཁྱད་པར་འདི་སྣང་འགག་པར་འགྱུར་བའི་ཚེ། །རང་གིས་བསགས་པའི་ལས་ངན་རྐྱེན་དབང་གིས། །འཁྲུལ་སྣང་འཇིགས་སྐྲག་གནད་གཅོད་སྣ་ཚོགས་པའི། །སྡུག་བསྔལ་འཇིགས་ལས་སྐྱོབས་ཤིག་ཙོང་ཁ་པ། །འབྱུང་བ་ཐིམ་པ་ཤེད་ཉམས་རླན་སྐམ་ཞིང་། །དྲོད་ཆུང་དབུགས་བརྩེགས་ནང་རྟགས་སྨིག་རྒྱུ་དང་། །དུ་བ་མེ་ཁྱེར་མར་མེ་འབར་འདྲ་བ། །(༢ན)ཤར་ཚེ་འཁྲུལ་ལས་སྐྱོབས་ཤིག་ཙོང་ཁ་པ། །དེ་དུས་སྐྱབས་འགྲོ་ལ་སོགས་དགེ་བའི་ཕྱོགས། །མ་གཏོགས་ཆགས་ཞེན་ཁོང་ཁྲོ་ལ་སོགས་པ། །ངན་འགྲོར་ད་ལྟ་ཉིད་དུ་སྒྱུར་བའི་རྒྱུ། །དྲག་པོས་འཇོམས་ལས་སྐྱོབས་ཤིག་ཙོང་ཁ་པ། །ཕྱི་དབུགས་ཆད་ནས་གཉིས་སྣང་འགག་པ་ན། །དཀར་དམར་ནག་པོས་ཁྱབ་པའི་ཉམས་ཤར་ཚེ། །སྣང་གསུམ་ཤར་བར་ཤེས་ཏེ་སྟོང་པ་ཉིད། །དྲན་པར་བྱིན་གྱིས་རློབས་ཤིག་ཙོང་ཁ་པ། །ཐོ་རངས་ནམ་མཁའ་གཡའ་དག་ལྟ་བུ་ཡི། །སྟོང་སང་ཤར་ཚེ་འཆི་བ་འོད་གསལ་ དུ། །ཤེས་ནས་བདེ་སྟོང་རྣལ་འབྱོར་ཟབ་མོ་ལ། །སྦྱོར་བར་བྱིན་གྱིས་རློབས་ཤིག་ཙོང་ཁ་པ། །འོད་གསལ་དེ་ལས་ལངས་ནས་བར་དོའི་ལུས། །གྲུབ་ནས་ངེས་དང་མ་ངེས་རྟགས་དྲུག་དྲུག། །ཤར་ཚེ་སྒྲ་བཞི་འཇིགས་སྣང་གསུམ་ལ་སོགས། །ཞི་བར་བྱིན་གྱིས་རློབས་ཤིག་ཙོང་ཁ་པ། །དེ་ཚེ་བར་དོ་བར་དོར་ངོ་ཤེས་ཤིང་། །ཕྱི་ནང་གསང་བ་བསྒྱུར་བའི་རྣལ་འབྱོར་གྱིས། །དམ་ཆོས་རྣམ་དག་སྒྲུབ་(༢བ)པའི་རྟེན་བཟང་པོ། །རྙེད་པར་བྱིན་གྱིས་རློབས་ཤིག་ཙོང་ཁ་པ། །རྟེན་བཟང་རྙེད་ནས་རྒྱལ་བའི་བསྟན་པ་ལ། །ཞུགས་ནས་ཐོས་བསམ་སྒོམ་པས་རྒྱུད་སྦྱངས་ཏེ། །འགྲོ་ཀུན་དོན་དུ་ཀུན་མཁྱེན་གོ་འཕང་མཆོག །འཐོབ་པར་བྱིན་གྱིས་རློབས་ཤིག་ཙོང་ཁ་པ། །དེ་ལྟར་ཤུགས་དྲག་གསོལ་བ་བཏབ་པ་དང་། །རྗེ་བཙུན་བླ་མའི་ཐུགས་རྗེ་བྱིན་རླབས་མཐུ། །ཚོགས་པའི་རྟེན་འབྲེལ་སྟོབས་ཀྱིས་ལེགས་པའི་ཚོགས། །ཐམས་ཅད་སྨོན་པ་ཇི་བཞིན་འགྲུབ་པར་ཤོག། །།
ཅེས་པ་འདི་ནི་ལུགས་གཉིས་ལ་རྣམ་དཔྱོད་ཡངས་ཤིང་དཀར་ཕྱོགས་ལ་འདུན་པའི་བསམ་པ་དགེ་བ་ཅན་ནམ་མཁའ་རབ་འབྱམས་པས་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བའི་ངོར་བན་རྒན་སྙོམས་ལས་པ་ངག་དབང་བློ་བཟང་ཆོས་ལྡན་དཔལ་བཟང་པོས་རྒྱལ་ཁབ་པེ་ཅིང་གི་བྱམས་ཆེན་ལྷ་ཁང་དུ་སྦྱར་བའི་ཡི་གེ་པ་ནི་དཔྱོད་ལྡན་བསྟན་འཛིན་ཆོས་དར་རོ། །འདིས་ཀྱང་རྒྱལ་བ་བློ་བཟང་གྲགས་པའི་བསྟན་པ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །དགེའོ།། །།
འཕོ་བ་བདེ་ཅན་ཞིང་བགྲོད་མ།
༄༅།།ན་མོ་གུ་རུ་མཉྫུ་གྷཽ་ཥ་ཡ།བདེ་བ་ཅན་གྱི་ཞིང་དུ་འགྲོ་འདོད་པས། ། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ་པ་སྔོན་དུ་བཏང་། ། རང་གི་སྤྱི་བོར་པདྨ་ཟླ་བའི་སྟེང་། ། རྩ་བའི་བླ་མ་མགོན་པོ་འོད་དཔག་མེད། ། སྐུ་མདོག་དམར་པོ་མཚན་དཔེའི་གཟི་འོད་འབར། ། འཇུམ་པའི་ཞལ་ལྡན་གཙུག་གཏོར་ནོར་བུས་མཛེས། ། ཕྱག་གཉིས་མཉམ་གཞག་དྲང་སྲོང་སྣོང་མཆོག་འཛིན། ། ཆོས་གོས་གསུམ་ལྡན་འོད་ཕུང་འབར་བའི་དབུས། ། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཐུགས་ཀ་ལས། ། འོད་འཕྲོས་བདེ་བ་ཅན་ནས་འོད་དཔག་མེད། །འཁོར་བཅས་སྤྱན་དྲངས་དབྱེར་མེད་རོ་གཅིག་གྱུར། ། ལྷ་མིའི་བླ་མ་འདྲེན་པ་འོད་དཔག་མེད། ། འཁོར་དང་བཅས་ལ་ཕྱག་འཚལ་མཆོད་པ་འབུལ། །ཉེས་ཚོགས་ཀུན་བཤགས་དགེ་ལ་རྗེས་ཡི་རང་། །ཆོས་འཁོར་བསྐོར་ཕྱིར་རྒྱུན་ཏུ་རྟག་བཞུགས་གསོལ། ། འདིས་མཚོན་རྣམ་དཀར་ཕུང་བོ་ཅི་མཆིས་པ། ། བདེ་བ་ཅན་གྱི་ཞིང་དུ་སྐྱེས་ནས་ཀྱང་། །འོད་དཔག་མེད་ཀྱི་སྲས་ཀྱི་མཆོག་གྱུར་ནས། །འགྲོ་ལ་ཕན་བདེ་བསྒྲུབ་པའི་རྒྱུ་རུ་བསྒོ། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པའི་ཞབས་ལ་ཕྱག་འཚལ་ལོ་མཆོད་དོ་སྐྱབས་སུ་མཆིའོ། ། ཞེས་བརྒྱ་རྩ་སོགས་བརྗོད་ནས་གསོལ་འདེབས ། །མ་རིག་མུན་པ་སེལ་བའི་ཉིན་མོར་བྱེད། ། སྡུག་བསྔལ་ནད་ཀུན་འཇོམས་པའི་སྨན་པ་མཆོག ། རྣམ་གྲོལ་གླིང་དུ་འཁྲིད་པའི་དེད་དཔོན་ཆེ། ། མགོན་པོ་འོད་དཔག་མེད་ལ་གསོལ་བ་འདེབས ། ། བདག་དང་མ་རྒན་འགྲོ་བ་མ་ལུས་བ། ། གནད་གཅོད་ངན་སོང་འཇིགས་པ་ལས་བསྒྲལ་ཏེ། ། ཁྱོད་ཀྱི་ཐུགས་རྗེའི་འོད་ཟེར་ལྕགས་ཀྱུ་ཡིས། ། ཞིང་མཆོག་བདེ་བ་ཅན་དུ་དྲང་དུ་གསོལ། ། རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། ། ཞེས་སོགས་ཤོ་ལོ་ཀ་གཅིག་དང་། ། འདི་ནས་ཉིང་མཚམས་སྦྱར་མ་ཐག ། ཅེས་སོགས་བྱའོ ། ། ཚུལ་འདི་ཡང་དད་པ་དང་གཏོང་བའི་ཡོན་ཏན་དང་ལྡན་པ་གུ་ག་རྒྱལ་མོ་ནོར་བུའི་ཐུགས་དམ་དུ་དགེ་སློང་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་སྨྲས་པའོ ། །
ལམ་རིམ་བསྡུས་དོན།
༄༅། །ཕུན་ཚོགས་དགེ་ལེགས་བྱེ་བས་བསྐྲུན་པའི་སྐུ། །མཐའ་ཡས་འགྲོ་བའི་རེ་བ་སྐོང་བའི་གསུང༌། །མ་ལུས་ཤེས་བྱ་ཇི་བཞིན་གཟིགས་པའི་ཐུགས། །ཤཱཀྱའི་གཙོ་བོ་དེ་ལ་མགོས་ཕྱག་འཚལ། །ཟླ་མེད་སྟོན་པ་དེ་ཡི་སྲས་ཀྱི་མཆོག །རྒྱལ་བའི་མཛད་པ་ཀུན་གྱི་ཁུར་བསྣམས་ནས། །གྲངས་མེད་ཞིང་དུ་སྤྲུལ་བས་རྣམ་རོལ་བ། །མི་ཕམ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཤིན་ཏུ་དཔག་པར་དཀའ་བ་རྒྱལ་བའི་ཡུམ། །ཇི་བཞིན་དགོངས་པ་འགྲེལ་མཛད་འཛམ་གླིང་རྒྱན། །ཀླུ་སྒྲུབ་ཐོགས་མེད་ཅེས་ནི་ས་གསུམ་ན། །ཡོངས་སུ་གྲགས་པའི་ཞབས་ལ་བདག་ཕྱག་འཚལ། །ཤིང་རྟ་ཆེན་པོ་གཉིས་ལས་ལེགས་བརྒྱུད་པའི། །ཟབ་མོ་ལྟ་བ་རྒྱ་ཆེན་སྤྱོད་པའི་ལམ། །མ་ནོར་ཡོངས་སུ་རྫོགས་པའི་གནད་བསྡུས་པའི། །གདམས་པའི་མཛོད་འཛིན་མར་མེ་མཛད་ལ་འདུད། །རབ་འབྱམས་གསུང་རབ་ཀུན་ལ་ལྟ་བའི་མིག །སྐལ་བཟང་ཐར་བར་བགྲོད་པའི་འཇུག་ངོགས་མཆོག །བརྩེ་བས་བསྐྱོད་པའི་ཐབས་མཁས་མཛད་པ་ཡིས། །གསལ་མཛད་བཤེས་གཉེན་རྣམས་ལ་གུས་ཕྱག་འཚལ། །འཛམ་གླིང་མཁས་པ་ཡོངས་ཀྱི་གཙུག་གི་རྒྱན། །སྙན་པའི་བ་དན་འགྲོ་ན་ལྷང་ངེ་བ། །ཀླུ་སྒྲུབ་ཐོགས་མེད་གཉིས་ལས་རིམ་བཞིན་དུ། །ལེགས་བརྒྱུད་བྱང་ཆུབ་ལམ་གྱི་རིམ་པ་ནི། །སྐྱེ་རྒུའི་འདོད་དོན་མ་ལུས་སྐོང་བས་ན། །གདམས་པ་རིན་ཆེན་དབང་གི་རྒྱལ་པོ་སྟེ། །གཞུང་བཟང་སྟོང་གི་ཆུ་བོ་འདུ་བའི་ཕྱིར། །དཔལ་ལྡན་ལེགས་པར་བཤད་པའི་རྒྱ་མཚོའང་ཡིན། །བསྟན་པ་ཐམས་ཅད་འགལ་མེད་རྟོགས་པ་དང༌། །གསུང་རབ་མ་ལུས་གདམས་པར་འཆར་བ་དང༌། །རྒྱལ་བའི་དགོངས་པ་བདེ་བླག་རྙེད་པ་དང༌། །ཉེས་སྤྱོད་ཆེན་པོའི་གཡང་ས་ལས་ཀྱང་སྲུང༌། །དེ་ཕྱིར་རྒྱ་བོད་མཁས་པའི་སྐྱེ་བོ་ནི། །སྐལ་ལྡན་དུ་མས་བསྟན་པའི་གདམས་པ་མཆོག །སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཡིས། །ཡིད་རབ་མི་འཕྲོག་དཔྱོད་ལྡན་སུ་ཞིག་ཡོད། །གསུང་རབ་ཀུན་གྱི་སྙིང་པོ་བསྡུ་བསྡུ་བ། །ཚུལ་འདི་ཐུན་རེ་སྟོན་དང་ཉན་པས་ཀྱང༌། །དམ་ཆོས་འཆད་དང་ཐོས་པའི་ཕན་ཡོན་སོགས། །རླབས་ཆེན་སྡུད་པར་ངེས་པས་དེ་དོན་བསམ། །དེ་ནས་འདི་ཕྱིའི་ལེགས་ཚོགས་ཇི་སྙེད་པའི། །རྟེན་འབྲེལ་ལེགས་པར་འགྲིགས་པའི་རྩ་བ་ནི། །ལམ་སྟོན་བཤེས་གཉེན་དམ་པ་འབད་པ་ཡིས། །བསམ་དང་སྦྱོར་བས་ཚུལ་བཞིན་བསྟེན་པ་རུ། །མཐོང་ནས་སྲོག་གི་ཕྱིར་ཡང་མི་གཏོང་བར། །བཀའ་བཞིན་བསྒྲུབ་པའི་མཆོད་པས་མཉེས་པར་བྱེད། །རྗེ་བཙུན་བླ་མས་ཉམས་ལེན་དེ་ལྟར་མཛད། །ཐར་འདོད་བདག་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །དལ་བའི་རྟེན་འདི་ཡིད་བཞིན་ནོར་ལས་ལྷག །འདི་འདྲ་རྙེད་པ་ད་རེས་ཙམ་ཞིག་ཡིན། །རྙེད་དཀའ་འཇིགས་སླ་ནམ་མཁའི་གློག་དང་འདྲ། །ཚུལ་འདི་བསམས་ནས་འཇིག་རྟེན་བྱ་བ་ཀུན། །སྤུན་པ་འཕྱར་བ་བཞིན་དུ་རྟོགས་གྱུར་ནས། །ཉིན་མཚན་ཀུན་ཏུ་སྙིང་བོ་ལེན་པ་དགོས། །རྗེ་བཙུན་བླ་མས་ཉམས་ལེན་དེ་ལྟར་མཛད། །ཐར་འདོད་བདག་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །ཤི་ནས་ངན་འགྲོར་མི་སྐྱེའི་གདེངས་མེད་ཅིང༌། །དེ་ཡི་འཇིགས་སྐྱོབ་དཀོན་མཆོག་གསུམ་དུ་ངེས། །དེ་ཕྱིར་སྐྱབས་འགྲོ་ཤིན་ཏུ་བརྟན་པ་དང༌། །དེ་ཡི་བསླབ་བྱ་ཉམས་པ་མེད་པར་བྱ། །དེ་ཡང་དཀར་ནག་ལས་འབྲས་ལེགས་བསམས་ནས། །བླང་དོར་ཚུལ་བཞིན་སྒྲུབ་ལ་རག་ལས་སོ། །རྗེ་བཙུན་བླ་མས་ཉམས་ལེན་དེ་ལྟར་མཛད། །ཐར་འདོད་བདག་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །ལམ་མཆོག་སྒྲུབ་ལ་མཚན་ཉིད་ཚང་བའི་རྟེན། །མ་རྙེད་བར་དུ་ས་ཆོད་མི་འོང་བས། །དེ་ཡི་མ་ཚང་མེད་པའི་རྒྱུ་ལ་བསླབ། །སྒོ་གསུམ་སྡིག་ལྟུང་དྲི་མས་སྦགས་པ་འདི། །ལྷག་པར་ལས་སྒྲིབ་སྦྱོང་བ་གནད་ཆེ་བས། །རྒྱུན་དུ་སྟོབས་བཞི་ཚང་བར་བསྟེན་པ་གཅེས། །རྗེ་བཙུན་བླ་མས་ཉམས་ལེན་དེ་ལྟར་མཛད། །ཐར་འདོད་བདག་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །སྡུག་བདེན་ཉེས་དམིགས་བསམ་ལ་མ་འབད་ན། །ཐར་པ་དོན་གཉེར་ཇི་བཞིན་མི་སྐྱེ་ཞིང༌། །ཀུན་འབྱུང་འཁོར་བའི་འཇུག་རིམ་མ་བསམས་ན། །འཁོར་བའི་རྩ་བ་གཅོད་ཚུལ་མི་ཤེས་པས། །སྲིད་ལས་ངེས་འབྱུང་སྐྱོ་ཤས་བསྟེན་པ་དང༌། །འཁོར་བར་གང་གིས་བཅིངས་པ་ཤེས་པ་གཅེས། །རྗེ་བཙུན་བླ་མས་ཉམས་ལེན་དེ་ལྟར་མཛད། །ཐར་འདོད་བདག་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །སེམས་བསྐྱེད་ཐེག་མཆོག་ལམ་གྱི་གཞུང་ཤིང་སྟེ། །རླབས་ཆེན་སྤྱོད་པ་རྣམས་ཀྱི་གཞི་དང་རྟེན། །ཚོགས་གཉིས་ཀུན་ལ་གསེར་འགྱུར་རྩི་ལྟ་བུ། །རབ་འབྱམས་དགེ་ཚོགས་སྡུད་པའི་བསོད་ནམས་གཏེར། །དེ་ལྟར་ཤེས་ནས་རྒྱལ་སྲས་དཔའ་བོ་རྣམས། །རིན་ཆེན་སེམས་མཆོག་ཐུགས་དམ་མཐིལ་དུ་འཛིན། །རྗེ་བཙུན་བླ་མས་ཉམས་ལེན་དེ་ལྟར་མཛད། །ཐར་འདོད་བདག་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །སྦྱིན་པ་འགྲོ་བའི་རེ་སྐོང་ཡིད་བཞིན་ནོར། །སེར་སྣའི་མདུད་པ་གཅོད་པའི་མཚོན་ཆ་མཆོག །མ་ཞུམ་སྙིང་སྟོབས་བསྐྱེད་པའི་རྒྱལ་སྲས་སྤྱོད། །སྙན་པའི་གྲགས་པ་ཕྱོགས་བཅུར་སྒྲོག་པའི་གཞི། །དེ་ལྟར་ཤེས་ནས་ལུས་དང་ལོངས་སྤྱོད་དགེ །ཡོངས་སུ་གཏོང་བའི་ལམ་བཟང་མཁས་པས་བསྟེན། །རྗེ་བཙུན་བླ་མས་ཉམས་ལེན་དེ་ལྟར་མཛད། །ཐར་འདོད་བདག་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །ཚུལ་ཁྲིམས་ཉེས་སྤྱོད་དྲི་མ་འཁྲུད་པའི་ཆུ། །ཉོན་མོངས་ཚ་གདུང་སེལ་བའི་ཟླ་བའི་འོད། །སྐྱེ་རྒུའི་དབུས་ན་ལྷུན་པོ་ལྟ་བུར་བརྗིད། །སྟོབས་ཀྱིས་བསྡིགས་པ་མེད་པར་འགྲོ་ཀུན་འདུད། །དེ་ལྟར་ཤེས་ནས་ཡང་དག་བླངས་པའི་ཁྲིམས། །དམ་པ་རྣམས་ཀྱིས་མིག་བཞིན་བསྲུང་བར་མཛད། །རྗེ་བཙུན་བླ་མས་ཉམས་ལེན་དེ་ལྟར་མཛད། །ཐར་འདོད་བདག་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །བཟོད་པ་སྟོབས་ལྡན་རྣམས་ལ་རྒྱན་གྱི་མཆོག །ཉོན་མོངས་གདུང་བའི་དཀའ་ཐུབ་ཀུན་གྱི་ཕུལ། །ཞེ་སྡང་ལག་འགྲོའི་དགྲ་ལ་ནམ་མཁའ་ལྡིང༌། །ཚིག་རྩུབ་མཚོན་ལ་སྲ་བའི་གོ་ཆ་ཡིན། །དེ་ལྟར་ཤེས་ནས་བཟོད་མཆོག་གོ་ཆ་ལ། །རྣམ་པ་སྣ་ཚོགས་ཚུལ་གྱིས་གོམས་པར་མཛད། །རྗེ་བཙུན་བླ་མས་ཉམས་ལེན་དེ་ལྟར་མཛད། །ཐར་འདོད་བདག་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །མི་བཟློག་བརྟན་པའི་བརྩོན་འགྲུས་གོ་བགོས་ན། །ལུང་རྟོགས་ཡོན་ཏན་ཡར་ངོའི་ཟླ་བཞིན་འཕེལ། །སྤྱོད་ལམ་ཐམས་ཅད་དོན་དང་ལྡན་པར་འགྱུར། །གང་བརྩམས་ལས་ཀྱི་མཐའ་རྣམས་ཡིད་བཞིན་འགྲུབ། །དེ་ལྟར་ཤེས་ནས་ལེ་ལོ་ཀུན་སེལ་བའི། །རླབས་ཆེན་བརྩོན་འགྲུས་རྒྱལ་སྲས་རྣམས་ཀྱིས་བརྩམས། །རྗེ་བཙུན་བླ་མས་ཉམས་ལེན་དེ་ལྟར་མཛད། །ཐར་འདོད་བདག་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །བསམ་གཏན་སེམས་ལ་དབང་བསྒྱུར་རྒྱལ་པོ་སྟེ། །བཞག་ན་གཡོ་མེད་རི་ཡི་དབང་པོ་བཞིན། །བཏང་ན་དགེ་བའི་དམིགས་པ་ཀུན་ལ་འཇུག །ལུས་སེམས་ལས་སུ་རུང་བའི་བདེ་ཆེན་འདྲེན། །དེ་ལྟར་ཤེས་ནས་རྣལ་འབྱོར་དབང་པོ་རྣམས། །རྣམ་གཡེང་དགྲ་འཇོམས་ཏིང་འཛིན་རྒྱུན་དུ་བསྟེན། །རྗེ་བཙུན་བླ་མས་ཉམས་ལེན་དེ་ལྟར་མཛད། །ཐར་འདོད་བདག་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །ཤེས་རབ་ཟབ་མོའི་དེ་ཉིད་ལྟ་བའི་མིག །སྲིད་པའི་རྩ་བ་དྲུངས་ནས་འབྱིན་པའི་ལམ། །གསུང་རབ་ཀུན་ལས་བསྔགས་པའི་ཡོན་ཏན་གཏེར། །གཏི་མུག་མུན་སེལ་སྒྲོན་མེ་མཆོག་ཏུ་གྲགས། །དེ་ལྟར་ཤེས་ནས་ཐར་འདོད་མཁས་པ་ཡི། །ལམ་དེ་འབད་པ་དུ་མས་བསྐྱེད་པར་མཛད། །རྗེ་བཙུན་བླ་མས་ཉམས་ལེན་དེ་ལྟར་མཛད། །ཐར་འདོད་བདག་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །རྩེ་གཅིག་བསམ་གཏན་ཙམ་ལ་འཁོར་བ་ཡི། །རྩ་བ་གཅོད་པའི་ནུས་པ་མ་མཐོང་ཞིང༌། །ཞི་གནས་ལམ་དང་བྲལ་བའི་ཤེས་རབ་ཀྱིས། །ཇི་ཙམ་དཔྱད་ཀྱང་ཉོན་མོངས་མི་ལྡོག་པས། །ཡིན་ལུགས་ཕུ་ཐག་ཆོད་པའི་ཤེས་རབ་དེ། །གཡོ་མེད་ཞི་གནས་རྟ་ལ་བསྐྱོན་ནས་ནི། །མཐའ་བྲལ་དབུ་མའི་རིགས་པའི་མཚོན་རྣོན་གྱིས། །མཐར་འཛིན་དམིགས་གཏད་ཐམས་ཅད་འཇིག་བྱེད་པའི། །ཚུལ་བཞིན་དཔྱོད་པའི་ཡངས་པའི་ཤེས་རབ་ཀྱིས། །དེ་ཉིད་རྟོགས་པའི་བློ་གྲོས་རྒྱས་པར་མཛད། །རྗེ་བཙུན་བླ་མས་ཉམས་ལེན་དེ་ལྟར་མཛད། །ཐར་འདོད་བདག་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །རྩེ་གཅིག་གོམས་པས་ཏིང་འཛིན་འགྲུབ་པ་ནི། །སྨོས་པར་ཅི་འཚལ་ཚུལ་བཞིན་དཔྱོད་པ་ཡི། །སོ་སོར་རྟོག་པ་ཡིས་ཀྱང་ཡིན་ལུགས་ལ། །གཡོ་མེད་ཤིན་ཏུ་བརྟན་པར་གནས་པ་ཡི། །ཏིང་འཛིན་བསྐྱེད་པར་མཐོང་ནས་ཞི་ལྷག་གཉིས། །ཟུང་འབྲེལ་སྒྲུབ་ལ་བརྩོན་རྣམས་ཡ་མཚན་ནོ། །རྗེ་བཙུན་བླ་མས་ཉམས་ལེན་དེ་ལྟར་མཛད། །ཐར་འདོད་བདག་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །མཉམ་གཞག་ནམ་མཁའ་ལྟ་བུའི་སྟོང་ཉིད་དང༌། །རྗེས་ཐོབ་སྒྱུ་མ་ལྟ་བུའི་སྟོང་བ་གཉིས། །བསྒོམས་ནས་ཐབས་ཤེས་ཟུང་དུ་འབྲེལ་བ་ཡིས། །རྒྱལ་སྲས་སྤྱོད་པའི་ཕ་རོལ་འགྲོ་བ་བསྔགས། །དེ་ལྟར་རྟོགས་ནས་ཕྱོགས་རེའི་ལམ་གྱིས་ནི། །ཚིམ་པ་མེད་པར་སྐལ་བཟང་རྣམས་ཀྱི་ལུགས། །རྗེ་བཙུན་བླ་མས་ཉམས་ལེན་དེ་ལྟར་མཛད། །ཐར་འདོད་བདག་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །དེ་ལྟར་རྒྱུ་དང་འབྲས་བུའི་ཐེག་ཆེན་གྱི། །ལམ་མཆོག་གཉིས་ཀར་དགོས་པའི་ཐུན་མོང་ལམ། །ཇི་བཞིན་བསྐྱེད་ནས་མཁས་པའི་དེད་དཔོན་གྱི། །མགོན་ལ་བརྟེན་ནས་རྒྱུད་སྡེའི་རྒྱ་མཚོ་ཆེར། །ཞུགས་ནས་ཡོངས་རྫོགས་མན་ངག་བསྟེན་པ་དེས། །དལ་འབྱོར་ཐོབ་པ་དོན་དང་ལྡན་པར་བྱས། །རྗེ་བཙུན་བླ་མས་ཉམས་ལེན་དེ་ལྟར་མཛད། །ཐར་འདོད་བདག་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །རང་གི་ཡིད་ལ་གོམས་པར་བྱ་ཕྱིར་དང༌། །སྐལ་བཟང་གཞན་ལའང་ཕན་པར་བྱ་བའི་ཕྱིར། །རྒྱལ་བ་དགྱེས་པའི་ཡོངས་སུ་རྫོགས་པའི་ལམ། །གོ་སླའི་ངག་གིས་བཤད་པའི་དགེ་བ་དེས། །འགྲོ་བ་ཀུན་ཀྱང་རྣམ་དག་ལམ་བཟང་དང༌། །འབྲལ་མེད་གྱུར་ཅིག་ཅེས་ནི་སྨོན་ལམ་འདེབས། །རྗེ་བཙུན་བླ་མས་སྨོན་ལམ་དེ་ལྟར་བཏབ། །ཐར་འདོད་བདག་ཀྱང་དེ་བཞིན་འདེབས་འཚལ་ལོ། །སྟོན་པ་བླ་ན་མེད་པའི་བསྟན་པ་དང། །མཇལ་བ་འདི་འདྲ་བླ་མའི་དྲིན་ཡིན་པས། །དགེ་བ་འདི་ཡང་འགྲོ་བ་མ་ལུས་པ། །བཤེས་གཉེན་དམ་པས་འཛིན་པའི་རྒྱུ་རུ་བསྔོ། །ཞེས་པ་འདི་ནི་རྗེ་ཙོང་ཁ་བ་བློ་བཟང་གྲགས་པས་མཛད་པའོ། །
ཡོན་ཏན་གཞིར་གྱུར་མ་བཞུགས་སོ།།
༄༅། །ཡོན་ཏན་ཀུན་གྱི་གཞིར་གྱུར་དྲིན་ཅན་རྗེ། །ཚུལ་བཞིན་ བསྟེན་པ་ལམ་གྱི་རྩ་བ་རུ། །ལེགས་པར་མཐོང་ནས་འབད་པ་དུ་མ་ ཡིས། །གུས་པ་ཆེན་པོས་བསྟེན་པར་བྱིན་གྱིས་རློབས། །ལན་ཅིག་རྙེད་པའི་དལ་བའི་རྟེན་བཟང་འདི། །ཤིན་ཏུ་རྙེད་དཀའ་དོན་ཆེ་ཤེས་གྱུར་ནས། །ཉིན་མཚན་ཀུན་ཏུ་སྙིང་བོ་ལེན་པའི་བློ། །རྒྱུན་ཆད་མེད་པར་སྐྱེ་བར་བྱིན་གྱིས་རློབས། །ལུས་སྲོག་གཡོ་བ་ཆུ་ཡི་ཆུ་བུར་བཞིན། །མྱུར་དུ་འཇིག་པས་འཆི་བ་དྲན་པ་དང་། །ཤི་བའི་རྗེས་སུ་ལུས་དང་གྲིབ་མ་ བཞིན། །དཀར་ནག་ལས་འབྲས་ཕྱི་བཞིན་འབྲང་བ་ལ། །ངེས་པ་བརྟན་པོ་རྙེད་ནས་ཉེས་པའི་ཚོགས། །ཕྲ་ཞིང་ཕྲ་བ་རྣམས་ཀྱང་སྤོང་བ་ དང་། །དགེ་ཚོགས་མཐའ་དག་སྒྲུབ་པར་བྱེད་པ་ལ། །རྟག་ཏུ་བག་ དང་ལྡན་པར་བྱིན་གྱིས་རློབས། །སྤྱད་པས་མི་ངོམས་སྡུག་བསྔལ་ཀུན་གྱི་སྒོ། །ཡིད་བརྟན་མི་རུང་སྲིད་པའི་ཕུན་ཚོགས་ཀྱི། །ཉེས་དམིགས་ རིག་ནས་ཐར་བའི་བདེ་བ་ལ། །དོན་གཉེར་ཆེན་པོ་སྐྱེ་བར་བྱིན་གྱིས་ རློབས། །རྣམ་དག་བསམ་པ་དེ་ཡིས་དྲངས་པ་ཡི། །དྲན་དང་ཤེས་ བཞིན་བག་ཡོད་ཆེན་པོ་ཡིས། །བསྟན་པའི་རྩ་བ་སོ་སོར་ཐར་བ་ལ། ། སྒྲུབ་པ་སྙིང་བོར་བྱེད་པར་བྱིན་གྱིས་རློབས། །རང་ཉིད་སྲིད་མཚོར་ ལྷུང་བ་ཇི་བཞིན་དུ། །མར་གྱུར་འགྲོ་བ་ཀུན་ཀྱང་དེ་འདྲ་བར། །མཐོང་ནས་འགྲོ་བ་སྒྲོལ་བའི་ཁུར་འཁྱེར་བའི། །བྱང་ཆུབ་སེམས་མཆོག་ འབྱོངས་པར་བྱིན་གྱིས་རློབས། །སེམས་ཙམ་བསྐྱེད་ཀྱང་ཚུལ་ཁྲིམས་ རྣམ་གསུམ་ལ། །གོམས་པ་མེད་ན་བྱང་ཆུབ་མི་འགྲུབ་པར། །ལེགས་ པར་མཐོང་ནས་རྒྱལ་སྲས་སྡོམ་པ་ལ། །བརྩོན་པ་དྲག་པོས་སློབ་པར་ བྱིན་གྱིས་རློབས། །ལོག་པའི་ཡུལ་ལ་གཡེངས་པ་ཞི་བྱེད་ཀྱང་། །ཡང་ དག་དོན་ལ་ཚུལ་བཞིན་དཔྱོད་པ་ཡི། །ཞི་གནས་ལྷག་མཐོང་ཟུང་དུ་ འབྲེལ་བའི་ལམ། །མྱུར་དུ་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །ཐུན་མོང་ལམ་སྦྱངས་སྣོད་དུ་གྱུར་པ་ན། །ཐེག་པ་ཀུན་གྱི་མཆོག་གྱུར་རྡོ་རྗེ་ཐེག །སྐལ་བཟང་སྐྱེ་བོའི་འཇུག་ངོགས་དམ་པ་དེར། །བདེ་བླག་ཉིད་དུ་ འཇུག་པར་བྱིན་གྱིས་རློབས། །དེ་ཚེ་དངོས་གྲུབ་རྣམ་གཉིས་སྒྲུབ་པའི་གཞི། །རྣམ་དག་དམ་ཚིག་སྡོམ་པར་གསུངས་པ་ལ། །བཅོས་མ་མིན་ པའི་ངེས་པ་རྙེད་གྱུར་ནས། །སྲོག་དང་བསྡོས་ཏེ་སྲུང་བར་བྱིན་གྱིས་ རློབས། །དེ་ནས་རྒྱུད་སྡེའི་སྙིང་བོ་རིམ་གཉིས་ཀྱི། །གནད་རྣམས་ཇི་བཞིན་རྟོགས་ནས་བརྩོན་པ་ཡིས། །ཐུན་བཞིའི་རྣལ་འབྱོར་སྤྱོད་ལས་མི་གཡེལ་བར། །དམ་པའི་གསུང་བཞིན་སྒྲུབ་པར་བྱིན་གྱིས་རློབས། ། དེ་ལྟར་ལམ་བཟང་སྟོན་པའི་བཤེས་གཉེན་དང་། །ཚུལ་བཞིན་སྒྲུབ་ པའི་གྲོགས་རྣམས་ཞབས་བརྟན་ཅིང་། །ཕྱི་དང་ནང་གི་བར་དུ་གཅོད་པའི་ཚོགས། །ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་ མྱུར་ཐོབ་ཤོག །ཅེས་པ་འདི་ནི་རྗེ་ཙོང་ཁ་བ་བློ་བཟང་གྲགས་པས་མཛད་པའོ། །
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn