ཛམ་བྷ་ལའི་ཆུ་སྦྱིན།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-07-29 20:55:59         ཀློག་ཐེངས།  

༄༅། །ཛམ་བྷ་ལའི་ཆུ་སྦྱིན་གཏོང་བར་འདོད་ན། རིན་པོ་ཆེའི་སྣོད་དུ་སྐུ་གཟུགས་བཞག་པའམ།བསམས་ཀྱང་རུང་། སྟོང་པའི་ངང་ལས་པཾ་ལས་པངྨ་དང་། ཨ་ལས་ཟླ་བའི་སྟེང་དུ། ཛཾ་ལས་ཛམ་བྷ་ལ་སེར་པོ་ཞལ་གཅིག་ཕྱག་གཉིས་པ། ཨུཏྥལའི་ཕྲེང་བ་ཅན། ཞབས་དག་གིས་དུང་དང་། པད་མའི་གདོང་གི་གཏེར་བདག་མནན་ཅིང་། ཕྱག་གཡས་ཀྱིས་བི་ཛ་པུ་ར་ཀ་དང་། གཡོན་ནེའུ་ལེ་བསྣམས་པ། དར་དང་རིན་པོ་ཆེས་བརྒྱན་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུཾ། དེའི་འོད་ཟེར་གྱིས་ཡེ་ཤེས་པ་སྤྱན་དྲངས། 

  ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་གྱུར། ཡང་ཧཱུཾ་གི་འོད་ཟེར་གྱིས་རིགས་ལྔ་སྤྱན་དྲངས། ཨརྒྷཾ། པཱདྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་ཏྱཱ། ཤཔྟ་པྲ་ཏི་ཙྪ་ཧཱུཾ་སྭཱཧཱ། སོགས་པས་མཆོད།  དེ་བཞིན་གཤེགས་པ་ཐམས་ཅད་གྱིས་འདི་ལ་མངོན་པར་དབང་བསྐུར་དུ་གསོལ། 

ཞེས་གསོལ་བ་བཏབ་པས། བདུད་རྩིའི་ཆུས་དབང་བསྐུར།  དྲི་མ་དག  ཆུ་ལྷག་མ་ཡར་ལུད་པས། རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན་པར་གྱུར་པ་ལ། ཛམ་བྷ་ལ་ས་པ་རི་ཝཱ་ར་ཨརྒྷཾ།  པཱདྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་ཏྱཱ། ཤཔྟ་པྲ་ཏི་ཙྪ་ཧཱུཾ་སྭཱཧཱ། སོགས་ཀྱིས་མཆོད། 

ལག་མཐིལ་དུ་ཟླ་བའི་དཀྱིལ་འཁོར་ལ། བྷྲཾ། ཨཾ། ཛྲིཾ། ཁཾ། ཧཱུཾ་ལས་བྱུང་བའི་དེ་བཞིན་གཤེགས་པ་ལྔ་ཡེ་ཤེས་ཀྱི་བདུད་རྩིར་ཞུ་བ་དང་ལྷན་ཅིག་འདྲེས་པའི་ཆུ་རྒྱུན་མཛུབ་མོ་བརྐྱང་པ་ལས་བབས་པ་དེ། དབུ་ལ་དབུལ་བར་བསམས་ལ། 

ཨོཾ་ཛམ་བྷ་ལ་ཛ་ལེན་དྲཱ་ཡེ་སྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་སོགས་གྱིས་ཕུལ་ ནས། གཏོར་མ་ཨོཾ་ཨཱཿཧཱུཾ་གིས་བདུད་རྩིར་བྱིན་གྱིས་བརླབ།

ཨོཾ་ཛམ་བྷ་ལ་ཛ་ལེན་དྲཱ་ཡེ་ཨི་ དཾ་བ་ལིཾ་ཏ་ཁ་ཁ་ཁཱཧི་ཁཱ་ཧི། ཞེས་དང་། ཨོཾ་ཛ་མ་བྷ་ལ་ས་པ་རི་ཝཱ་ར་ཨརྒྷཾ། པཱདྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་ཏྱཱ། ཤཔྟ་པྲ་ཏི་ཙྪ་ཧཱུཾ་སྭཱཧཱ།

 ནོར་གྱི་དབང་ཕྱུག་རིན་ཆེན་གཏེར་མངའ་ཞིང་། །གནོད་སྦྱིན་ནོར་འཆང་མང་པོ་ཀུན་ གྱི་རྗེ། །བྱང་ཕྱོགས་སྐྱོང་བའི་མགོན་པོ་ཛམ་བྷ་ལ། །དངོས་གྲུབ་མཆོག་སྩོལ་མཛད་ལ་ཕྱག་འཚལ་ལོ། ། ཞེས་པས་བསྟོད། སེར་སྣའི་ལས་ཀྱི་མེ་ཡིས་གདུངས་པ་རྣམས། སྐྱེ་དང་སྐྱེ་བར་ཁྱེད་ལ་སྐྱབས་སུ་མཆི། །རིན་ཆེན་བདུད་རྩིའི་  གཏེར་གྱི་ཆར་རྒྱུན་གྱིས། །སེམས་ཅན་དབུལ་བའི་སྡུག་བསྔལ་ཞི་བར་    མཛོད། །ཅེས་སོགས་གསོལ་བ་གདབ་བོ། །

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།