སྨན་བྱིན་རླབས་བྱ་ཚུལ་བདུད་རྩིའི་ཐིགས་པ་ཞེས་བྱ་བ་བཞུགས་སོ།།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-05-18 06:48:57     རྩོམ་པ་པོ།   གུང་ཐང་བསྟན་པའི་སྒྲོན་མེ    ཀློག་ཐེངས།  

བདུད་རྩིའི་ཟེར་གྱི་སྣང་བ་འབུམ་འགྱེད་པས།། ལས་ཉོན་སྡུག་བསྔལ་ཚ་གདུང་འཕྲོག་བྱེད་ཅིང།། ཕན་བདེའི་ཀུ་མུད་རྒྱས་མཛད་བླ་མ་དང་།། དབྱེར་མེད་སྨན་གྱི་བླ་ལ་ཕྱག་བགྱིས་ཏེ།། བཟང་པོའི་སྨན་སྦྱོར་བདེ་འབྱུང་རལ་པའི་བཅུད།། མཆོག་གསུམ་བྱིན་རླབས་ཛ་ཧཱུའི་ཞལ་སྒོ་ལས།། ཉེ་བར་དྲངས་ཏེ་ལུས་ཅན་བྲོ་ནད་ཀྱི།། དྲི་མ་འཁྲུད་པའི་ཆོ་ག་དེང་འདིར་སྤེལ།།

དེའང་སྨན་བྱིན་རླབས་ཇི་ལྟར་བྱ་བའི་ཚུལ་ནི། བཤད་རྒྱུད་ཀྱི་ལེའུ་སོ་གཅིག་པ་གསོ་བ་པོ་སྨན་པའི་ལེའུར་རྒྱུ་དང་ངོ་བོ་སོགས་དོན་ཚན་དྲུག་དང་རྒྱུ་ལའང་ནང་གསེས་ཀྱི་ཁྱད་པར་དྲུག་ཏུ་བྱས་པའི་གསུམ་པ་དམ་ཚིག་དང་ལྡན་པའི་དོན་ལ་བློ་བཞག་དྲུག ། བཟུང་བྱ་གཉིས། ཤེས་བྱ་གསུམ་ཞེས་འབྱུང་བའི་ཕྱི་མ་གསུམ་གྱིས་སྨན་བྱིན་རླབས་བྱེད་ཚུལ་གསུངས་པ་ཡིན་ཏེ། རྒྱུད་ལས། གསུམ་པ་སྨན་རྣམས་ནོར་བུ་བདུད་རྩི་དང་།། མཆོད་རྫས་ཤེས་པར་བྱ་བ་གསུམ་ཡིན་ཏེ།། ཞེས་སྨན་ནོར་བུར་ཤེས་པར་བྱ་བ། སྨན་བདུད་རྩིར་ཤེས་པར་བྱ་བ། སྨན་མཆོད་རྫས་སུ་ཤེས་པར་བྱ་བ་གསུམ་དུ་བྱས་ནས་གསུངས་སོ།། དེ་གསུམ་གྱི་ནང་ནས་ཀྱང་བྱིན་རླབས་དངོས་གཞི་ནི་སྨན་བདུད་རྩིར་ཤེས་པར་བྱ་བ་དེ་ཡིན་ཀྱང་བདུད་རྩིར་བྱིན་གྱིས་བརླབས་པའི་ཆོ་ག་ཙམ་གྱིས་གོ་མི་ཆོད་པར་སྨན་སྦྱོར་ཆ་ཚང་བ་ནན་ཏན་ཆེན་པོས་རྩོལ་སྒྲུབ་ཀྱིས་གཞུང་ནས་བཤད་པ་བཞིན་འཛོམ་ངེས་སུ་བྱ་དགོས་པས། དང་པོར་སྨན་ནོར་བུར་ཤེས་པར་བྱ་བ་འདིས་སྦྱོར་བ་བསྟན་པ་ཡིན་ཏེ། དང་པོ་རིན་པོ་ཆེ་དེ་བཙལ་ལ་བཅངས། ཞེས་རྒྱ་མཚོ་ནས་ནོར་བུ་ལེན་པའི་ཚེ་རྒྱུ་དང་ཚེགས་ལ་མི་བལྟ་བར་བརྩོན་པ་བཞིན་སྨན་སྡེ་ཚན་ཐམས་ཅད་ཚང་ངེས་སུ་བཙལ་བ་གལ་ཆེ་ཡི། རིན་ཐང་གང་ཆུང་བའི་སྨན་སྣ་ཁ་ཤས་རེ་ཙམ་བཙལ་ནས་ཚ་བསིལ་ཕྱོགས་ཕྱེད་ཙམ་གྱི་སྦྱོར་བ་བྱེད་པ་ནི་རང་གཞན་གཉི་ག་སླུ་བྱེད་ཡིན་པས། སྨན་མཐའ་དག་རོ་ནུས་ཞུ་རྗེས་ཀྱི་ཁྱད་པར། བྱང་ཟུར་གྱི་ལུགས་སོ་སོའི་ངོས་འཛིན་མ་འདྲེས་པ་རྣམས་སློབ་དཔོན་མཁས་པའི་ངག་རྒྱུན། སྨན་གྱི་འདྲ་དཔེ་ཁྱད་པར་མཐོང་བ་བརྒྱུད་པའི་ཕྱག་ལེན་ལ་བརྟེན་ནས་སོམ་ཉིའི་དྲ་བ་ཆོད་ངེས་སུ་གཏན་ལ་དབབ། སྔོ་སྨན་རྣམས་ཀྱང་སྐྱེ་གནས་མ་ཡིན་པ་དང་། དུས་ལས་ཡོལ་བ། རླན་དང་ཉི་ལྷགས་ཀྱིས་གདུངས་པས་རྩྭ་སྐྱ་ལྟ་བུར་གྱུར་པ་ནི་སྨན་དེའི་རྫས་ཙམ་ཡིན་ཀྱང་ནུས་པ་ཅི་ཡང་མེད་པས། གཞུང་ནས་བཤད་པ་ལྟར་གྱི་རང་རང་གི་སྐྱེ་གནས་དང་། རྩ་བ་དང་མེ་ཏོག་འབྲས་བུ་སོགས་གང་དགོས་ཀྱི་དུས་ཚོད་མ་འཛོལ་བ། སྔོ་ཆོལ་དང་གྲིབ་སྐམ་སོགས་ལག་ལེན་དུ་ཐེབས་ངེས་པ་དགོས་པས་ཡིད་བཞིན་གྱི་ནོར་བུ་ལྟར་གཅེས་སྤྲས་སུ་བྱ་བར་གསུངས་པ་ཡིན་ནོ།།

༈ དངོས་གཞི་བདུད་རྩིར་བྱིན་གྱིས་བརླབ་པ་ནི། བཅོམ་ལྡན་འདས་སྨན་བླའི་སྐུ་སོགས་སྐུ་གསུང་ཐུགས་ཀྱི་རྟེན་དང་སངས་རྒྱས་ཀྱི་རིང་བསྲེལ་སོགས་རྟེན་འགང་ཆེ་བ་རྣམས་ལེགས་པར་བཀྲམ་པའི་མདུན་དུ་མཆོད་པ་གཙང་མ་བཤམ། སྟེངས་བུ་མཐོན་པོ་རྟེན་ཁེབས་ཀྱིས་གཡོགས་པར་འབྲུ་དཀར་ལ་ལྷུང་བཟེད་དམ་རིན་པོ་ཆེ་སོགས་ཀྱི་སྣོད་གཙང་མར་དམན་ལྷག་ལོག་པའི་སྐྱོན་དང་བྲལ་བར་ཚུལ་བཞིན་དུ་སྦྱར་བའི་སྨན་རྣམས་བཞག ། སྐྱབས་སེམས་སྔོན་དུ་བཏང་ལ།རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་སྨན་གྱི་བླ་བཻ་ཌཱུརྱའི་འོད་ཀྱི་རྒྱལ་པོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་ཕྱག་གཡས་པ་མཆོག་སྦྱིན་གྱི་ཕྱག་རྒྱས་ཨ་རུ་ར་རྣམ་པར་རྒྱལ་བ་འཛིན་ཞིང་། གཡོན་མཉམ་གཞག་གི་སྟེང་ན་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས་པ། མཚན་དཔེས་སྤྲས་ཤིང་འོད་ཀྱི་དཀྱིལ་འཁོར་གྱི་དབུས་ན་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་སྤྱི་བོ་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུཾ་གིས་མཚན་པར་གྱུར། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་སྨན་གྱི་བླ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྡེ་བཞིའི་དྲང་སྲོང་རིག་པ་འཛིན་པ་རྣམས་དང་། བཀའ་སྲུང་གནོད་སྦྱིན་གྱི་སྡེ་དཔོན་ཞང་བློན་འཁོར་དང་བཅས་པ་སྤྱན་དྲངས། སྨན་རྣམས་བྱིན་གྱིས་རློབས་པའི་ཕྱིར་མཆོད་པའི་གནས་སུ་དགྱེས་བཞིན་བཞུགས་པར་གྱུར།མཆོད་པ་ཨ་མྲྀ་ཏས་བསངས།མཆོད་པ་རྣམས་ཕུལ་དུ་བྱུང་བའི་ལྷ་རྫས་སུ་གྱུར། ཨོཾ་ཨཱཿཧཱུཾ།ལན་གསུམ་གྱིས་བྱིན་གྱིས་བརླབ།གང་ལ་བརྟེན་ན་སྲིད་ཞིའི་གདུང་སེལ་བ།། བཅོམ་ལྡན་སྨན་པའི་རྒྱལ་པོ་འཁོར་བཅས་ལ།། ལྷ་རྫས་བཟང་པོའི་མཆོད་ཡོན་འདི་འབུལ་བས།། སྟོད་ཀྱི་ནད་རིགས་དག་པའི་མཆོག་སྦྱིན་མཛོད།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། གང་ལ་བརྟེན་ན་ནས།ཞབས་བསིལ་འདི་འབུལ་བས།། སྨད་ཀྱི་ནད་རིགས་དག་པའི་མཆོག་སྦྱིན་མཛོད།། པཱཏྱཾ་སོགས།གང་ལ་བརྟེན་ན་ནས།མེ་ཏོག་འདི་འབུལ་བས།། མགོ་དང་ཡན་ལག་ནད་སེལ་མཆོག་སྦྱིན་མཛོད།། པུཥྤེ་སོགས།གང་ལ་ནས།བདུག་སྤོས་འདི་འབུལ་བས།། སྣ་དང་མཚེར་བའི་ནད་སེལ་མཆོག་སྦྱིན་མཛོད།། དྷཱུ་པཾ་སོགས་གང་ལ་ནས།སྣང་གསལ་འདི་འབུལ་བས།། མིག་དང་མཆིན་པའི་ནད་སེལ་མཆོག་སྦྱིན་མཛོད།། ཨཱ་ལོ་ཀེ་སོགས།གང་ལ་ནས།དྲི་ཆབ་འདི་འབུལ་བས།། སྙིང་དང་ཡིད་ཀྱི་ནད་སེལ་མཆོག་སྦྱིན་མཛོད།། གནྔྷེ་སོགས།གང་ལ་ནས།ཞལ་ཟས་འདི་འབུལ་བས།། ལྕེ་དང་ལྟོ་བའི་ནད་སེལ་མཆོག་སྦྱིན་མཛོད།། ནཻ་ཝི་ཏྱ་སོགས།གང་ལ་ནས།སྒྲ་སྙན་འདི་འབུལ་བས།། སྐད་དང་མཁལ་མ་རྣ་བའི་ནད་སེལ་མཛོད།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཤཔྟ་པྲ་ཏཱིཙྪ་སྭཱཧཱ། འཚོ་མཛད་སྨན་པའི་རྒྱལ་པོ་བཅོམ་ལྡན་འདས།། དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ།། སྐུ་མདོག་མཐིང་ག་བཻ་ཌཱུརྻྻ་ཡི་འོད།། སྤྲུལ་བའི་སྐུ་ལ་མཚན་དང་དཔེ་བྱད་ལྡན།། རླུང་མཁྲིས་བད་ཀན་ནད་ཀྱིས་གདུངས་པ་ལ།། ནད་ཀྱི་གཉེན་པོ་ཕྱག་གཡས་ཨ་རུ་ར།། ཕྱག་གཡོན་བདུད་རྩིའི་ལྷུང་བཟེད་པར་བུ་བསྣམས།། བཻ་ཌཱུརྻྻ་ཡི་འོད་ལ་ཕྱག་འཚལ་ལོ།། རིག་པའི་གནས་མཆོག་བཅོ་བརྒྱད་ཐུགས་སུ་བཅུད།། ཚེ་ལ་དབང་བའི་བཅུད་ལེན་དངོས་གྲུབ་བརྙེས།། མངོན་ཤེས་སྙིང་རྗེས་འགྲོ་མཆོག་འདུ་བ་སྙོམས།། དྲང་སྲོང་རིག་འཛིན་རྣམས་ལ་ཕྱག་འཚལ་ལོ།། སྔོན་ཚེ་སྟོན་པའི་སྤྱན་སྔར་ཞལ་བཞེས་བཞིན།། འཚོ་བྱེད་རྣམས་ཀྱི་མགོན་དང་གྲོགས་མཛད་ཅིང།། ནད་རིམས་གདོན་བགེགས་ཉེར་འཚེ་ཀུན་སེལ་བ།། སྨན་གྱི་བཀའ་སྲུང་རྣམས་ལ་ཕྱག་འཚལ་ལོ།། རླུང་མཁྲིས་བད་ཀན་བཞི་བརྒྱ་རྩ་བཞིའི་ནད།། ཚེ་ལ་བར་དུ་གཅོད་པ་ཞི་བ་དང་།། གནོད་པའི་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་།། ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་ལ་སོགས་པ།། བསམ་པའི་བར་དུ་གཅོད་པ་ཞི་བར་མཛོད།།

ཅེས་གསོལ་བ་བཏབ་པས་སྐྱབས་ཡུལ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་དང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྣོད་བཅུད་ཀྱི་བཀྲག་མདངས། ལྷ་ཡུལ་དང་རྒྱ་མཚོ་ན་གནས་པའི་བདུད་རྩི། བཅུད་ལེན་གྱི་རྫས་ལ་སོགས་པ་ཐམས་ཅད་བསྡུས་ཏེ་ཐུགས་ཀའི་ས་བོན་སྔགས་འཕྲེང་དང་བཅས་པ་ལ་ཐིམ། དེ་ལས་འོད་དང་བདུད་རྩིའི་ཚོགས་དཔག་ཏུ་མེད་པ་བྱུང་སྟེ་ཐིམ་པས་སྨན་གྱི་སྣོད་རིན་པོ་ཆེ་ལས་གྲུབ་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་སྨན་རྣམས་ནད་རིགས་མཐའ་དག་སེལ་བར་ནུས་པའི་འཆི་མེད་ཚེའི་བདུད་རྩིའི་རང་བཞིན་དུ་གྱུར་པར་བསམས་ལ།ཨོཾ་ན་མོ་བྷ་ག་ཝ་ཏེ། བྷཻ་ཥ་ཛྱེ་གུ་རུ་བཻ་ཌཱུརྻྻ་པྲ་བྷ་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སཾ་མྱཀ་སཾ་བུདྡྷ་ཡ། ཏངྱ་ཐཱ། ཨོཾ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ། མཧཱ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ་རཱ་ཛ་ས་མུངྒ་ཏེ་སྭཱཧཱ།ཞེས་གཟུངས་རིང་བདུན་དང་།ཏངྱ་ཐཱ།མན་ཆད་སྙིང་པོ་ཅི་མང་བཟླ།མཇུག་ཏུ་ཡིག་བརྒྱས་ལྷག་ཆད་བསྐང།དེ་ནས།བཅོམ་ལྡན་འདས་སྨན་པའི་རྒྱལ་པོ་དྲང་སྲོང་གི་འཁོར་དང་བཅས་པ་རྣམས་ཀྱིས་མགྲིན་གཅིག་ཏུ་ཤིས་པ་བརྗོད་པར་བསམས་ལ། ལྷ་རྣམས་ཀྱི་ནི་བདུད་རྩི་ལྟ་བུ་དང་།། ཀླུ་རྣམས་ཀྱི་ནི་གཙུག་ནོར་ལྟ་བུ་དང་།། དྲང་སྲོང་རྣམས་ཀྱི་བཅུད་ལེན་ལྟ་བུར་ན།། ཁྱོད་ལ་སྨན་འདི་ཉེ་བར་གནས་གྱུར་ཅིག །ཅེས་རྒྱུད་རང་ལས་འབྱུང་བ་དང་།སྟོང་ཆེན་རབ་འཇོམས་ནས་གསུངས་པ།རྫོགས་སངས་རྣམ་པར་སངས་རྒྱས་ཚེ།། འཇིག་རྟེན་སྐྱོང་བས་ཕྱོགས་བཞི་ནས།། སྣོད་བཞི་དག་ནི་བླངས་ནས་སུ།། བདེ་བར་གཤེགས་ལ་ཕུལ་བ་དང་།། མཐུ་ཡིས་གཅིག་ཏུ་སྤྲུལ་མཛད་པ།། ལྷ་ཡི་སྣོད་མཆོག་དེ་དང་ན།། བདུད་རྩི་འདྲ་བའི་སྨན་གྱི་མཆོག ། སྟོན་པའི་ཕྱག་ན་བསྣམས་གྱུར་པ།། བདེན་པའི་ཚིག་ནི་དེ་དག་གིས།། སྨན་རྣམས་བདུད་རྩིར་འགྱུར་བར་ཤོག ། དེ་བཞིན་ལྷ་མོ་འཕྲོག་མ་ཡིས།། ལྷ་རྫས་དགེ་བ་ཨ་རུ་ར།། བླངས་ནས་སྟོན་པར་རབ་ཕུལ་བ།། བདུད་རྩི་འདྲ་བའི་སྨན་གྱི་མཆོག ། བདེན་པའི་ཚིག་ནི་དེ་དག་གིས།། ནད་པ་རྣམས་ཀྱི་ནད་སེལ་ཞིང།། ཉེས་པ་ཐམས་ཅད་འཕྲོག་བྱེད་པའ།། སྨན་རྣམས་བདུད་རྩིར་འགྱུར་བར་ཤོག ། སངས་རྒྱས་རྣམ་གཟིགས་གཟི་བརྗིད་དང་།། གཙུག་ཏོར་ཅན་གྱི་སྟོབས་རྣམས་དང་།། ཐམས་ཅད་སྐྱོབ་ཀྱི་བདེན་ཚིག་དང་།། ལོག་དད་སེལ་གྱི་ཏིང་འཛིན་དང་།། གསེར་ཞེས་བྱ་བའི་ཡེ་ཤེས་དང་།། འོད་སྲུངས་ཀྱི་ནི་རྫུ་འཕྲུལ་དང་།། ཤཱཀྱ་སེང་གེའི་མཐུ་རྣམས་ཀྱིས།། སྨན་རྣམས་བདུད་རྩིར་འགྱུར་བར་ཤོག །ཅེས་ཤིས་པ་བརྗོད་དེ་བྱིན་གྱིས་བརླབ་ཅིང་།ཐུགས་ཀའི་ས་བོན་སྔགས་འཕྲེང་དང་བཅས་པའང་འོད་དང་བདུད་རྩིའི་རང་བཞིན་དུ་ཞུ་ནས་སྨན་རྣམས་ལ་ཐིམ་པར་གྱུར་པར་བསམས་ལ་ཕུད་ལན་གསུམ་ནམ་མཁའ་ལ་གཏོར་ཏེ།བླ་མ་ཡི་དམ་རྒྱལ་བ་སྲས་བཅས་མཆོད།། དཔའ་བོ་མཁའ་འགྲོ་རིག་འཛིན་ཚོགས་རྣམས་མཆོད།། བཀའ་སྲུང་ཞང་བློན་སྡེ་དང་བཅས་པ་མཆོད།། དོན་གཉིས་ལྷུན་གྱིས་གྲུབ་པའི་བྱིན་ཕོབ་ཅིག །ཅེས་བརྗོད་ཅིང་རང་གི་ལྕེ་ཐོག་ཏུ་བཞག་ཅིང་དངོས་གྲུབ་བླངས་པས་རང་གི་ནད་གདོན་བར་ཆད་ཐམས་ཅད་བསལ་ཞིང་འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བསམས།འདི་ནི་རྒྱུད་ལས།བདུན་བཟླས་བདུད་རྩིར་བསམ་སྟེ་རིག་འཛིན་མཆོད།། དངོས་གྲུབ་བླངས་པས་རང་གི་ནད་གདོན་བསལ།། ཞེས་གོང་དུ་ཤེས་པར་བྱ་བ་གསུམ་དུ་གསུངས་པའི་ཕྱི་མ་མཆོད་རྫས་སུ་ཤེས་པར་བྱ་ཚུལ་ཡིན་ལ། འདི་ནི་དངོས་གཞི་བདུད་རྩིར་བྱིན་གྱིས་བརླབས་པ་དེ་ཉིད་བོགས་དབྱུང་བའི་རྗེས་ཀྱི་བྱ་བ་ཁྱད་པར་ཅན་ཡིན་ཏེ། རྫས་དེ་དཀོན་མཆོག་གི་མཆོད་པར་བྱས་པ་ན། འདི་ལ་རོ་མི་ཞིམ་པ་རོ་མཆོག་སྣང་།། ཞེས་རྒྱན་ལས་གསུངས་པ་ལྟར་དེ་དག་གི་ཚོགས་གཉིས་རླབས་པོ་ཆེའི་མཐུས་དངོས་པོ་ལའང་བདུད་རྩིར་འགྱུར་བ་དང་། ཐོག་མར་དཀོན་མཆོག་མཆོད་པས་བསོད་ནམས་འཕེལ་ཞིང་རང་གཞན་གྱི་ནད་གདོན་བར་ཆད་ཐམས་ཅད་མྱུར་དུ་ཞི་ནས་བདེ་སྐྱིད་ཕུན་སུམ་ཚོགས་པར་འགྱུར་བ་སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས། འཇིག་རྟེན་དག་ན་བདེ་ཞིང་སྐྱིད་པ།། དེ་ཀུན་དཀོན་མཆོག་མཆོད་ལས་བྱུང་བས།། ཞེས་གསུངས་པ་ལྟར་ཡིན། དེར་མ་ཟད་དཀོན་མཆོག་ལ་ཕུལ་བའི་ལྷག་མར་བྱས་པ་ན་དེའི་བྱིན་རླབས་ཀྱི་སྟོབས་ཀྱིས་སྡིག་པ་ཚན་པོ་ཆེའང་མྱུར་དུ་བྱང་ནུས་ན། ནད་གདོན་ཕྲ་མོ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་བཞིན་གཤེགས་པའི་ལྷག་མ་འདི།། སྡིག་པ་རྣམ་པར་ཟད་བྱེད་ཡིན།། ཞེས་རྒྱུད་སྡེ་ལས་གསུངས་པ་བཞིན་ནོ།། དེ་ལྟར་ལྷན་ཅིག་བྱེད་པའི་རྐྱེན་མཆོག་གསུམ་ཐུགས་རྗེས་བྱིན་གྱིས་རློབས་པ་དང་། ནང་གི་ཉེར་ལེན་གོང་དུ། རྒྱུ་ནི་བློ་ལྡན་བསམ་པ་དཀར་བ་དང་།། ཞེས་སོགས་ལྟར་གསོ་བ་རིག་པའི་གནས་ཆ་ལག་དང་བཅས་པར་ཐོས་བསམ་གྱིས་སྒྲོ་འདོགས་བཅད་ཅིང་གོམས་འདྲིས་ཀྱིས་མྱོང་བྱང་ཆུབ་པར་བྱས་ལ། གཞན་ཕན་གྱི་ལྷག་བསམ་རྣམ་པར་དག་པས་ལག་ལེན་དུ་བཏབ་ན་དོན་གཉིས་ལྷུན་གྱིས་གྲུབ་པའི་དགའ་སྟོན་ལ་སྤྱོད་པར་འགྱུར་རོ།། འཚོ་མཛད་སྨན་པའི་རྒྱལ་པོའི་བྱིན་རླབས་དང་།། འཚོ་བྱེད་དྲང་སྲོང་ཚོགས་ཀྱི་བདེན་པའི་མཐུས།། རྣམ་མང་འགྲོ་བའི་ཉེར་འཚེ་ཀུན་ཞི་ཞིང་།། རྣམ་ཀུན་མཁྱེན་པའི་ས་ལ་འགོད་གྱུར་ཅིག །ཅེས་སྨན་བྱིན་རླབས་བྱ་ཚུལ་བདུད་རྩིའི་ཐིགས་པ་ཞེས་བྱ་བ་འདི་ནི་གསོ་རིག་སྨྲ་བ་དཀོན་མཆོག་ཡར་འཕེལ་གྱིས་བསྐུལ་ངོར། ༸བཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་འཕྲལ་དུ་སྦྱར་བའི་ཡི་གེ་པ་ནི་སྔགས་རམས་པ་རཏྣ་ཨཱ་ནནྟ་འོ།། །།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།