སྨན་བླ་བདེ་བར་གཤེགས་པ་བརྒྱད་ལ་སྟོང་མཆོད་འབུལ་ཚུལ་བཞུགས་སོ། །

    སྤེལ་དུས།  2021-09-09 16:22:48         ཀློག་ཐེངས།  

༄༅། །རྗེ་བཙུན་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སྨན་བླའི་སྟོང་མཆོད་བྱ་བར་འདོད་པས། རྟེན་དང་མཆོད་པ་རྣམས་མདོ་ཆོག་བཞིན་རྒྱས་པར་བཤམས་ལ། སྐྱབས་སེམས་སྔོན་དུ་འགྲོ་བས། མཆོག་བདེན་རྒྱལ་བ་སྲས་བཅས་བྱིན་རླབས་དང་། །ཞེས་པ་ནས། སྤྱན་འདྲེན་འདིར་གཤེགས་གདན་འཛོམ་བྱིན་རླབས་མཛོད། །ཞེས་པ་ནས།རྒྱལ་བའི་དགོངས་པ་ཇི་བཞིན་འཛིན་གྱུར་ཅིག །ཅེས་པའི་བར་གཞུང་བཞིན་བརྗོད། དེ་ནས་སླར་ཡང་།  བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་བོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ཞེས་སོགས་བདེ་བར་གཤེགས་པ་བརྒྱད་ཀྱི་མཚན་རེ་རེ་ནི་ལན་ཅི་ཙམ་རེ་འདོན་དགོས། སྒྲུབ་པ་པོའི་མང་ཉུང་བསྟུན་ནས་སྟོང་རེ་འགྲོ་ངེས་བྱེད་པ་རྒྱས་པར་བྱེད་པའི་ལུགས་དང་། བསྡུ་ན། མཚན་ལེགས་རིན་ཆེན་གསེར་བཟང་མྱ་ངན་མེད། །ཆོས་བསྒྲགས་མངོན་མཁྱེན་སྨན་བླ་ཤཱཀྱ་ཐུབ། །རྒྱ་ཆེན་སྨོན་ལམ་ཡོངས་སུ་རྫོགས་པ་ཡི། །བདེ་བར་གཤེགས་པ་བརྒྱད་ལ་ཕྱག་འཚལ་ལོ། །ཞེས་པ་སྟོང་འགྲོ་བར་བྱེད། ཡན་ཡག་བདུན་པ་ཡང་སྟོང་འགྲོ་དགོས་པས། རྒྱས་བསྡུས་གང་བྱས་ཀྱང་མཚན་བརྒྱ་རེ་ཙམ་སོང་བའི་མཚམས་སུ། དངོས་བཤམས་གཟུངས་རིགས་མོས་སྟོབས་ཀྱིས་སྤྲུལ་པའི། །མཆོད་ཡོན་ཞབས་བསིལ་གང་གཱའི་རྒྱུན་བཞིན་འབབ། །ཆུ་སྐྱེས་ཡལ་འདབ་ཟེའུ་འབྲུ་གཡུར་དུ་ཟ། །བདུག་སྤོས་དབྱར་སྐྱེས་སྤྲིན་བཞིན་ལང་ལོང་གཡོ། །སྣང་གསལ་སྒྲོན་མེའི་ཉི་ཟླའི་འོད་བཞིན་གསལ། །དྲི་ཞིམ་ངད་ལྡན་རྦ་རླབས་ཕྱོགས་བཅུར་གཡོ། །བཤོས་བཟང་འཆི་མེད་བདུད་རྩིའི་དཔལ་ལ་འཁུ། །གྲངས་མེད་རོལ་མོ་རྣ་བའི་གསོས་སུ་འཇེབས། །བདེ་བར་གཤེགས་པ་བརྒྱད་ཀྱི་ལྷ་ཚོགས་ལ། །གུས་པས་འབུལ་ལོ་དགྱེས་བཞིན་བཞེས་སུ་གསོལ། །ཡིད་འཕྲོག་གཟུགས་བསྒྱུར་སྙན་པའི་རོལ་མོའི་སྒྲ། །དྲི་ཞིམ་ངད་འཐུལ་རོ་མཆོག་ཕྱུར་བུར་སྤུངས། །འཇམ་མཉེན་རེག་བྱ་མཆོག་རྣམས་འབུལ་བྱེད་ན། །དགྱེས་བཞིན་བཞེས་ཏེ་བྱིན་གྱིས་བརླབ་ཏུ་གསོལ། །རྩིབས་སྟོང་འཁོར་ལོ་རིན་ཆེན་དབང་གི་རྒྱལ། །ཡིད་འོང་བཙུན་མོ་ཁྱིམ་བདག་རིན་པོ་ཆེ། །གཉིས་འཐུང་དབང་བོ་ཅང་ཤེས་རྟ་མཆོག་དཔལ། །བདུད་བཞིའི་གཡུལ་ལས་རྒྱལ་བའི་དམག་དཔོན་མཆོག །གདུགས་དང་རྒྱལ་མཚན་བ་དན་བླ་རེ་བྲེས། །ལྡ་ལྡི་རིན་ཆེན་བུམ་བཟང་ལྷ་རྫས་ཀྱི། །རྒྱན་གོས་ལ་སོགས་ཀུན་བཟང་མཆོད་པའི་སྤྲིན། །བདེ་བར་གཤེགས་པ་བརྒྱད་ཀྱི་ལྷ་ཚོགས་ལ། །གུས་པས་འབུལ་ལོ་དགྱེས་བཞིན་བཞེས་སུ་གསོལ། །རྒྱལ་བ་མགོན་པོ་དཔལ་གྱིས་ལྷམ་མེར་བཞུགས། །བསོད་ནམས་ཡེ་ཤེས་སྐུ་ལྔ་བརྙེས་པ་ལ། །ལྔ་ཕྲག་ལྔ་ལྡན་སྙིང་བོ་དམ་པ་འབུལ། །འགྲོ་བས་བདེ་གཤེགས་སྙིང་བོ་ཐོབ་པར་ཤོག །ཞེས་པས་མཆོད་པ་སོགས་ཡན་ལག་བདུན། སྒྲུབ་པ་པོའི་མང་ཉུང་བསྟུན་ནས་སྟོང་འགྲོ་བར་བྱ། དེ་ནས་གཟུངས་ཀྱང་སྟོང་འགྲོ་དགོས་པས། རྒྱས་པར་བྱེད་ན།ཏདྱ་ཐཱ། གྷུ་མེ་གྷུ་མེ། ཨི་མི། ནི་མི་ཧི། མ་ཏི་མ་ཏི། སཔྟ། ཏ་ཐཱ་ག་ཏ་ས་མཱ་དྷྱ་དྷི་ཥྛི་ཏེ། ཨ་ཏི་མ་ཏེ། པཱ་ལེ། པཱ་པྃ་ཤོ་དྷ་ནི། སརྦ་པཱ་པྃ་ནཱ་ཤ་ཡ། མ་མ་བུདྷེ། བུདྡྷོཏྟ་མེ། ཨུ་མེ། ཀུ་མེ། བུདྡྷ་ཀྵེ་ཏྲ་པ་རི་ཤོ་དྷ་ནི། དྷ་མེ། ནི་དྷ་མེ། མེ་རུ་མེ་རུ། མེ་རུ་ཤི་ཁ་རེ། སརྦ་ཨ་ཀཱ་ལ་མྲི་ཏྱུ་ནི་བཱ་ར་ཎི། བུདྡྷེ་སུ་བུ་དྡྷེ་བུདྡྷཱ་དྷིཥྛཱ་ན། རཀྵནྟུ་མེ། སརྦ་དེ་བ། ས་མེ་ཨ་ས་མེ་ས་མ་ནྭཱ་ཧ་རནྟུ་མེ། སརྦ་བུདྡྷ། བོ་དྷི་ས་ཏྭཱ་ནཱྃ། ཤ་མེ་ཤ་མེ། པྲ་ཤ་མནྟུ་མེ་སརྦ་ཨི་ཏྱུ་པ་དྲ་བ་བྱཱ་དྷ་ཡཿ པཱུ་ར་ཎི་པཱུ་ར་ཎི། པཱུ་ར་ཡ་མེ། སརྦ་ཨཱ་ཤཱ་ཡ་བཻ་དཱུརྱ་པྲ་ཏི་བྷཱ་སེ་སརྦ་པཱ་པཀྵ་ཡཾ་ཀ་རི་སྭཱ་ཧཱ།བཻ་དཱུརྱ་འོད་ཀྱི་གཟུངས་དང་།འབྲིང་དུ་བྱེད་ན་ཨོཾ་ན་མོ་བྷ་ག་ཝ་ཏེ། བྷཻ་ཥ་ཛྱེ་གུ་རུ་བཻ་ཌཱུརྱ་པྲ་བྷ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷཏེ་སམྱ་ཀྶཾ་བུངྔྷཱ་ཡ། ཏདྱ་ཐཱ། ཨོཾ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ། མ་ཧཱ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ་རཱ་ཛ་ས་མུངྒ་ཏེ་སྭཱ་ཧཱ།ཅེས་པ་སྟོང་ཚང་བར་བྱ།དེ་ནས།  འཇམ་དཔལ་སྐྱབས་གྲོལ་ཕྱག་ན་རྡོ་རྗེ་སོགས། །ཞེས་པ་ནས།རྟག་ཏུ་བསྲུང་སྐྱོབས་གཡེལ་བ་མེད་པར་མཛོད། །ཅེས་པའི་བར།བརྗོད་ཅིང་།ཕྱག་དང་སྐོར་བ་ཡང་སྟོང་རེ་འགྲོ་དགོས་པས།དེ་དག་གང་གི་བདེ་གཤེགས་བརྒྱད་ཀྱི་མཚན་གྲངས་གསོག་པ་དང་། གཟུངས་བཟླས་པའི་སྐབས་གང་རུང་བྱས་ནས་སྟོང་རེ་ལོང་བར་བྱ།སྟོང་གི་གྲངས་གསོག་རྒྱུའི་གཏོར་མ་ནི།འཇིག་རྟེན་ལས་འདས་ཀྱི་མགྲོན་མཐའ་དག་ལ་ཐུན་མོང་དུ་འབུལ་དགོས་པ་ཕྱག་ལེན་ཡིན། རིལ་བུ་སྟོང་བྱས་ཏེ་ཟངས་ལ་སོགས་པའི་སྣོད་གཙང་མ་གཅིག་ཏུ་གཏོར་སྤུངས་བྱེད་པའམ། སྣོད་བཅུར་རིལ་བུ་བཅུ་བླུགས་པ་ཆུ་དང་སྦྱར་ཏེ་བསངས་སྦྱངས་བྱིན་གྱིས་བརླབས་ལ། དུས་གསུམ་ཕྱོགས་བཅུར་བཞུགས་པ་ཡི། །འཇིག་རྟེན་འདས་དང་འཇིག་རྟེན་པའི་མགྲོན་རྣམས་མ་ལུས་མཆོད་སྦྱིན་གནས། །འདིར་གཤེགས་འདོད་པའི་གདན་ལ་བཞུགས། །ཞེས་སྤྱན་དྲངས། ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞེས་སོགས་ཀྱིས་ཕྱག་བྱ།ཨོ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད།ཨོ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱཿཎཱཾ་ཨ་དྱ་ནུད་པན་ན་ཏྭད།ཨོ་ཨཱཿཧཱུཾ།ཕཊ་་སྭཱ་ཧཱ།ཞེས་པས་བསྔོ། །

རིལ་བུ་བརྒྱ་རེ་ལྷན་ཅིག་ཏུ་བཤམས་ཚེ་མི་བཅུ་ཡོད་ན་སྔགས་ཚར་བཅུ་རེ་བསྔོ་ཞིང། དེའི་མཚམས་སུ། མཆོད་སྦྱིན་གཏོར་མ་དམ་པ་འདི། །འཕགས་པའི་ཚོགས་རྣམས་མཉེས་གྱུར་ཅིག།དམ་ཅན་ཐུགས་དམ་སྐོང་གྱུར་ཅིག །རིགས་དྲུག་འདོད་པ་ཚིམ་གྱུར་ནས། །ལན་ཆགས་བུ་ལོན་འཁྱེར་བ་དང་། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །ཅེས་བརྗོད། སླར་ཡང་རིལ་བུ་བརྒྱ་བཤམས་ཏེ། ཨོ་ཨཱཿཧཱུཾ།ལན་གསུམ་གྱིས་བྱིན་གྱིས་བརླབས་ཏེ། ཕྱག་བྱར་འོས་པ་ཐམས་ཅད་ལ། །མན་ཆད་སྔར་བཞིན་བྱའོ། །དེ་ནས་སླར་ཡང་།བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་དང་། །ཞེས་པ་ནས། འདིས་མཚོན་དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །མཚན་ལེགས་རིན་ཆེན་ཞེས་པ་ནས། བདེ་བར་གཤེགས་པ་བརྒྱད་ལ་ཕྱག་འཚལ་ལོ། །ཅེས་པའི་བར་གྱི་གཏང་རག་གི་མཆོད་བསྟོད་བྱ། མ་འབྱོར་བ་དང་མཉམ་པ་དང་། །ཅེས་སོགས་ཚིགས་བཅད་ལྔས་བཟོད་པར་གསོལ། རྟེན་ཡོད་ན་བརྟན་བཞུགས་དང་མེད་ན། ཁྱེད་ཀྱི་སེམས་ཅན་དོན་ཀུན་མཛོད། །ཅེས་སོགས་ཀྱིས་གཤེགས་གསོལ་བྱ།དེ་ནས་འཇམ་དཔལ་དཔའ་བོ་ཞེས་སོགས་དང་།རྒྱས་པར་བྱས་ན་བཟང་བོ་སྤྱོད་པ་དང་། ཐོག་མཐའ་བར་སོགས་ཀྱིས་བསྔོ་སྨོན་རྣམས་བྱའོ། །

ཅེས་པ་འདི་ནི་རི་ཁྲོད་པ་བཀའ་བཅུ་བྱམས་པས་ནན་གྱིས་བསྐུལ་ངོར༧དགེ་སློང་བློ་བཟང་བསྟན་འཛིན་རྒྱ་མཚོས་གཡར་ཁྲལ་ཙམ་དུ་བསྒྲུབས་པས་ཡི་གེ་པ་ནི་དགེ་སློང་མཆོག་གྲུབ་བོ། །

མ་འབྱོར་དང་ཉམས་པ་དང་། །གང་ཡང་བདག་བློ་རྨོངས་པ་ཡིས། །བགྱིས་པ་དང་ནི་བགྱིས་སྩལ་གང་། །དེ་ཡང་བཟོད་པར་མཛད་དུ་གསོལ། །དུས་ངན་སེམས་ཅན་བསོད་ནམས་དམན། །མ་རིག་ཉོན་མོངས་དང་འདྲེས་པ། །འཕགས་པའི་ཐུགས་དགོངས་མ་རྫོགས་པ། །དེ་ཡང་བཟོད་པས X། །སེར་སྣའི་དབང་གྱུར་མི་མཁས་པ། །མཆོད་པ་ངན་ཞིང་བཤམས་ཉེས་པ། །མགོན་པོ་ཐུགས་རྗེ་ཆེ་ལྡན་པས། །དེ་ཡང་X། །བག་མེད་སྤྱོད་པ་མ་དག་པས། །མདོ་ལས་བྱུང་བའི་ཆོ་ག་བཞིན། །མ་ལྕོགས་འཁྲུལ་བ་ཅི་མཆིས་པ། །དེ་ཡང X། །ལྷག་པ་དང་ནི XX X། །འདི་ནི་གཟུགས་དང XX X། །མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་བདག་ཅག་དང་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་ལགས་ཀྱིས་སོ་སོའི་ཞིང་ཁམས་རྫུ་འཕྲུལ་གྱིས་འཁོར་དང་བཅས་པ་གཤེགས་སུ་གསོལ་ལོ། །འཇམ་དཔལ་དཔའ་བོ་སོགས། །དགེ་བ་འདི་ཡི་སོགས།། འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །སོགས། རྨད་བྱུང་སྲས་བཅས་རྒྱལ་བའི་བྱིན་རླབས་དང་། །རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་དང་། །བདག་གི་ལྷག་བསམ་དག་པའི་མཐུ་སྟོབས་ཀྱིས། །རྣམ་དག་སྨོན་པའི་གནས་ཀུན་འགྲུབ་པར་ཤོག།

ཕུན་ཚོགས་ཕྱོགས་ཀྱི་འཁོར་ལོ་འཆི་མེད་ལམ། །ལེགས་པར་གང་བའི་སྨན་བླའི་ལྷ་ཡི་ཚོགས། །འགའ་ཞིག་ཆུ་སྐྱེས་སྣ་ཚོགས་ཆར་འབེབས་ཤིང་། །ལ་ལ་དགེ་ལེགས་སྩོལ་བའི་གླུ་དབྱངས་ལེན། །གཞན་དག་བདུད་བགེགས་འཇོམས་པའི་འཕྲིན་ལས་མཛད། །ཀུན་ཀྱང་ཁྱེད་ལ་སྐལ་བཟང་མཆོག་སྟེར་བར། །ཡོངས་ཤེས་གྱིས་ལ་རབ་དགའ་སྐྱེད་ཅིག་དང་། །ཤིས་བརྗོད་གདངས་སྙན་བདག་གིས་བསྒྲགས་པར་བྱ། །གང་གིས་ཞབས་སེན་ནོར་བུས་འོད་དཀར་ཅན། །སྤྱི་བོར་རེག་པའི་སྐལ་བཟང་ཀུ་མུ་ཏ། །བཞད་པའི་དཔལ་སྟེར་ལྷ་མིའི་སྟོན་པ་མཆོག །ཐུབ་དབང་སྨྲ་བའི་ཟླ་བ་ལ་ཕྱག་འཚལ། །འཇམ་པའི་དབྱངས་དང་མཁན་ཆེན་ཞི་བ་འཚོ། །ཁྲི་སྲོང་ལྡེ་བཙན་ཇོ་བོ་ཡབ་སྲས་དང་། །རྒྱལ་བ་གཉིས་པ་བློ་བཟང་གྲགས་པ་སོགས། །རྩ་བ་བརྒྱུད་པའི་བླ་མ་མཆོག་རྣམས་ལ། །ལེགས་ཚོགས་ཇི་སྙེད་མཆིས་པའི་བཀྲ་ཤིས་དེས། །ཁྱེད་ཀྱི་མི་མཐུན་རྒུད་པ་ཀུན་ཟད་ཅིང་། །ཕདི་ལེགས་ཡར་ངོའིཟླ་ལྟར་འཕེལ་གྱུར་ནས། །ཕུན་ཚོགས་དཔལ་ལ་རོལ་བའི་བཀྲ་ཤིས་ཤོག །རྒྱལ་བའི་ཉི་མ་གཞན་གྱིས་མ་ཐུལ་བ། །མགོན་མེད་ལྔ་བརྒྱའི་ཐ་མའི་འགྲོ་བ་ལ། །བདེན་ཚིག་སྨོན་ལམ་རྒྱ་མཚོའི་མཆོག་སྒྲུབ་པ། །སྙིགས་མའི་མགོན་པོ་བདེ་གཤེགས་བདུན་རྣམས་ལ། །ལེགས X།།ཁྱེད་ཀྱི X། །བདེX། །ཕུནX། །ཐུབ་པའི་དབང་བོའི་ལྗགས་ཡངས་པ་ལས། །ལེགས་འོད་ཤཱཀྱའི་བསྟན་པ་ཐ་མར་ཡང་། །རྨད་བྱུང་བསྒྲུབས་ན་འགྲུབ་པའི་བདུད་རྩིའི་བཅུད། །ཟབ་དང་རྒྱ་ཆེ་མདོ་སྡེའི་རྒྱལ་བོ་ལ། །ལེགས X། །ཁྱེད X། །བདེ X། །ཕུན་ཚོགས X། །ཕྱོགས་བཅུའི་ཞིང་ན་སྨན་པའི་རྒྱལ་བོ་ཡི། །མཚན་ཙམ་འཛིན་དང་སྟོན་པ་བདེ་གཤེགས་ཀྱི། །སྨོན་ལམ་ཁྱད་འཕགས་རྒྱས་པའི་མདོ་ཆོག་ལ། །ཐུགས་དམ་མཛད་པའི་རིགས་ཀྱིས་བུ་རྣམས་ལ། །ལེགསX། །ཁྱེད་ཀྱི X། །བདེ X། །ཕུན X། །བདེ་གཤེགས་ཐུགས་རྗེས་གཟུངས་མོས་ཏིང་འཛིན་དང་། །བདེན་ཚིག་གིས་སྒྲུབ་རིན་ཆེན་ལས་གྲུབ་པ། །ཁམས་གསུམ་ལས་འདས་དཀོན་མཆོག་གསུམ་གྱི་གནས། །བདེ་བོ་ཅ་ན་དང་མཚུངས་པའི་ཞིང་མཆོག་ལ། །ལེགས་ཚོགས་ཇི་སྙེད་མཆིས་པའི་བཀྲ་ཤིས་དེས། །ཁྱེད་ཀྱི་མི་མཐུན་རྒུད་པ་ཀུན་ཟད་ཅིང་། །བདེ་ལེགས་ཡར་ངོའི་ཟླ་ལྟར་འཕེལ་གྱུར་ནས། །ཕུན་ཚོགས་དཔལ་ལ་རོལ་བའི་བཀྲ་ཤིས་ཤོག །


རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།