རྡོ་རྗེ་རྣམ་པར་འཇོམས་པའི་སྒོ་ནས་ནད་པ་ཉམ་ཐག་ལ་གྲིབ་སེལ་བྱབས་ཁྲུས་བྱ་ཚུལ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-11-02 09:26:32     རྩོམ་པ་པོ།   མི་གསལ    ཀློག་ཐེངས།  

༄༅། །འདིར་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པའི་སྒོ་ནས་དཀར་ཕྱོགས་སྐྱོང་བའི་སྲུང་མ་ལྷ་ཀླུ་གཞི་བདག་རྣམས་དང་རི་ཀླུང་གནས་ཁང་སོགས་ལ་ཉམས་གྲིབ་སེལ་ཕྱིར་རམ། ནད་པ་སོགས་ལ་གྲིབ་སེལ་བྱབས་ཁྲུས་ཀྱི་ཆོ་ག་བྱེད་པར་འདོད་པས། ཐོག་མ་ལྷག་པའི་ལྷ་མཆོག་འདི་ཉིད་ཀྱི་རྗེས་སུ་གནང་བ་ལེགས་པར་ཐོབ་སྟེ། མ་མཐར་བསྙེན་པ་འབུམ་ཕྲག་ལོང་བ་སྔོན་སོང་གལ་ཆེ་བ། དམ་པ་གོང་མ་རྣམས་ཀྱིས་ལན་གཅིག་ཙམ་མ་ཡིན་པར་ལན་དུ་མར་གསུངས་ཀྱང་། དེ་དག་ལ་ནན་ཏན་མི་བྱེད་པར་མ་ཟད།ཆོ་ག་འགོ་མཇུག་ཆ་ཚང་བ་ཞིག་འདོན་རྒྱུ་མེད་པར་ཁྲུས་བྱ་ཁུལ་བྱེད་པ་ཧ་ཅང་མང་བས། དེ་དག་ལ་ལག་ཏུ་བླང་བདེ་བ་ཞིག་ནག་འགྲོས་སུ་བཀོད་པ་ལ།མེ་ལོང་དང་ཁྲུས་གཞོང་། བུམ་པ་དྲི་བཟང་གི་ཆུས་བཀང་བ་ལ་ཁ་རྒྱན་རྨ་བྱའི་སྒྲོ་དང་ཀུ་ཤས་བརྒྱན་པ། རྡོ་རྗེ་དྲིལ་བུ། སྣོད་གཞན་ཞིག་ནང་ཁྲུས་ཀྱི་ཡོ་བྱད་དྲི་གླུད་དབང་པོ་སྐྱེ་མཆེད་ཚང་བ་རྣམས་ཚོགས་པར་བྱས་ལ། ནད་པ་ཡིན་ཚེ་ཆང་བུ་སོགས་བྱ། དགེ་སེམས་ཁྱད་པར་ཅན་གྱི་ངང་ནས། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་སྔོན་དུ་བཏང་། ཐོག་མ་རང་ཉིད་ལྷར་བསྐྱེད་པ་ནི།ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་སྣ་ཚོགས་པདྨ་དང་ཉི་མའི་སྟེང་དུ། རང་གི་སེམས་ཉིད་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཧཱུྃ་གིས་མཚན་པ་དེ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་ལྗང་སྔོན་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ་ཕྱག་གཡས་སྣ་ཚོགས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་། ཕྱག་གཡོན་པས་སྣ་ཚོགས་རྡོ་རྗེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་། དར་གྱི་ན་བཟའ་གསོལ་བ། འོད་ཀྱི་དཀྱིལ་འཁོར་གྱི་དབུས་ན་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་དང་། དབང་གིས་དབང་བསྐུར། ཛཿཧཱུྃ་བཾ་ཧོཿ དབང་གིས་དབང་བསྐུར། མི་བསྐྱོད་པས་དབུ་བརྒྱན་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ། པཱདྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝིདྱཱ། ཤཔྟ་ཨཱཿཧཱུྃ། རྒྱལ་བ་ཀུན་གྱི་མཁྱེན་བརྩེའི་ལྷ་ལམ་ལས། །མཐུ་ཆེན་སྟོབས་ཀྱི་དབྱར་སྐྱེས་ཕྲེང་བ་ཅན། །འཕྲིན་ལས་རྣམ་བཞིའི་གྲུ་ཆར་འབེབས་མཁས་པ། །དཔལ་ལྡན་ཁྲོ་བོའི་དབང་པོ་ལ་ཕྱག་འཚལ། །རང་རྣམ་འཇོམས་སུ་གསལ་བའི་ཐུགས་ཀར་ཉི་གདན་གྱི་དབུས་སུ་ཧཱུྃ་ཡིག་གི་མཐར་སྔགས་འཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། རང་གཞན་གྱི་ནད་གདོན་སྡིག་སྒྲིབ་དང་། མི་གཙང་བ་ལ་སོགས་པ་ཐམས་ཅད་སྦྱངས། སངས་རྒྱས་སྲས་བཅས་ཀྱི་བྱིན་རླབས་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ནས་རང་གི་ལུས་ལ་ཐིམ་པར་གྱུར་བསམ་ལ། གཟུངས་རིང་ནི།ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏདྱ་ཐཱ། ཨོཾ་ཏྲུ་ཊ་ཏྲུ་ཊ། ཏྲོ་ཊ་ཡ་ཏྲོ་ཊ་ཡ། སྥུ་ཊ་སྤུ་ཊ། སྥོ་ཊ་ཡ་སྥོ་ཊ་ཡ། གྷཱུ་རྞན་གྷཱུ་རྞན། གྷཱུ་རྞ་པ་ཡ་གྷཱུ་རྞ་པ་ཡ། སརྦ་ས་ཏྭཱ་ནི། བོ་དྷ་ཡ་བོ་དྷ་ཡ། སཾ་བོ་དྷ་ཡ་སཾ་བོ་དྷ་ཡ། བྷྲ་མ་བྷྲ་མ། སཾ་བྷྲ་མ་ཡ་སཾ་བྷྲ་མ་ཡ། སརྦ་བུདྡྷ་བོ་དྷ་ནི། ཀུ་ཊ་ཀུ་ཊ། སཾ་ཀུ་ཊ་ཡ་སཾ་ཀུ་ཊ་ཡ། སརྦ་ཤ་ཏྲཱུཾ། གྷ་ཊ་གྷ་ཊ། སཾ་གྷ་ཊ་ཡ་སཾ་གྷ་ཊ་ཡ། སརྦ་བིདྱཾ་བཛྲ་བཛྲ། སྥོ་ཊ་ཡ་བཛྲ་བཛྲ། ཀ་ཊ་ཡ་བཛྲ་བཛྲ། མ་ཊ་ཡ་བཛྲ་བཛྲ། མ་ཐ་བཛྲ་བཛྲ། ཨཊྚ་ཧཱ་ས་བཛྲ་བཛྲ། ནཱི་ལ་བཛྲ་སུ་བཛྲ་ཡ་སྭཱཧཱ། ཧེ་ཕུ་ལུ་ནི་རུ་ཕུ་ལུ་ནི་གྲི་ཧྣ་ཀུ་ལི་མི་ལི་ཙུ་ལུ་ཀུ་རུ་ཀུ་རུ། བཛྲ་བི་ཛ་ཡཱ་ཡ་སྭཱཧཱ། ཀི་ལི་ཀི་ལཱ་ཡ་སྭཱཧཱ། ཀ་ཊ་ཀ་ཊ། མ་ཊ་མ་ཊ། ར་ཊ་ར་ཊ། མོ་ཊ་ན་པྲ་མོ་ཊ་ནཱ་ཡ་སྭཱཧཱ། ཙ་ར་ནི་ཤྩ་ར། ཧ་ར་ཧ་ར། ས་ར་ས་ར། མཱ་ར་ཡ་མཱ་ར་ཡ། བཛྲ་བི་དཱ་རཱ་ཎ་ཡ་སྭཱཧཱ། ཙྪིནྡ་ཙྪིནྡ། གྷིནྡ་བྷནྡ། མ་ཧཱ་ཀཱི་ལི་ཀཱི་ལཱ་ཡ་སྭཱཧཱ། བྷནྡྷ་བྷནྡྷ། ཀྲོ་དྷ་ཀྲོ་དྷ། ཀཱི་ལི་ཀཱི་ལཱ་ཡ་སྭཱཧཱ། ཙུ་རུ་ཙུ་རུ་ཙཎྜ་ལི་ཀཱི་ལི་ཀཱི་ལཱ་ཡ་སྭཱཧཱ། ཏྲཱ་ས་ཡ་ཏྲཱ་ས་ཡ། བཛྲ་ཀཱི་ལི་ཀི་ལཱ་ཡ་སྭཱཧཱ། ཧ་ར་ཧ་ར་བཛྲ་དྷཱ་རཱ་ཡ་སྭཱཧཱ། པྲ་ཧ་ར་པྲ་ཧ་ར། བཛྲ་པྲ་བྷཉྫ་ནཱ་ཡ་སྭཱཧཱ། མ་ཏི་སྠི་ར་བཛྲ། ཤྲུ་ཏི་སྠི་ར་བཛྲ། པྲ་ཏི་སྠི་ར་བཛྲ། མ་ཧཱ་བཛྲ་ཨ་པྲ་ཏི་ཧ་ཏ་བཛྲ། ཨ་མོ་གྷ་བཛྲ། ཨེ་ཧྱེ་ཧི་བཛྲ། ཤཱི་གྷྲཾ་བཛྲཱ་དྷ་ར་ཡེ་སྭཱཧཱ། དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། སརྦ་བཛྲ་ཀུ་ལཾ་ཨཱ་བརྟ་ཡ་སྭཱཧཱ། ཨ་མུ་ཀ་མཱ་ར་ཡ་ཕཊ། ན་མཿས་མནྟ་བཛྲ་ཎཾ་སརྦ་བ་ལཾ་ཨཱ་བརྟ་ཡ་མ་ཧཱ་བ་ལེ། ཀ་ཏ་བེ་ཏ་ཏ་ལེ་ཨ་ཙ་ལེ་མཎྜ་ལ་མཱ་ཡེ། ཨ་ཏི་བཛྲ། མ་ཧཱ་བ་ལེ་བི་ག་ར་ཎ། ཨ་ཛི་ཏི་ཛྭ་ལ་ཛྭ་ལ། ཏི་ཊི་ཏི་ཊི། པིཾ་ག་ལེ་ད་ཧ་ད་ཧ་ཏེ་ཛོ་བ་ཏི། ཏི་ལི་ཏི་ལི། བནྡྷ་བནྡྷ། མ་ཧཱ་བ་ལེ་བཛྲཱི་ཀུ་ཤ་ཛྭ་ལ་ཡ་སྭཱཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ཎཱ་པ་ཏ་ཡེ། ཏདྱ་ཐཱ། ཨོཾ་ཧ་ར་ཧ་ར་བཛྲ། མ་ཐ་མ་ཐ་བཛྲ། དྷུ་ན་དྷུ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། དྷ་ར་དྷ་ར་བཛྲ། དྷཱ་ར་ཡ་དྷཱ་ར་ཡ་བཛྲ། དཱ་རུ་ཎ་དཱ་རུ་ཎ་བཛྲ། ཙྪིཎྜ་ཙྪིཎྜ་བཛྲ། བྷིནྡ་བྷིནྡ་བཛྲ་ཧཱུྃ་ཕཊ། ན་མ་ཤྩཎྜ་བཛྲ་ཀྲོ་དྷཱ་ཡ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུཾ་ཕཊ།གཟུངས་ཐུང་ནི།ན་མ་ཤྩཎྜ་བཛྲ་ཀྲོ་དྷཱ་ཡ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུཾ་ཕཊ།ཅེས་གང་མང་བཟླའོ། །མཇུག་ཏུ།དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་རྣམ་འཇོམས་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །

དེ་ནས་བུམ་པ་སྒྲུབ་པ་ནི།ཨ་མྲྀ་ཏས་བསངས།སྭབྷཱ་ཝས་སྟོང་པར་སྦྱངས།སྟོང་པའི་ངང་ལས་བཾ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་དཀར་པོ་ལྟོ་བ་ཆེ་བ། མགྲིན་པ་རིང་བ། མཆུ་འཕྱང་བ་ལ་སོགས་པའི་མཚན་ཉིད་ཐམས་ཅད་དང་ལྡན་པའི་ནང་དུ་སྣ་ཚོགས་པདྨ་ཉི་མའི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཧཱུྃ་གིས་མཚན་པ་དེ་ལས་འོད་འཕྲོས། དོན་གཉིས་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་ལྗང་སྔོན་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ་ཕྱག་གཡས་སྣ་ཚོགས་རྡོ་རྗེས་ཐུགས་ཀར་འཛིན་ཅིང་། ཕྱག་གཡོན་སྣ་ཚོགས་རྡོ་རྗེས་ཡུ་བ་བྱས་པའི་དྲིལ་བུ་དཀུར་བརྟེན་པ། དབུ་སྐྲ་རལ་བའི་ཐོར་ཚུགས་ཅན། རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་། དར་གྱི་ན་བཟའ་གསོལ་བ། འོད་ཀྱི་དཀྱིལ་འཁོར་གྱི་དབུས་ན་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། དེ་ལས་འོད་འཕྲོས། རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་དང་། དབང་གི་ལྷ་རྣམས་སྤྱན་དྲངས། ཛཿཧཱུྃབཾ་ཧོཿ དབང་གི་ལྷས་དབང་བསྐུར། མི་བསྐྱོད་པས་དབུ་བརྒྱན་པར་གྱུར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་ནས།ཤཔྟའི་བར་གྱི་མཆོད།རྒྱལ་བ་ཀུན་གྱི་མཁྱེན་བརྩེའི་ལྷ་ལམ་ལས། །མཐུ་ཆེན་སྟོབས་ཀྱི་དབྱར་སྐྱེས་ཕྲེང་བ་ཅན། །འཕྲིན་ལས་རྣམ་བཞིའི་གྲུ་ཆར་འབེབས་མཁས་པ། །དཔལ་ལྡན་ཁྲོ་བོའི་དབང་པོ་ལ་ཕྱག་འཚལ།།ཞེས་པས་བསྟོད།མདུན་བསྐྱེད་རྡོ་རྗེ་རྣམ་འཇོམས་སུ་གསལ་བའི་ཐུགས་ཀར་ཉི་གདན་གྱི་དབུས་སུ་ཧཱུྃ་ཡིག་གི་མཐར་སྔགས་འཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། རང་གཞན་གྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་སྦྱངས། ཁྱད་པར་དུ་ཡང་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་བདུད་རྩི་འོད་ཟེར་གྱི་རྣམ་པར་སྤྱན་དྲངས། སྔགས་འཕྲེང་ལ་ཐིམ། དེ་ལས་བདུད་རྩའི་རྒྱུན་བབས་བུམ་པ་གང་བར་བསམ་ལ། གཟུངས་རིང་དང་། གཟུངས་ཐུང་ཅི་ནུས་བཟླས་མཐར།བུམ་ལྷ་ཉི་མའི་དཀྱིལ་འཁོར་སྔགས་འཕྲེང་དང་བཅས་པ་འོད་དུ་ཞུ་ནས་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར་པར་མོས་ལ། རྟེན་ཁྲུས་ཡུལ་ཁྲུས་སྐབས་སུ།རྟེན་གསུམ་ཡུལ་ལྗོངས་དགོན་གནས་ལྷ་ཁང་ཀླུ་རྟེན་གཞི་བདག་སོགས་ལ་མེ་ལོང་བསྟན་ནས་དེ་ལ་གཟུགས་བརྙན་ཤར་བ་ལ་བུམ་ཆུས་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་རྣམས་ལ་ཁྲུས་གསོལ་རྒྱས་བསྡུས་སྐབས་དང་སྦྱར་ནས་ཁྲུས་གསོལ་བྱ། འདིའི་སྐབས་དམིགས་པ་ནི་རང་ཉིད་རྡོ་རྗེ་རྣམ་འཇོམས་སུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་ཆེ་ཆུང་དཔག་ཏུ་མེད་པའི་རྣམ་པར་སྤྱན་དྲངས་པ་ཡུལ་ཕྱོགས་ཀྱི་སྟེང་ཐམས་ཅད་ཁྱབ་པར་བཞུགས་པའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས། སྣོད་བཅུད་ཀྱི་མ་དག་པའི་དྲི་མ་ཐམས་ཅད་དག་པའི་མོས་པ་བྱ་བ་དང་། ནད་པ་སོགས་ཀྱི་དོན་དུ་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་སོགས་ནད་པ་སོགས་ཀྱི་སྟེང་གི་ནམ་མཁའ་ལ་བཞུགས་པར་མོས་སོགས་ཁ་བསྒྱུར་ཤེས་པར་བྱའོ།།བསྒྲུབ་བྱ་རྣམས་བདུན་དུ་བཀུག་ནས་ཁྲུས་བྱས་པ་ནི།དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ཞི་བ་ལས་བྱུང་བའི་བུམ་པའི་ཆུས་རྡོ་རྗེ་སློབ་མའི་སྤྱི་བོ་ནས་རྐང་མཐིལ་གྱི་བར་ཕྱི་ནང་ཐམས་ཅད་ཁྱབ་པར་བཀྲུས་པས། ནད་གདོན་སྡིག་སྒྲིབ་ཐམས་ཅད་དབང་པོའི་སྒོ་དང་བ་སྤུའི་བུ་ག་སོགས་ནས་ཐོན་ཏེ་བྱང་ཞིང་དག་པར་གྱུར། ན་མཤྩཎྜ་བཛྲ་ཀྲོ་དྷཱ་ཡ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུཾ་ཕཊ། རྡོ་རྗེ་སློབ་མ་འདི་རྣམས་ཀྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱཧཱ། ནད་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱཧཱ། གདོན་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱཧཱ། རིམས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱཧཱ། འཁོན་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱཧཱ། གྲིབ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱཧཱ། བྱད་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱཧཱ། བྱུར་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱཧཱ། སྐལ་བ་ངན་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱཧཱ། ལྟས་ངན་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱཧཱ། རྨི་ལམ་ངན་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱཧཱ། མཚན་མ་ངན་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱཧཱ། བཀྲ་མི་ཤིས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱཧཱ། མཚན་མོའི་ནག་མོའི་གདོན་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱཧཱ། ཉེ་བར་འཚེ་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱཧཱ། དུས་མ་ཡིན་པ་འཆི་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱཧཱ། གཟའ་དང་རྒྱ་སྐར་གྱི་གནོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱཧཱ། རྒྱལ་པོ་དང་ཆོམ་རྐུན་གྱི་འཇིགས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱཧཱ། བདུད་ཀྱི་ཞགས་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱཧཱ། གཤིན་རྗེའི་ཕོ་ཉ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱཧཱ། བགེགས་དང་ལོག་འདྲེན་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱཧཱ། བར་གཅོད་མི་མཐུན་པའི་ཕྱོགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱཧཱ།ལན་གསུམ་བྱ། བར་དུ།ན་མཤྩཎྜ་བཛྲ་ཀྲོ་དྷཱ་ཡ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུཾ་ཕཊ།ལན་གང་མང་བརྗོད། བསྒྲུབ་བྱ་རྣམས་ཀྱི་རང་རང་གི་ཁ་ནང་བུམ་ཆུ་ཅུང་ཟད་རེ་བཟུང་དུ་བཅུག་ནས།རྡོ་རྗེ་དང་བཅས་པའི་རྨ་བྱའི་སྒྲོའི་ཆུན་པོའི་སྟེང་དུ་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཧཱུྃ་ཡིག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་སྣ་ལྔ་འཕྲོ་བའི་བསྒྲུབ་བྱ་འདི་རྣམས་ཀྱི་ལུས་ལ་བྱབས་པ་ཙམ་གྱིས་བཀྲུས་པས་མ་དག་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་སྤུར་མ་རླུང་གིས་དེད་པ་བཞིན་དུ་ནག་ཉིལ་ཉིལ་གྱིས་ཕྱགས་ནས་ཁ་ནང་གི་ཆུ་ལ་ཐིམ་པར་གྱུར།ཅེས་བརྗོད་ལ།ན་མཤྩཎྜ་བཛྲ་ཀྲོ་དྷཱ་ཡ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུཾ་ཕཊ།བཟླ་བཞིན་དུ་རྡོ་རྗེ་དང་བཅས་པའི་རྨ་བྱའི་སྒྲོས་བསྒྲུབ་བྱའི་གཡས་གཡོན་མདུན་རྒྱབ་ཀྱི་མས་ནས་ཡར་ཕྱགས་ཏེ་ཁ་ནང་གི་ཆུ་སྟེང་དུ་སྤྲུག་པའི་ཚུལ་ཁ་ཤས་དང་སླར་ཡང་བྱབས་པའི་ཚུལ་དང་བཅས།སྐལ་ལྡན་རིགས་ཀྱི་བུ་འདི་རྣམས་ཀྱི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཨ་པ་ན་ཡེ་སྭཱཧཱ། ནད་ཐམས་ཅད་ཨ་པ་ན་ཡེ་སྭཱཧཱ། གདོན་ཐམས་ཅད་ཨ་པ་ན་ཡེ་སྭཱཧཱ། རིམས་ཐམས་ཅད་ཨ་པ་ན་ཡེ་སྭཱཧཱ། འཁོན་ཐམས་ཅད་ཨ་པ་ན་ཡེ་སྭཱཧཱ། གྲིབ་ཐམས་ཅད་ཨ་པ་ན་ཡེ་སྭཱཧཱ། བྱད་ཐམས་ཅད་ཨ་པ་ན་ཡེ་སྭཱཧཱ། བྱུར་ཐམས་ཅད་ཨ་པ་ན་ཡེ་སྭཱཧཱ། སྐལ་བ་ངན་པ་ཐམས་ཅད་ཨ་པ་ན་ཡེ་སྭཱཧཱ། ལྟས་ངན་པ་ཐམས་ཅད་ཨ་པ་ན་ཡེ་སྭཱཧཱ། རྨི་ལམ་ངན་པ་ཐམས་ཅད་ཨ་པ་ན་ཡེ་སྭཱཧཱ། བཀྲ་མི་ཤིས་པ་ཐམས་ཅད་ཨ་པ་ན་ཡེ་སྭཱཧཱ། ཉེ་བར་འཚེ་བ་ཐམས་ཅད་ཨ་པ་ན་ཡེ་སྭཱཧཱ། དུས་མ་ཡིན་པ་འཆི་བ་ཐམས་ཅད་ཨ་པ་ན་ཡེ་སྭཱཧཱ། མཚན་མོ་ནག་མོའི་གདོན་ཐམས་ཅད་ཨ་པ་ན་ཡེ་སྭཱཧཱ། གཟའ་དང་རྒྱུ་སྐར་གྱི་གནོད་པ་ཐམས་ཅད་ཨ་པ་ན་ཡེ་སྭཱཧཱ། རྒྱལ་པོ་དང་ཆོམ་རྐུན་གྱི་འཇིགས་པ་ཐམས་ཅད་ཨ་པ་ན་ཡེ་སྭཱཧཱ། བདུད་ཀྱི་ཞགས་པ་ཐམས་ཅད་ཨ་པ་ན་ཡེ་སྭཱཧཱ། གཤིན་རྗེའི་ཕོ་ཉ་ཐམས་ཅད་ཨ་པ་ན་ཡེ་སྭཱཧཱ། བགེགས་དང་ལོག་འདྲེན་ཐམས་ཅད་ཨ་པ་ན་ཡེ་སྭཱཧཱ། བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཨ་པ་ན་ཡེ་སྭཱཧཱ།ཞེས་པའི་བར་སྔགས་དང་སྤེལ་ཚིག་ལན་གསུམ་བརྗོད་ལ། བསྒྲུབ་བྱའི་ཁར་བཟུང་བའི་དྲི་ཆུ་དྲི་གླུད་ཀྱི་སྟེང་དུ་འདོར་དུ་གཞུག།རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་བསྒྲུབ་བྱ་འདི་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་གདོན་བགེགས་ཐམས་ཅད་མདུན་དུ་བཀུག་པར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ།ཞེས་ལན་གསུམ་གྱིས་བསྔོས། གུ་གུལ་བསྲེགས་ཤིང་ཧཱུྃ་མཛད་ཀྱི་ཕྱག་རྒྱ་དང་བྱས་ལ།ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་ཀྱི་རིགས་སུ་བཞུགས་པ་ཐམས་ཅད་དང་། ཁྱད་པར་དུ་ཡང་བཅོམ་ལྡན་འདས་དཔལ་རྡོ་རྗེ་རྣམ་པར་འཇོམས་པའི་ལྷ་ཚོགས་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་བླ་ན་མེད་པའི་བདེན་པ་དང་། ཆོས་སྐྱོང་སྲུང་མ་རྣམས་ཀྱི་བདེན་པ་དང་། ཆོས་ཉིད་རྣམ་པར་དག་ཅིང་ཀུན་རྫོབ་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པའི་མཐུ་ལ་བརྟེན་ནས་བསྒྲུབ་བྱ་འདི་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་གནོད་སྦྱིན་དང་། ཤ་ཟ་དང་། འབྱུང་པོ་ལ་སོགས་པ་ཐམས་ཅད་དྲི་ཆུ་དང་དྲི་གླུད་འདིས་ཚིམས་པར་གྱིས་ལ། རང་རང་སོ་སོའི་གནས་སུ་སོངས་ཤིག། ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ། ཨོཾ་གྲྀཧྞཱ་ན་གྲྀཧྞཱ་ན་ཧཱུྃ། ཨོཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུྃ། ཨོཾ་ཨཱ་ན་ཡ་ཧོཿབྷ་ག་ཝཱ་ན་བིདྱ་རཱ་ཛ་ཧཱུྃ་ཕཊ།བརྗོད་ལ་གུ་གུལ་གྱིས་བདུག། ཡུངས་ཀར་གྱིས་བྲབས།བསང་ཆུས་གཏོར། རོལ་མོའི་སྒྲ་དང་བཅས་དྲི་ཆུ་དང་དྲི་གླུད་བསྒྲུབ་བྱ་ལ་གཡོན་སྐོར་ལན་གཅིག་བྱས་ཏེ་ཕྱིར་དོར། དེ་ནས་དྲིལ་སྟབས་དང་བཅས།སངས་རྒྱས་རྣམས་ནི་བདུད་ལས་རྒྱལ། །ཆོས་ནི་ཆོས་མ་ཡིན་ལས་རྒྱལ། །དགེ་འདུན་མུ་སྟེགས་རྣམས་ལས་རྒྱལ། །དབང་པོ་ལྷ་མིན་རྣམས་ལས་རྒྱལ། །ལྷ་མིན་ཟླ་བ་རྣམས་ལས་རྒྱལ། །ནམ་མཁའ་ལྡིང་ནི་རྒྱ་མཚོ་ལས། །མེ་ནི་ཤིང་རྣམས་ཀུན་ལས་རྒྱལ། །ཆུ་ནི་མེ་ལས་རྒྱལ་བ་སྟེ། །རླུང་ནི་སྤྲིན་ལས་རྒྱལ་བར་གྱུར། །རྡོ་རྗེ་ཡིས་ནི་རིན་ཆེན་ཕུག །ལྷ་རྣམས་བདེན་པར་གནས་པ་ལ། །སངས་རྒྱས་དང་ནི་ཆོས་ཀྱང་བདེན། །བདེན་པ་རྒྱལ་གྱུར་བརྫུན་མ་ལགས། །བདེན་པ་དང་བདེན་པའི་ཚིག་འདི་དག་གིས་བསྒྲུབ་བྱ་ཚེ་དང་ལྡན་པ་འདི་རྣམས་བདུད་དང་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་བར་གྱུར་ཅིག། ཛ་ཡ་ཛ་ཡ། སིདྡྷི་སིདྡྷི། ཕ་ལ་ཕ་ལ་ཧོ།བསྒྲུབ་བྱའི་སྤྱི་བོ། སོག་ཕྲག། དཔུང་མགོ་གཡས་གཡོན། དཔྱི་མགོ་གཡས་གཡོན་ཏེ་གནས་བདུན་དུ་རྡོ་རྗེ་རྒྱ་གྲམ་གྱི་ཚུལ་དུ་བཞག།སླར་ཡང་རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་བྱིན་རླབས་ནུས་མཐུ་ཐམས་ཅད་འོད་ཟེར་གྱི་རྣམ་པར་སྤྱན་དྲངས། བསྒྲུབ་བྱ་རྣམས་ཀྱི་བ་སྤུའི་བུ་ག་ནས་ཐིམ་པས། ཤ་སྐྱི་པགས་མཚམས་ཐམས་ཅད་འོད་ཟེར་ལས་གྲུབ་པའིརྡོ་རྗེའི་རྡུལ་ཕྲ་རབ་ཀྱི་རང་བཞིན་དུ་གྱུར་ཏེ་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཀྱི་གནོད་པས་མི་ཚུགས་པའི་སྲུང་བ་ཆེན་པོར་བྱིན་གྱིས་བརླབ་པར་གྱུར། ན་མཤྩཎྜ་བཛྲ་ཀྲོ་དྷཱ་ཡ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱུཾ་ཕཊ། སྐལ་ལྡན་རིགས་ཀྱི་བུ་འདི་རྣམས་སྡིག་པ་དང་སྒྲིབ་པ་ཐམས་ཅད་ལས་རཀྵ་རཀྵ། ནད་ཐམས་ཅད་རཀྵ་རཀྵ། གདོན་ཐམས་ཅད་རཀྵ་རཀྵ། རིམས་ཐམས་ཅད་རཀྵ་རཀྵ། འཁོན་ཐམས་ཅད་རཀྵ་རཀྵ། གྲིབ་ཐམས་ཅད་རཀྵ་རཀྵ། བྱད་ཐམས་ཅད་རཀྵ་རཀྵ། བྱུར་ཐམས་ཅད་རཀྵ་རཀྵ། སྐལ་བ་ངན་པ་ཐམས་ཅད་རཀྵ་རཀྵ། ལྟས་ངན་པ་ཐམས་ཅད་རཀྵ་རཀྵ། རྨི་ལམ་ངན་པ་ཐམས་ཅད་རཀྵ་རཀྵ། མཚན་མ་ངན་པ་ཐམས་ཅད་རཀྵ་རཀྵ། བཀྲ་མི་ཤིས་པ་ཐམས་ཅད་རཀྵ་རཀྵ། མཚན་མོ་ནག་མོའི་གདོན་ཐམས་ཅད་རཀྵ་རཀྵ། ཉེ་བར་འཚེ་བ་ཐམས་ཅད་རཀྵ་རཀྵ། དུས་མ་ཡིན་པ་འཆི་བ་ཐམས་ཅད་རཀྵ་རཀྵ། གཟའ་དང་རྒྱུ་སྐར་གྱི་གནོད་པ་ཐམས་ཅད་རཀྵ་རཀྵ། རྒྱལ་པོ་དང་ཆོམ་རྐུན་གྱི་འཇིགས་པ་ཐམས་ཅད་རཀྵ་རཀྵ། བདུད་ཀྱི་ཞགས་པ་ཐམས་ཅད་རཀྵ་རཀྵ། གཤིན་རྗེའི་ཕོ་ཉ་ཐམས་ཅད་རཀྵ་རཀྵ། བགེགས་དང་ལོག་འདྲེན་ཐམས་ཅད་རཀྵ་རཀྵ། བར་གཅོད་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རཀྵ་རཀྵ།ཞེས་ཚར་གསུམ་མམ་བདུན་བརྗོད།རྒྱལ་བ་སྲས་བཅས་བདེན་པའི་མཐུ་སྟོབས་དང་། །རྡོ་རྗེ་རྣམ་པར་འཇོམས་པའི་བྱིན་རླབས་ཀྱིས། །འགྲོ་བ་འདི་རྣམས་བདག་གི་བསྲུངས་ཟིན་གྱིས། །འདི་ལ་སུས་ཀྱང་གནོད་པ་མ་བྱེད་ཅིག །བཛྲ་རཀྵ་རཀྵ།ཞེས་མེ་ཏོག་འཐོར་བ་དང་བཅས་ལན་གསུམ་བརྗོད།སེམས་ཅན་ནད་པ་ཇི་སྙེད་པ། །མྱུར་དུ་ནད་ལས་གྱུར་ཅིག །འགྲོ་བའི་ནད་ནི་མ་ལུས་པ། །རྟག་ཏུ་འབྱུང་བ་མེད་པར་ཤོག །ཅེས་སོགས་སྨོན་ལམ་དང་བཀྲ་ཤིས་སོགས་བྱའོ།། །།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 



བརྒྱུད་འགོད།