ཚེ་ལྷ་རྣམ་གསུམ་གྱི་མངོན་རྟོགས་བཞུགས་སོ།།
ཚེ་སྦྱིན་ལྷག་པའི་ལྷ་མཆོག་རྣམ་གསུམ་ལ།། སྒོ་གསུམ་མི་ཕྱེད་དད་པས་ཕྱག་བགྱིད་དོ།། དུས་མིན་འཆི་བའི་གཡུལ་ལས་རྣམ་རྒྱལ་བའི།། དགེ་མཚན་ཤིས་པ་མཆོག་གིས་དེང་འདིར་སྐྱོངས།།འདིར་ཚེ་ལྷ་གསུམ་གྱི་སྒོ་ནས་ཚེ་སྒྲུབ་བྱ་བར་འདོད་པས་རྟེན་དང་མཆོད་པ་བཤམས། སྐྱབས་སེམས་སྔོན་དུ་བཏང༌།སྭ་བྷཱ་ཝས་སྟོང་པར་སྦྱངས།སྟོང་པའི་ངང་ལས་པད་ཟླའི་གདན་ལ་རང་སེམས་ཧྲཱིཿཡིག་དམར་པོ། དེ་ལས་འོད་འཕྲོས། དོན་གཉིས་བྱས་འདུས་ཡོངས་སུ་གྱུར་པ་ལས་མགོན་པོ་ཚེ་དཔག་ཏུ་མེད་པ་མཉམ་གཞག་གི་ཕྱག་རྒྱས་བདུད་རྩིས་གང་བའི་བུམ་པ་བསྣམས་ཤིང་མཚན་དཔེས་སྤྲས་པ། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པའི་ཐུགས་ཀ་ནས་བྷྲུཾ་ཡིག་ཅིག་ཆད་དེ་གཡས་ཕྱོགས་སུ་པད་ཟླའི་གདན་ལ་བབས་པ་ལས་གཙུག་ཏོར་རྣམ་པར་རྒྱལ་མ་ཞལ་གསུམ་ཕྱག་བརྒྱད་མ། དང་པོ་གཉིས་སྣ་ཚོགས་རྡོ་རྗེ་དང་ཞགས་པ། གཉིས་པ་གཉིས་འོད་དཔག་མེད་དང་སྐྱབས་སྦྱིན། གསུམ་པ་གཉིས་མདའ་གཞུ། བཞི་པ་གཉིས་མཆོག་སྦྱིན་དང་བུམ་པ་བསྣམས་པ། ཐུགས་ཀ་ནས་ཏཱཾ་ཡིག་ཅིག་ཆད་དེ་གཡོན་ཕྱོགས་སུ་པད་ཟླའི་གདན་ལ་བབས་པ་ལས་འཕགས་མ་ཡིད་བཞིན་འཁོར་ལོ་སྐུ་མདོག་དཀར་མོ། གཡས་མཆོག་སྦྱིན་དང་གཡོན་ཨུཏྤལ་བསྣམས་པ། གཉི་གའང་གཞོན་ནུ་མ་ལོ་བཅུ་དྲུག་ལོན་པའི་རྣམ་པ་ཅན་རིན་པོ་ཆེའི་རྒྱན་གྱིས་སྤྲས་ཤིང་སྐྱིལ་མོ་ཀྲུང་གིས་བཞུགས་པ། རང་གི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། ནུབ་ཕྱོགས་བདེ་ལྡན་ཞིང་གི་མགོན་པོ་ཚེ་དཔག་ཏུ་མེད་པའི་ཐུགས་ཀ་ནས་ཚེ་ལྷ་གསུམ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་དབང་ལྷ་དང་བཅས་པ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་གྱུར། དབང་ལྷས་དབང་བསྐུར། རིགས་ཀྱི་བདག་པོས་དབུ་བརྒྱན་པར་གྱུར།མཆོད་པ་བསངས་སྦྱངས། བྱིན་གྱིས་བརླབས་ལ།ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་སོགས་ཀྱིས་མཆོད། མེ་ལོང་གཅིག་ལ་རབ་འབྱམས་གཟུགས་སྣང་བཞིན།། རྒྱལ་ཀུན་ཐུགས་རྗེ་བྱིན་རླབས་གཅིག་བསྡུས་ནས།། ཚེ་ཡི་ལྷ་མཆོག་གསུམ་གྱི་རྣམ་རོལ་པའ།། ཞབས་ཀྱི་པདྨར་གུས་པས་ཕྱག་འཚལ་ལོ།། རང་གི་ཐུགས་ཀར་ས་བོན་ལ་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་བཅས། འཆི་མེད་ཚེའི་རིག་འཛིན་བརྙེས་པའི་ལྷ་དང་དྲང་སྲོང་རྣམས་ཀྱི་ཐུགས་ཀ་ནས་འཆི་མེད་ཚེའི་དངོས་གྲུབ་དང༌། འཇིག་རྟེན་ཁམས་ཀྱི་རྩི་བཅུད་བཀྲག་མདངས་མཐའ་དག་བསྡུས་པ་སྔགས་ཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས། ལུས་ཀྱི་ནང་ཐམས་ཅད་གང་བས་རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་དང་འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བསམས་ལ་གསུམ་གའི་སྔགས་རིམ་པར་བཟླ། རང་གི་ཚེ་སྒྲུབ་ལ་འདི་ཙམ་གྱིས་ཆོག་ཅིང༌། གཞན་དོན་དུ་བུམ་སྒྲུབ་སོགས་བྱེད་ན་བུམ་པ་གཙང་མར་བྱ་རྒྱུད་ཀྱི་བུམ་རྫས་དང་ཚེ་སྒྲུབ་ཀྱི་རིལ་རྒྱུན་སོགས་བཏབ་པའི་ཆུའམ་རིལ་བུ་བླུགས་ཏེ་བུམ་པ་བསངས་སྦྱངས།སྟོང་པའི་ངང་ལས་བཾ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་དཀར་པོ་ཚད་དང་ལྡན་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་པད་ཟླའི་གདན་ལ་ཧྲཱིཿཡིག་དམར་པོ་ཞེས་སོགས་རང་སྒྲ་དོར་ཏེ་བདག་བསྐྱེད་ཀྱི་སྐབས་བཞིན་བྱ། མཆོད་ཕྲེང་རྒྱལ་བ་རྒྱ་མཚོ་མ་སོགས་ཚིགས་བཅད་བྱས་ཀྱང་རུང༌། བཟླས་པའི་སྐབས། འོད་ཟེར་འཕྲོས་དཔལ་ལྡན་བླ་མ་དམ་པའི་སྐུ་ཚེའམ། སྦྱིན་པའི་བདག་པོའི་ཚེ་ལ་བར་དུ་གཅོད་པའི་ཉེས་པ་ཐམས་ཅད་སྦྱངས། རྒྱལ་བ་སྲས་བཅས་ཞེས་པ་མན་ཆད་འདྲ། བཟླས་པའི་མཇུག་ཏུ་ཡིག་བརྒྱས་ལྷག་ཆད་བསྐང༌། གཏོར་མ་བྱ་རྒྱུད་ལྟར་བྱིན་གྱིས་བརླབས་ལ་མཆོད་སྔགས་ལ་བ་ལིཾ་ཏ་བཏགས་པའམ།ཨཱ་ཀཱ་རོ་གསུམ་སོགས་ཀྱིས་བསྔོ། མཆོད་བསྟོད་བྱས་ལ།བུམ་པའི་ལྷ་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་བུམ་པའི་ཆུའམ་རིལ་བུའི་རྣམ་པར་གྱུར།ཅེས་བརྗོད་ཅིང་བསྔོ་སྨོན་བཀྲ་ཤིས་ཀྱིས་མཐའ་བརྒྱན་པར་བྱའོ།།
རྩོམ་སྒྲིག་པ།ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn