འཕོ་བའི་ཆོས་སྐོར་འགའ་བཞུགས།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-07-26 21:47:37     རྩོམ་པ་པོ།   པཎ་ཆེན་བློ་བཟང་ཆོས་རྒྱན་སོགས།    ཀློག་ཐེངས།  

༄༅།།  སངས་རྒྱས་སྤྱི་དང་ཁྱད་པར་འོད་དཔག་མེད། །  བདེན་པའི་མཐུ་ལས་འདི་ནས་འཕོས་མ་ཐག  །   བདེ་བ་ཅན་དུ་པདྨོ་ལས་སྐྱེས་ཏེ།  །  འོད་དཔག་མེད་པའི་ཞལ་མཐོང་གསུང་ཐོས་ཤོག །   ཅེས་བ་འདི་ནི་བ་མཐའ་སྐུ་སྐྱེ་བློ་བཟང་དཔལ་ལྡན་འོད་ཟེར་གྱིས་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་བ་ལྟར་༧ ཤཱཀྱཱའི་དགེ་སློང་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་སྦྱར་བའོ། །

ཨོཾ་སྭ་སྟི །    འདིར་འཕོ་བ་བསྡུས་པ་ཉམས་སུ་ལེན་པར་འདོད་པས། ། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམས་པ་སྔོན་དུ་བཏང་ནས་འདི་ལྟར་འདོན་ཏེ།  རང་གི་སྤྱི་བོར་པདྨ་ཟླ་བ་དང་།  ཉི་མའི་སྟེང་དུ་མགོན་པོ་འོད་དཔག་མེད། ། སྐུ་མདོག་དམར་པོ་མཚལ་ཞུན་བཏུལ་མ་བཞིན།  ཞལ་གཅིག་ཕྱག་གཉིས་ཏིང་འཛིན་ཕྱག་རྒྱ་ཅན།   ། དྲང་སྲོང་སྣོད་མཆོག་ཆོས་གོས་གསུམ་གྱིས་མཛེས།  །  འོད་ཟེར་མུ་མེད་འཕྲོ་བའི་ཐུགས་ཀ་ནས། ། འོད་འཕྲོས་བདེ་བ་ཅན་གྱི་ཞིང་མཆོག་ནས། ། ཡེ་ཤེས་ཡི་་སྤྱན་དྲངས་དབྱེར་མེད་རོ་གཅིག་གྱུར། ། ཕྱག་འཚལ་མཆོད་འབུལ་སྡིག་ལྟུང་མ་ལུས་བཤགས། ། དགེ་ལ་སྤྱན་དྲངས་དབྱེར་མེད་རོ་གཅིག་གྱུར། ། ཕྱག་འཚལ་མཆོད་འབུལ་སྡིག་ལྟུང་མ་ལུས་བཤགས། ། དགེ་ལ་ཡི་རང་ཆོས་འཁོར་བསྐོར་དུ་གསོལ །  །མྱ་ངན་མི་འདའ་རྟག་པར་བཞུགས་གསོལ་འདེབས། །དགེ་བ་རྫོགས་བའི་བྱང་ཆུབ་ཆེན་པོར་བསྔོ ། །གླིང་བཞིའི་རི་རབ་རིན་ཆེན་བདུན་བཅས་པའི། ། ཞིང་ཁམས་རྒྱ་མཚོའི་བཀོད་པ་འདི་འབུལ་ན།   ། དགྱེས་བཞིན་བཞེས་ལ་བདག་དང་འགྲོ་བ་ཀུན། །  ཞིང་མཆོག་བདེ་བ་ཅན་དུ་དྲང་དུ་གསོལ ། །  ཞེས་གསོལ་བ་བཏབ་སྟེ།  རང་གི་ལས་ཀྱི་དབུས་དྲང་བོ་ལ་རྩ་དབུ་མ་སྤོམ་ཕྲ་མདའ་སྙུག་ཙམ་ཡར་སྣེ་སྤྱི་གཅུག་ཏུ་འོད་དཔག་མེད་ཀྱི་པདྨ་ལ་ཟུག་ཅིང་།  མར་སྣེ་ལྟེ་འོག་སོར་བཞིར་གནས་བའི་སྙིང་དབུས་སུ་རང་གི་རྣམ་ཤེས་ཀྱི་ངོ་བོ་ཐིག་ལེ་རྒྱ་སྲིན་གྱི་འབྲུ་ཚད་ཙམ་འཕར་ལ་ཁད་འཕུར་ལ་ཁད་བྱེད་པ་གཅིག་གསལ་བཏབ་ལ། དེ་ཉིད་སྤྱི་བོ་ནས་ཞུགས་པས་མགོན་པོ་འོད་དཔག་མེད་ཀྱི་ཐུགས་ཀར་འཕོ་སྙམ་པའི་འདུན་པ་དང་བཅས་ཏེ།  བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ།   མཆོད་དོ་སྐྱབས་སུ་མཆིའོ །  །  བདག་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་ད་ལྟ་ཉིད་དུ་དྲང་དུ་གསོལ།  ཞེས་བརྒྱ་སྟོང་ཁྲི་འབུམ་སོགས་བརྗོད་པས།  མགོན་པོ་འོད་དཔག་མེད་ཀྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་བྱུང་སྤྱི་བོ་ནས་ཞུགས།  སྙིང་ཁའི་ཐིག་ལེ་ལ་བཏབ་ཤད་ཀྱིས་དྲངས་ཏེ་སྤྱི་བོའི་པདྨ་ལ་རེག་ཙམ་བྱས་པར་བསྒོམས་ལ།  ཧིཀྲ །  ཅེས་བརྗོད།   སླར་ཡང་།   ཀ་ཞེས་བརྗོད་ཅིང་སྙིང་ཁར་དལ་གྱིས་འབེབས །  དེ་ལྟར་སྦྱངས་བས་སྤྱི་བོ་ཟ་བ་དང་འཁྲིག་པ་སོགས་བྱུང་ན་སྤྱི་བོའི་མཆོག་པོ་འོད་དཔག་མེད་ཀྱི་ལྷུང་བཟེད་ནས་འཆི་མེད་བདུད་རྩིའི་རྒྱུན་བབས།  ལུས་ཀྱི་ནང་ཐམས་ཅད་གང་།  འཆི་མེད་ཚེའི་རིག་འཛིན་ཐོབ་པར་བསམས་ལ་ཚེ་གཟུངས་རིང་ཐུང་རྣམས་བཟླ །  དེ་ནས་གསོལ་བ་འདི་ལྟར་འདེབས་ཏེ། བླ་མ་དེ་བཞིན་གཤེགས་པ་བཅོམ་ལྡན་འདས།  འོད་དཔག་མེད་མགོན་ཐུགས་རྗེའི་གཏེར་ཆེན་ཁྱེད།  །  བདག་ལ་ཐུགས་རྗེ་ཆེན་པོས་ཉེར་དགོངས་ནས།  །  བྱིན་རླབས་དངོས་གྲུབ་ཆར་ཆེན་དབབ་ཏུ་གསོལ། །  ཁྱད་པར་འདི་སྣང་འགག་པར་གྱུར་བའི་ཚེ །   །  འོད་དཔག་མེད་མགོན་དགེ་འདུན་བཅས་པ་ཡིས། །  ངོ་མཚར་བཀོད་པ་སྣ་ཚོགས་ཀྱིས་བསུས་ཏེ།།  བདེ་བ་ཅན་གྱི་ཞིང་དུ་ཐོགས་མེད་དྲོངས། ། དེར་ནི་རིན་ཆེན་པདྨ་ལས་སྐྱེས་ནས། །  འོད་དཔག་མེད་པའི་སྲས་ཀྱི་མཆོག་གྱུར་ཅིང་། ། གཟུངས་སྤོབས་ཏིང་འཛིན་མངོན་ཤེས་རབ་ཐོབ་སྟེ། །མཐའ་ཡས་འགྲོ་བ་ཡོངས་སུ་སྒྲོལ་པར་ཤོག།   སེམས་ཅན་ཁམས་དང་བསམ་པའི་མོས་པ་བཞིན། ། ཞིང་ཁམས་བྱེ་བར་སྤྲུལ་བ་རབ་བསྐྱེད་ནས།  ། ཐེག་ཆེན་ཆོས་ཀྱི་སྒྲ་དབྱངས་བསྒྲགས་པ་ཡིས།  །  སེམས་ཅན་མ་ལུས་རབ་ཏུ་སྒྲོལ་བར་ཤོག།  དེ་ལྟར་གསོལ་བ་བཏབ་པས་བླ་མ་ལྷ། ། དགྱེས་བཞིན་རྟག་ཏུ་སྤྱི་བོར་བཞུགས་ནས་ཀྱང་། །   བདེ་བ་ཅན་གྱི་ཞིང་དུ་དྲང་དུ་གསོལ། །  ཁྱེད་ཀྱི་གོ་འཕང་ཐོབ་པར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་ཅིང་དུས་རྟག་ཏུ་སྤྱི་བོར་བཞུགས་པར་བསྒོམས་ཤིང་འཆི་བའི་དུས་སུ་ཐེ་ཚོམ་མེད་པར་འཕོ་བར་བྱའོ །  ཞེས་བ་འདི་ནི་ས་ཉིད་པ་གྲགས་པ་བཤད་སྒྲུབ་ཀྱིས་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་ངོར ༧ ཤཱཀྱཱའི་དགེ་སློང་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་སྦྱར་བའོ། །

 ༄༅ །  །འཕོ་བ་བཞུགས་སོ  ། །

     ༄༅ །    ། འོ་ལེགས་སོ།  འཇིག་རྟེན་འདི་ནས་ཕ་རོལ་ཏུ་སོང་ཞིང་།  །ཚེ་ལས་འདས་པ་ཁྱོད་རང་ཉོན་ཅིག འདུལ་བ་ལུང་ལས།   སྐྱེ་བའི་ཐ་མ་འཆི་བ་སྟེ།   འདུས་བའི་ཐ་མ་འབྲལ་བ་ཡིན།  ཞེས་གསུངས་པ་ལྟར།   ཁམས་གསུམ་འཁོར་བའི་གནས་འདིར་ལས་ཉོན་གྱི་དབང་གིས་སྐྱེ་བ་ཞིག་བླངས་ཕྱིན་སྐྱེ་མཐའ་འཆི་བ་ལས་མ་འདས་ཤིང་།  གཉེན་མཛའ་བཤེས་སོགས་དང་ལྷན་ཅིག་ཅི་ཙམ་འགྲོགས་ཀྱང་བརྩེ་བ་མེད་པའི་འཆི་བདག་གི་ཕོ་ཉ་སླེབས་པ་ན།  ཕན་ཚུན་གཏན་བྲལ་དུ་གྱུར་ནས་མྱ་ངན་ཆེན་པོ་སྡང་ཡང་མཆོག་དམན་བར་མ་ཀུན་གྱི་ཐོག་ཏུ་ཡོད་པ་འཇིག་རྟེན་སྤྱིའི་ངང་ཚུལ་ཡིན་ལ།   དེ་ལྟ་བུའི་འཆི་བ་དེ་ད་ལན་ཁྱོད་ཀྱི་ཐོག་ཏུ་བབས་ཏེ་ཚེ་སྔ་མའི་སྣང་བ་ནི་ནུབ།  ཕྱི་མ་མ་རྙེད་པས་ད་ལྟ་སྲིད་པ་བར་དོ་ན་གནས་པའི་སྐབས་ཡིན།  དེ་ཡང་གང་གིས་ཤེས་ན ། གསོན་པོའི་སྐབས་དང་མི་འདྲ་བར་འཇིགས་སྐྲག་དངངས་གསུམ་དང་ཡ་ང་བའི་རྟགས་སྣ་ཚོགས་འབྱུང་བ།དེ་རྣམས་སྲིད་པ་བར་དོར་གནས་པའི་རྟགས་ཡིན་པས །   དེ་ལྟ་བུ་སྣང་བ་ཅི་ཤར་ཡང་། རང་སེམས་འཁྲུལ་བའི་སྣང་བ་ཙམ་མ་གཏོགས་དོན་རང་ངོས་ནས་གྲུབ་པ་རྡུལ་ཙམ་ཡང་མེད་སྙམ་དུ་ཤེས་པར་གྱིས་ལ། ཡིད་དུ་འོང་བ་ལ་ཆགས་པར་མ་བྱེད།  ཡིད་དུ་མི་འོང་བ་ལ་སྡང་བ་དང་།   ཡིད་མི་བདེ་བར་མ་བྱེད།  ཚེ་སྔ་མའི་གནས་ལུས་ལོངས་སྤྱོད་གང་ལ་ཡང་མ་ཆགས་པར་སྣོད་བཅུད་ཀྱི་འབྱོར་བ་ཕུན་སུམ་ཚོགས་པ་དང་ལྡན་པའི་དག་པའི་ཞིང་མཆོག་བདེ་བ་ཅན་དུ་ད་ལྟ་ཉིད་དུ་འགྲོ་བར་བྱའོ་སྙམ་པའི་འདུན་པ་དྲག་པོ་གྱིས།   འོ་ན་ཞིང་དེ་ཅི་ལྟ་བུ་ཞེ་ན།   མི་མཛད་འཇིག་རྟེན་གྱི་ཁམས་འདི་ནས་ནུབ་ཕྱོགས་སུ་ཞིང་ཁམས་མང་པོ་འདས་པ་ན།  བདེ་བ་ཅན་ཞེས་བྱ་བ །  ས་གཞི་རིན་པོ་ཆེ་རང་བཞིན་ལས་གྲུབ་པ།ཐ་གྲུ་ཡངས་ཤིས་རྒྱ་ཆེ་བ་ཁོར་ཡུག་ཏུ་རིན་པོ་ཆེསརི་བོ་དང་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་ལྗོན་ཤིང་གི་ཕྲེང་བས་བསྐོར་བ།དྭངས་ཤིང་བསིལ་བའི་ཆུ་མཚོ།   དུ་མར་སྤྲུལ་བའི་བྱ་རྣམས་སྐད་སྙན་པར་སྒྲོགས་པ་ས་གཞི་ཐམས་ཅད་མེ་ཏོག་སྣ་ཚོགས་ལས་གྲུབ་པའི་གཞལ་མེད་ཁང་རྣམ་པར་  རྒྱལ་བའི་ཁང་བཟང་ལས་འབུམ་འགྱུར་གྱིས་ལྷག་ཅིག    སྤོས་དང་ཕྲེང་བ་དང་གདུགས་དང་རྒྱལ་མཚན་ལ་སོགས་པ་ངོ་མཚར་བའི་ཡོ་བྱད་དུ་མའི་ཡོངས་སུ་སྤྲས་པ།   ཉན་ཐོས་དང་བྱང་ཆུབ་སེམས་དཔའི་འཁོར་གྲངས་མེད་པའི་དབུས་སུ་བྱང་ཆུབ་ཀྱི་ཤིང་གི་དྲུང་དུ་སེང་ཁྲིའི་སྟེང་ནས་བཅོམ་ལྡན་འདས་མགོན་པོ་འོད་དཔག་མེད་མཚན་དཔེ་གཟི་འོད་འབར་ཞིང་ཟབ་པ་དང་རྒྱ་ཆེ་བའི་གཏམས་པ་རྒྱུན་མི་འཆད་པར་འདོམས་པར་མཛད་པ།   སུ་ཞིག་དེ་བཞིན་གཤེགས་པ་དེའི་མཚན་ཐོས་པ་དང་།   དད་པ་བསྐྱེད་པ་དང་ཞིང་གི་ཡོན་ཏན་ཐོས་ནས་གུས་པར་བྱེད་པ་དེ་དག་ཞིང་མཆོག་དམ་པ་དེར་སྐྱེ་བར་གསུངས་པས།ངེད་ཀྱིས་ཁྱོད་རང་གི་སྤྱི་བོར་སྐྱབས་གསུམ་ཀུན་འདུས་ཀྱི་ངོ་བོ་བླ་མ་མགོན་པོ་འོད་དཔག་མེད་གསལ་བཏབ་ནས།  དེའི་ཐུགས་ཀར་ཁྱོད་རང་གི་རྣམ་ཤེས་སྤོར་བ་ཡིན་པས་ངེད་ཀྱི་ཚིག་རིས་དང་བསྟུན་པའི་དམིགས་རྣམ་གསལ་དྲག་པོ་ཐོབ་ཅིག   སངས་རྒྱས་ཆོས་ཚོགས་མ་ལན་གསུམ།  ཚེ་འདས་ཁྱོད་ཀྱིས་སྤྱི་བོར་པད   ་ཟླའི་སྟེང་དུ་བླ་མ་མགོན་པོ་འོད་དཔག་མེད་སྐུ་མདོག་དམར་བོ་ཞལ་གཅིག་ཕྱག་གཉིས་ཏིང་ངེ་འཛིན་གྱིས་ཕྱག་རྒྱས་སྟེང་ན་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས་པ།   མཚན་དཔེ་བརྒྱན་ཅིང་དབུ་གཙུག་ཏོར་དང་ལྡན་པ་སྐུ་ལ་ཆོས་གོས་ངུར་སྨྲིག་གི་མདོག་ཅན་གསོལ་བ་ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི་སྤྱི་བོར་ཨོཾ།  མགྲིན་པར་ཨཱ་ཐུགས་ཀར་ཧཱུཾ་གིས་མཚན་པ།   ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་ནུབ་ཕྱོགས་བདེ་བ་ཅན་ནས་མགོན་པོ་འོད་དཔག་མེད་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས།   ཛ་ཧཱུཾ་བཾ་ཧོ །  དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར།  བླ་མ་འོད་དཔག་མེད་ལ་ཕྱག་འཚལ་ལོ།།  དངོས་བཤམས་ཡིད་སྤྲུལ་མཆོད་པ་མ་ལས་འབུལ།  །  ཐོག་མེད་ནས་བསགས་སྡིག་ལྟུང་སོ་སོར་བཤགས།  སྐྱེ་འཕགས་དགེ་བ་ཀུན་ལ་རྗེ་ཡིད་རང་།  ། འཁོར་བ་མ་སྟོངས་བར་དུ་ལེགས་བཞུགས་ནས།།  འགྲོ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་།  བདག་གཞན་དགེ་རྣམས་བྱང་ཆུབ་ཆེན་པོར་བསྔོ།  །   གླིང་བཞི་རི་རབ་ཉི་ཟླ་རིན་ཆེན་བདུན། ། རིན་ཆེན་མཎྚལ་ཀུན་བཟང་མཆོད་པའི་ཚོགས།། བློ་ཡི་བླངས་ནས་དཀོན་མཆོག་གསུམ་ལ་འབུལ །  ། ཐུགས་རྗེས་བཞེས་ནས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ།  །  ཨུ་དཾX ། ཁྱོད་རང་གི་ལུས་རྙིང་བ་ཙོག་བུར་ཡོད་པའི་དབུས་སུ་རྩ་དབུ་མ་སྦོམ་ཕྲ་མདའ་སྨྱུག་ཙམ་མར་སྣེ་ལྟེ་བ་དང་།   ཡར་སྣེ་ཚངས་བུག་ཏུ་ཟུག་པའི་མར་སྣེ་ཁ་ཟུམ་ཞིང་།ཡར་སྣེ་སྐར་ཁུང་ཁ་ཕྱི་བ་ལྟ་བུར་གྱུར་བས་སྙིང་གའི་ཐད་དུ་རྣམ་ཤེས་ཀྱི་ངོ་བོ་ཐིག་ལེ་དཀར་ལ་དམར་བའི་མདངས་ཆགས་པ་རྒྱ་སྲན་ཙམ་འཕར་ལ་ཁད་འཕུར་ལ་ཁད་ཀྱི་རྣམ་པ་ཅན་དུ་གསལ་བཏབ་ཏེ་དེ་ལ་སེམས་བཟུང་ནས་སྤྱི་གཙུག་ན་བཞུགས་པའི་བླ་མ་མགོན་པོ་འོད་དཔག་མེད་ལ་གསོལ་བ་འདི་ལྟར་ཐོབ་ཅིག   བསླུ་མེད་དཀོན་མཆོག་གསུམ་གྱི་ངོ་བོ་ཉིད།   ། ངན་སོང་འཇིག་ལས་སྒྲོལ་བའི་དཔའ་བོ་སྟེ།། དག་པའི་ཞིང་དུ་འཁྲུལ་པའི་དེད་དཔོན་མཆོག  ། མགོན་པོ་འོད་དཔག་མེད་ལ་གསོལ་བ་འདེབས ། ། གནད་གཅོད་གཤིན་རྗེའི་འཇིག་ལས་བསྐྱབ་ཏུ་གསོལ།། འཇིག་རུང་བར་དོའི་འཕྲང་ལས་བསྒྲལ་དུ་གསོལ། ། བཟོད་དཀའ་ངན་འགྲོའི་གཡང་ལས་དྲང་དུ་གསོལ། ། ཞིང་མཆོག་བདེ་བ་ཅན་དེར་འཁྲིད་དུ་གསོལ།། ཚེ་འདི་བློ་ཡི་ཐོང་བར་བྱིན་གྱིས་བརློངས།  །  ཟབ་ལམ་འཕོ་བ་ཐེབས་པར་བྱིན་གྱིས་རློབས།  ། རེ་ས་གཞན་ན་མེད་དོ་ཐུགས་རྗེ་དྲོངས། ། འོད་དཔག་མེད་ཀྱི་མཚན་ལན་བདུན་ནམ་ཉེར་གཅིག     དེ་ལྟར་གདུང་ཤུག་དྲག་པོས་གསོལ་བཏབ་པས །  །  མགོན་པོའི་ཐུགས་ཀ་ནས་འོངས་འོད་ཟེརགྱི།  ། ལྕགས་ཀྱུས་ཁྱོད་སེམས་ཐིག་ལེར་གསལ་ལ་བཏབ།  ། འོག་རླུང་དྲག་ཏུ་འཐེན་པའི་གཞུ་མོ་ལ། །   ཧིག་གི་མདའ་སྦྱར་བླ་མའི་ཐུགས་ཀར་འཕངས།། ཧི་ག་ཕཊ ། འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད ། །  དུས་མིན་འཆི་བ་མ་ལུས་འཇོམས་པའི་དཔལ ། །  མགོན་མེད་སྡུག་བསྔལ་གྱུར་བ་རྣམས་ཀྱི་སྐྱབས།  ། སངས་རྒྱས་ཚེ་དཔག་མེད་ལ་གསོལ་བ་འདེབས།  །  ཚེ་གཟུངས་བཟླ   དགེ་བ་འདི་ཞེས་བ་ནསདེ་ཡི་ས་ལ་འགོད་པར་ཤོག  །

༄༅ །  །འཕོ་བ་དཔའ་བོ་གཡུལ་དུ་འཇུག་པའི་གོ་ཆ་ཞེས་བྱ་བ་བཞུགས་སོ།  །

༄༅།།ན་མོ་གུ་རུ་མཉྫུ་གྷཽ་ཥ་ཡ །    འདིར་འཆི་དུས་སུ་ངེས་པར་དགོས་པ།   དཔའ་བོ་གཡུལ་དུ་འཇུག་པའི་གོ་ཆའི་གྲབས་བྱེད་པ་ལྟ་བུ་འཕོ་བ་བསྡུས་པ་ཉམས་སུ་ལེན་ཚུལ་ནི།     སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་།  བདེ་བ་ཅན་ནས་རྩ་བའི་བླ་མ་དང་།། དབྱེར་མེད་འོད་དཔག་མགོན་སྤྱན་དྲངས་ཏེ།   །  བདག་གི་སྤྱི་བོར་དགྱེས་བཞིན་བཞུགས་པར་གྱུར། །  རང་ལུས་དབུས་ཀྱི་དྲང་བོར་རྩ་དབུ་མ།  ། མདའ་སྨྱུག་ཙམ་ཞིག་མར་སྣེ་ལྟེ་འོག་ནས།  ། ཡར་སྣ་ཚངས་བུག་ཐལ་གྱིས་ཟུག་པར་བསམ།།  སྙིང་དབུས་རང་སེམས་ཐིག་ལེ་རྒྱ་སྲན་ཙམ།  །  དཀར་འཚོར་འཕུར་ཞིང་འཕར་ལ་ཁད་པ་བསྒོམ།  ། ཚེ་འདིའི་གཉེན་འཁོར་གནས་ལུས་ལོངས་སྤྱོད་སོགས།  ། གང་ལའང་ཆགས་ཤིང་ཞེན་པ་རབ་སྤངས་ནས།  །  སྤྱི་བོའི་བླ་མ་སྐྱབས་གསུམ་ཀུན་འདུས་ལ །  །  གུས་པས་སྐྱབས་འགྲོ་གསོལ་འདེབས་ཡང་ཡང་བྱ །  ། བསླུ་མེད་དཀོན་མཆོག་གསུམ་གྱི་ངོ་བོ་ཉིད།། ངན་སོང་འཇིགས་ལས་སྒྲོལ་བའི་དཔའ་བོ་སྟེ། །དག་བའི་ཞིང་དུ་འཁྲིད་པའི་དེད་དཔོན་མཆོག  །མགོན་པོ་འོད་དཔག་མེད་ལ་གསོལ་བ་འདེབས།  །གནད་གཅོད་གཤིན་རྗེའི་འཇིགས་ལས་སྐྱབ་ཏུ་གསོལ།   །   འཇིགས་རུང་བར་དོའི་འཕྲང་ལས་སྒྲལ་དུ་གསོལ།  ། བཟོད་དཀའ་ངན་འགྲོའི་གཡངས་ལས་དྲང་དུ་གསོལ།    ། ཞིང་མཆོག་བདེ་བ་ཅན་དེར་འཁྲིད་དུ་གསོལ།  ། རེ་ས་གཞན་ན་མེད་དོ་ཐུགས་རྗེས་དྲོངས།།དེ་ལྟར་གདུང་ཤུགས་དྲག་པོས་གསོལ་བཏབ་པས། །མགོན་པོའི་ཐུགས་ཀ་ནས་འོངས་འོད་ཟེར་གྱི། །ལྕགས་ཀྱུས་རང་སེམས་ཐིག་ལེར་གསལ་ལ་བཏབ།།     འོག་རླུང་དྲག་ཏུ་འཕེན་པའི་གཞུ་མོ་ལ།། ཧིག་གི་མདའ་སྦྱར་བླ་མའི་ཐུགས་ཀར་འཕངས། །   ད་ལྟ་སྦྱོང་དུས་རྣམ་ཤེས་ཚངས་བུག་ལས། །  མི་འདོན་སླར་ཡང་སྙིང་ཁའི་དབུས་སུ་འཇོག  །  རྒྱལ་བའི་དཀྱིལ་འཁོར་བཟང་ཞིང་དགའ་བ་དེར། །  ཞེས་སོགས་སྨོན་ལམ་དག་པས་མཚམས་སྦྱར་བྱ།  །  ཚུལ་འདི་སྡིག་ཅན་བཙན་ཐབས་འཚང་རྒྱའི་ཐབས། ། མ་སྒོམས་འཚང་རྒྱ་འཕོ་བའི་མན་ངག་ཅེས། །  བླ་མེད་རྒྱུད་སྡེའི་སྙིང་བོ་བསྡུས་པ་ཡིན ། ། ཅེས་པ་འདི་ཡང་འགྲོ་བ་མང་པོ་ལ་ཕན་པའི་ཕྱིར།  བཙུན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་སྨྲས་བའོ། །        

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།