ཡོང་ཁུངས། དགེ་ལུགས་དྲ་བ། སྤེལ་དུས། 2015-12-29 21:31:24
རྩོམ་པ་པོ། སྐལ་བཟང་ཐབས་མཁས་རྒྱ་མཚོ། ཀློག་ཐེངས།
༄༅།།ན་མོ་གུ་རུ་སུ་མ་ཏི་ཀཱི་རྟི་ཡ། བློ་གཏེར་འཇམ་དཔལ་དབྱངས་ཀྱི་ཡེ་ཤེས་གཟུགས། །བཟང་བོའི་ འཕྲིན་ལས་ཐུབ་བསྟན་དཔལ་གྱུར་བའི། །གྲགས་པ་སྲིད་གསུམ་ཁོངས་ལས་རབ་བརྒལ་བ།།ཡབ་རྗེ་རྒྱལ་བ་གཉིས་པར་སྙིང་ནས་འདུད། །དུས་མཐར་སྲས་བཅས་རྒྱལ་བའི་མཛད་པ་ཀུན། །སྒྲུབ་མཛད་མགོན་ དེའི་ཐུགས་རྒྱུད་བསྐུལ་བའི་སླད། །གང་གི་མཁྱེན་པའི་རང་གདངས་དམིགས་བརྩེ་མའི། །བསྙེན་སྒྲུབ་ བྱེད་ཚུལ་གསལ་བར་འགོད་ལ་སྤྲོ། །
དེ་ལ་ཐོག་མར་གནས་ཁང་བྱི་དོར་བྱ་བ།སྐུ་གསུང་ཐུགས་རྟེན་བཀྲམ་པ། མཚམས་ཐོ་སློང་ཚུལ། ཕྱི་ནང་གི་མཚམས་གཅོད་ཚུལ་སོགས་གཞུང་སྤྱི་འགྲོ་ལྟར་ལ། མི་འདྲ་བའི་ཁྱད་པར་ནི། རྟེན་གྱི་གཙོ་བོ་རྗེའི་སྐུ་རབ་གནས་ཅན་དང་། ཚོགས་ཞིང་གི་མཆོད་པ་མཆོད་ཡོན་ཉེར་སྤྱོད་དང་།བདག་བསྐྱེད་མཆོད་པ་ཆུ་གཉིས་ཉེར་སྤྱོད་བཤམས། བགེགས་གཏོར་གྱི་སྐབས་འཇིགས་བྱེད་སྐད་ཅིག་དཀྲོང་བསྐྱེད་དང་། བསྲུང་འཁོར་འཇིགས་བྱེད་ལྟར་ ཡིན་ནོ། །
དེ་ནས་མདུན་གྱི་ནམ་མཁར་སྐྱབས་ཡུལ་རྣམས་གསལ་བཏབ་སྟེ། བླ་མ་ལ་སྐྱབས་སུ་མཆིའོ། ། སངས་རྒྱས་ལ་སྐྱབས་སུ་མཆི། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཁམས་གསུམ་ཆོས་ཀྱི་རྒྱལ་བོ་ཤར་ཙོང་ཁ་བ་ཆེན་པོའི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ལ་སྐྱབས་སུ་མཆིའོ། །དཔལ་མགོན་དམ་པ་ཆོས་སྐྱོང་བའི་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་པ་ལན་གསུམ་གྱིས་ཉུང་མཐའ་བྱས་པའི་གྲངས་ཇི་ལྟར་རིགས་པ་ དང་།སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །ཞེས་སོགས་ཀྱིས་ཀྱང་སེམས་བསྐྱེད། མ་གྱུར་སེམས་ཅན་ཐམས་ཅད་ཅེས་སོགས་ཀྱིས་ཚད་མེད་བཞི་བསྒོམ།
དངོས་གཞི་ནི།རང་གི་མདུན་གྱི་ནམ་མཁར་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་མཐོ་ཞིང་ཡངས་པའི་སྟེང་ཁར་སྣ་ཚོགས་པད་ཟླ་ཉི་མའི་དཀྱིལ་འཁོར་གྱི་གདན་ལ་མཉམ་མེད་ཐུབ་པའི་དབང་བོ་ནས་རང་གི་དྲིན་ཆེན་རྩ་བའི་བླ་མའི་བར་གྱི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་འདུས་པའི་བདག་ཉིད་ཐུབ་དབང་རྡོ་རྗེ་འཆང་བློ་བཟང་གྲགས་པ་སྐུ་མདོག་དཀར་ལ་དམར་ བའི་མདངས་ཆགས་པ། ཞལ་གྱི་དཀྱིལ་འཁོར་ཤིན་ཏུ་འཛུམ་ཞིང་སྤྱན་དཀྱུས་རིང་བ།སྐུ་ལ་ཆོས་གོས་ངུར་སྨྲིག་གསུམ་མཛེས་པར་གསོལ་བ།དབུ་ལ་པཎ་ཞྭ་གསེར་གྱི་མདོག་ཅན་སྣེ་རིང་གསོལ་བ།ཕྱག་གཉིས་ཆོས་འཁོར་གྱི་ཕྱག་རྒྱས་ཨུཏྤལའི་ཡུ་བ་ཐུགས་ཀར་བཟུང་བའི་འདབ་མ་སྙན་གཡས་གཡོན་གྱི་ཐད་དུ་ཁ་ཕྱེ་བའི་སྟེང་དུ་ཤེས་རབ་ཀྱི་རལ་གྲི་དང་བརྒྱད་སྟོང་བའི་གླེགས་བམ་བསྣམས་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། འོད་ཟེར་གྱི་ཚོགས་ཞིང་ཁམས་ཀུན་འགེངས་པར་འཕྲོས་པས། ཞིང་ཁམས་ཐམས་ཅད་སྐུ་ལ་སྣང་ ཞིང་།སྐུས་ཞིང་ཁམས་ཐམས་ཅད་ཁྱབ་པའི་བདག་ཉིད་ཅན་དུ་བཞུགས་པའི་སྤྱི་བོར་ཨོཾ་དཀར་བོ། མགྲིན་པར་ཨཱཿདམར་བོ། ཐུགས་ཀར་ཧཱུཾ་སྔོན་པོ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཆེན་པོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས།
དགའ ་ལྡན་ལྷ་བརྒྱའི་མགོན་གྱི་ཐུགས་ཀ་ནས། ། རབ་དཀར་ཞོ་གསར་སྤུངས་འདྲའི་ཆུ་འཛིན་རྩེར། །ཆོས་ཀྱི་རྒྱལ་བོ་ཀུན་མཁྱེན་བློ་བཟང་གྲགས། །སྲས་དང་བཅས་པ་གནས་འདིར་གཤེགས་སུ་གསོལ། །ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་གྱུར། མདུན་གྱི་ནམ་མཁར་སེང་ཁྲི་ཞེས་པ་ནས་གསལ་བྱེད་ཤོག །ཅེས་པའི་བར་གྱིས་ཡན་ལག་བདུན་པ་བྱ། དེ་ནས་མཎྜལ་ཕུལ་ལ་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ངྷཱིཿཡིག་གི་མཐར་མཚན་སྔགས་ཀྱིས་བསྐོར་བ་ལས་བདུད་རྩིའི་རྒྱུན་བབས།ལུས་ཀྱི་ནང་གང་།སྡིག་སྒྲིབ་དགདབང་བཞི་ཐོབ།སྐུ་བཞི་མངོན་དུ་གྱུར་བའི་ནུས་པ་བཞག་པར་བསམ་ལ། ཨོཾ་ཨཱཿགུ་རུ་བཛྲ་དྷཱ་ར་སུ་མ་ཏི་ཀིརྟི་སིདྡྷི་ཧཱུཾ་ཧཱུཾ། ཞེས་ཇི་ལྟར་རིགས་པ་བཟླས་རྗེས།དགེ་བ་འདི་ཡིས་མྱུར་དུ་བདག །བློ་བཟང་གྲགས་པ་འགྲུབ་གྱུར་ནས། །ཅེས་སོགས་དང་། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། ། བདག་གི་སྙིང་ཀར་པདྨོའི་སྟེང་བཞུགས་ལ། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །མྱུར་དུ་ཁྱེད་རང་ལྟ་བུར་ བྱིན་གྱི་རློབས། །ཞེས་གསོལ་བ་བཏབ་པས།བླ་མ་ལྷ་བདག་ཉིད་ལ་དགྱེས་བཞིན་དུ་ཐིམ་ པས། རང་ཉིད་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་མཐོ་ཞིང་ཡངས་པའི་ཞེས་པ་ནས་ཐུགས་ ཀར་ཧཱུཾ་སྔོན་པོ།ཞེས་པའི་བར་སྔར་བཞིན་བརྗོད།ཐུགས་ཀའི་ཧཱུཾ་ལས་སྤྲོས་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པར་བསམ་ལ། ཨོཾ་ཨཱཿགུ་རུ་བཛྲ་དྷཱ་ར་སུ་མ་ཏི་ཀཱི་རྟི་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། རྒྱལ་བ་ཀུན་གྱི་མཁྱེན་བརྩེ་མ་ལུས་པ། །གཅིག་ཏུ་བསྡུས་པ་རྗེ་བཙུན་འཇམ་པའི་དབྱངས། །ངུར་སྨྲིག་གར་རོལ་བློ་བཟང་གྲགས་པའི་དཔལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ།།ཞེས་བསྟོད།
རང་ཉིད་རྗེ་བླ་མར་གསལ་བའི་ཐུགས་ཀའི་ཉི་མའི་དཀྱིལ་འཁོར་གྱི་ སྟེང་ཏུ་དྷཱིཿཡིག་དམར་སེར། དེའི་མཐའ་སྐོར་དུ་དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །དྲི་མེད་མཁྱེན་པའི་དབང་བོ་འཇམ་པའི་དབྱངས། །གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་བ། ། བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས། །ཞེས་པས་བསྐོར་བ་ལས་འོད་ཟེར་འཕྲོས། འགྲོ་བའི་དོན་བྱས། སླར་འདུས། ཐུགས་ཀའི་ས་བོན་ལ་ཐིམ་པར་བསམ་ལ་དམིགས་བརྩེ་མ་བཟླའོ། །མཇུག་ཏུ་ཡིག་བརྒྱས་ལྷག་ཆད་བསྐང་།མཆོད་བསྟོད་གོང་བཞིན་བྱ།དེ་ནས་དགེ་བ་འདི་ཡིས་མྱུར་དུ་བདག །བློ་བཟང་གྲགས་པ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །དེ་ལྟར་མཉམ་མེད་ཀུན་མཁྱེན་ཙོང་ཁ་བའི། །གོ་འཕང་དེ་ཉིད་མངོན་དུ་བྱ་བའི་ཕྱིར། །བླ་མའི་རྣལ་འབྱོར་ བསྐྱེད་པའི་རིམ་པར་བཅས། །བསྒོམས་པས་དེ་དོན་མངོན་དུ་འགྱུར་བར་ཤོག །ཁྱད་པར་ཁྱེད་ཀྱི་ཆོས་སྐུ་དང་མཚུངས་པའི། །སྟོང་ཉིད་ངང་ལས་རབ་མཛེས་མཚན་དཔེའི་སྐུ། །དཀར་གསལ་ཆོས་འཆད་རལ་གྲི་གླེགས་ བམ་ཅན། །བསྒོམས་པས་ཁྱེད་སྐུ་མངོན་དུ་འགྱུར་བར་ཤོག །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི་གེར་བཅས། ། གནས་གསུམ་དག་ཏུ་བརྟན་པར་བརླབས་པ་ལས། །འབད་རྩོལ་མེད་པར་རླུང་སེམས་མ་ལུས་པ། །དྷཱུ་ ཏིའི་ནང་དུ་བསྡུས་པའི་དཔལ་ཐོབ་ཤོག །གསོལ་འདེབས་རྒྱལ་བོ་ཚིགས་སུ་བཅད་པ་ཡི། །བསྙེན་སྒྲུབ་ ཕ་མཐར་ཕྱིན་པ་ལེགས་བསྐྱངས་ནས། །ལས་ཚོགས་བཅུ་གཅིག་ལ་སོགས་ལས་རབ་འབྱམས། །མ་ལུས་བསྒྲུབ་ལ་ཐོགས་པ་མེད་པར་ཤོག །ཁྱད་པར་ཐུབ་དབང་རྡོ་རྗེ་འཆང་དབང་ནས། །རྩ་བའི་བླ་མའི་བར་གྱི་ངོ་བོ་ཉིད། །བློ་བཟང་གྲགས་པའི་དཔལ་མཆོག་ཁྱོད་ཀྱིས་ནི། །ཚེ་རབས་ཀུན་ཏུ་འབྲལ་མེད་རྗེས་འཛིན་ཤོག །ཚེ་ཡི་མཐར་ཡང་བློ་བཟང་གྲགས་པའི་དཔལ། །ཡིད་འོང་མཆོད་སྤྲིན་སྙན་པའི་རོལ་མོར་བཅས། །བུ་བུ་ཚུར་ཤོག་དགའ་ལྡན་གནས་འགྲོ་ཞེས། །གསུང་གིས་དབུགས་དབྱུང་དངོས་སུ་ཐོབ་པར་ཤོག །རྣམ་དག་བསམ་པས་ཚུལ་འདིར་འབད་པ་ལས། །བྱུང་ བའི་དགེ་བས་མཐའ་ཡས་འགྲོ་བ་ཀུན། །སྐྱེ་ཞིང་སྐྱེ་བར་བློ་བཟང་ཞི་ཁྲོ་ཡིས། །འབྲལ་བ་མེད་པར་རྗེས་སུ་འཛིན་གྱུར་ཅིག །ཅེས་བསྔོ་སྨོན་བྱས་ཏེ་ཐུན་མཚམས་ལ་འཇུག་གོ །
ཉིན་རེ་བཞིན་ཐུན་བཞི་རེ་དང་། ཐུན་མཐའ་མའི་མཇུག་ཏུ།རབས་ཡངས་ནམ་མཁའ་ཏིལ་གྱི་གང་བུ་བཞིན། །ཡོངས་སུ་གང་བའི་བློ་བཟང་གྲགས་པའི་དཔལ། །ཁ་ཅིག་མེ་ཏོག་སྣ་ཚོགས་ཆར་ འབེབས་ཤིང་། །ལ་ལ་བཀྲ་ཤིས་གདངས་སྙན་གླུ་རུ་ལེན། །གཞན་དག་བདུད་བགེགས་འཇོམས་པའི་འཕྲིན་ལས་མཛད། །ཁྱེད་ལ་རྟག་ཏུ་དཔལ་གནས་མཛད་པ་འདི། །ཤེས་པར་གྱིས་ལ་ཡིད་བདེ་བསྐྱེད་ཅིག་དང་། ། ཤིས་བརྗོད་འཕྲེང་བ་བདག་གིས་བསྒྲག་པར་བྱ། ། རྨད་བྱུང་མཚན་དཔེའི་དཔལ་འབར་ལོངས་སྤྱོད་རྫོགས། །ཁ་སྦྱོར་བདེ་སྟོང་རོ་ལ་རྟག་རོལ་ཅིང་། །དམིགས་མེད་ཐུགས་རྗེས་ཞི་བའི་མཐའ་སྤངས་པ། །བློ་བཟང་ཡན་ ལག་བདུན་ལྡན་ལ་ཕྱག་འཚལ། །གསང་བ་ཀུན་གྱི་བདག་པོ་དགེ་ལེགས་དཔལ། །ཆོས་ཀྱི་རྒྱལ་མཚན་ཆོས་ཀྱི་རྡོ་རྗེ་ དང་། །བློ་བཟང་དོན་འགྲུབ་ཆོས་ཀྱི་རྒྱལ་མཚན་སོགས། །རྩ་བ་བརྒྱུད་པའི་བླ་མ་མཆོག་རྣམས་ལ། །དགེ་མཚན་ཇི་སྙེད་མཆིས་པའི་བཀྲ་ཤིས་དེས། །ཁྱེད་རྣམས་ཇི་བཞིན་ལམ་མཆོག་འདི་ཉིད་ལས། །བློ་བཟང་རྡོ་རྗེ་འཆང་དབང་མྱུར་ཐོབ་ནས། །འགྲོ་ཀུན་ཚུལ་དེར་འགོད་པའི་བཀྲ་ཤིས་ཤོག །ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་གི །སྙིང་བོ་གཅིག་ཏུ་བསྡུས་པའི་བསྟོད་པའིརྒྱལ། །གང་གི་ཉམས་ལེན་རིམ་པ་ཐམས་ཅད་ཀྱིས། །བཀྲ་ཤིས་དགེ་མཚན་རྒྱ་མཚོས་ཁྱབ་གྱུར་ཅིག །ཚུལ་དེར་སྤྱོད་པའི་འཕགས་པའི་གང་ཟག་དང་། །ལམ་ལ་ཞུགས་དང་སོ་སོའི་སྐྱེ་བོ་ཡི། ། དགེ་འདུན་དཀོན་མཆོག་ཇི་སྙེད་མཆིས་པ་ཡིས། །བཀྲ་ཤིས་བྱེ་བ་ཆར་དུ་ཕབ་ཏུ་གསོལ། །ནམ་མཁའི་ཁྱོན་ལྟར་ཡངས་པའི་ཕོ་བྲང་མཆོག །ཉི་ཟླའི་འོད་དང་མཉམ་པའི་འོད་འཕྲོ་ཞིང་། །གྲངས་མེད་རིན་ཆེན་རྒྱན་གྱིས་མཛེས་པ་ལ། །དགེ་མཚན་ཇི་སྙེད་མཆིས་པའི་བཀྲ་ཤིས་དེས། །ཁྱེད་ཅག་གང་དང་གང་དུ་གནས་པ་དེར། །མི་ཤིས་མཚན་མ་འགའ་ཡང་མི་འབྱུང་ཞིང་། །ཞིང་གི་འབྱོར་བ་ཕུལ་དུ་བྱུང་བ་ཡིས། །བདེ་ལེགས་རྒྱུན་མི་འཆད་པའི་བཀྲ་ཤིས་ཤོག །ཅེས་སོགས་བཀྲ་ཤིས་ཀྱིས་མཐའ་བརྒྱན་པར་བྱའོ། །
བསྙེན་ཚད་རྒྱས་བསྡུས་སྣ་ཚོགས་ཤིག་གསུངས་ཀྱང་། པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་གསུང་ལྟར་འབུམ་ཕྲག་གསུམ་མམ། ཡང་ན་འབུམ་ཕྲག་གཅིག་བཟླས་པས་ཆོག་གོ །ཆོ་གའི་་མགོ་མཇུག་ཀུན་ཏུ་སེམས་མི་ཡེངས་པར་ཚིག་རིས་ལྟར་གྱི་དམིགས་པ་འཆར་ཅི་ཐུབ་དང་། ཁྱད་པར་བཟླས་པའི་ སྐབས་རང་རྗེ་བླ་མར་གསལ་བའི་ཐུགས་ཀར་ཉི་གདན་ལ་དྷཱིཿཡིག་དམིགས་བརྩེ་མས་བསྐོར་བ་ལས་འོད་ཟེར་རིགས་དྲུག་གི་འགྲོ་བའི་གྲངས་དང་མཉམ་པའི་སྣེ་ལ་བླ་མ་དེ་སྙེད་སྤྲོས། འགྲོ་བ་རྣམས་ལ་གང་ལ་གང་འཚམ་གྱི་ཆོས་བསྟན་ཏེ་རྒྱུད་སྨིན་གྲོལ་ལ་བཀོད། སླར་འདུས་ཏེ་ཐུགས་ཀའི་ས་བོན་ལ་ཐིམ་པར་བསམ་མོ། །
དེ་ལྟ་བུའི་སྤྲོ་བསྡུའི་དམིགས་པ་ལན་རེ་བསྐྱངས་ནའང་ཕན་ཡོན་ཚད་མེད་པ་སྡུད་པས་ནན་ཏན་དུ་བྱའོ། །བསྙེན་གྲངས་ལེགས་པར་སོང་ནས་ཁ་སྐོང་གི་སྦྱིན་སྲེག་བྱ་ཚུལ་བདག་གི་བླ་མ་སྒོ་མང་རྡོ་རྗེ་འཆང་གི་གསུང་ལྟར་རམ། མཁན་ཆེན་ངག་དབང་ཐུབ་བསྟན་རྒྱ་མཚོའི་གསུང་ལྟར་བྱ་ལ། དེ་ལྟར་ན་འདས་ལྷའི་སྐབས་རིགས་གསུམ་མགོན་པོ་མ་བསྐྱེད་པར་བཏོན་ཀྱང་ཆོག་གོ །
སྤྱིར་ན་དམ་པ་གོང་མས་མཛད་པའི་རྗེ་རིན་པོ་ཆེའི་ཆོ་ག་མང་ན་ཡང་། རྒྱལ་མཁན་ཆེན་གྲགས་པ་རྒྱལ་མཚན་གྱི་གསུང་ལས། འཇམ་དཔལ་ངུར་སྨྲིག་ཚུལ་བཟུང་ཙོང་ཁ་བ། ། དེ་ཡི་རྣམ་འཕྲུལ་ དཔལ་ལྡན་ཡེ་ཤེས་ཞབས། །ཞེས་གསུངས་པ་ལྟར། པཎ་ཆེན་ཐམས་ཅད་མཁྱེན་པ་ནི་རྗེ་བདག་ཉིད་ཆེན་པོའི་སྤྲུལ་བར་ཚད་མའི་ལུང་གིས་གྲུབ་པས། བྱིན་རླབས་ཀྱི་ཁྱད་པར་ལ་བསམ་ནས་པཎ་ཆེན་རིན་པོ་ཆེའི་གསུང་རང་སོར་བཞག་པ་ཡིན་ལ།དེར་དགའ་ལྡན་ལྷ་བརྒྱ་མ་མེད་ཀྱང་། རྗེ་ངག་དབང་དགེ་ལེགས་པའི་གསུང་དུ་བྱུང་བ་ལྟར་འདིར་ཡང་བཀོད་ལ། པཎ་ཆེན་གྱི་གསུང་ན་ཚོགས་ཞིང་སྤྱི་བོར་བསྐྱེད་ཡོད་ཀྱང་འདིར་མདུན་གྱི་ནམ་མཁར་བསྐྱེད་པ་ནི། དགའ་ལྡན་ལྷ་བརྒྱ་མ་དང་བསྟུན་པ་ཡིན་ནོ། ། འདི་ནི་དམིགས་བརྩེ་མ་ གཅིག་བུའི་བསྙེན་པ་བྱ་ཚུལ་བཀོད་པ་ཡིན་གྱི། རིགས་གསུམ་མགོན་པོའི་བསྙེན་པ་དང་སྦྲགས་ཚེ་མཁན་ཆེན་ངག་གི་དབང་བོའི་གསུང་ལྟར་ཉམས་སུ་བླང་བར་བྱའོ། །
སྨྲས་པ། རྒྱལ་ཀུན་མཁྱེན་པའི་རང་གཟུགས་འཇམ་མགོན་རྗེའི། །བྱིན་རླབས་སྙིང་གི་ཟེའུ་འབྲུར་སྨིན་པའི་ཕྱིར། །རྩེ་གཅིག་གསོལ་བ་འདེབས་པའི་ཉམས་ལེན་ལ། །གཞོལ་བའི་བློ་ལྡན་ གང་དེ་སྐལ་བ་བཟང་། །ཚུལ་འདིར་འབད་ལས་དགེ་བ་གང་ཐོབ་དེས། །སྐྱེ་ཞིང་སྐྱེ་བར་ཀུན་མཁྱེན་ཙོང་ཁ་བས། །འབྲལ་བ་མེད་པར་དགྱེས་བཞིན་རྗེས་བཟུང་སྟེ། ། སྤངས་རྟོགས་ས་ལམ་བགྲོད་པ་མཐར་ཕྱིན་ཤོག ། ཅེས་དམིགས་བརྩེ་མའི་བསྙེན་ཡིག་འཇམ་མགོན་བྱིན་རླབས་མྱུར་འཇུག་ཅེས་བྱ་བ་འདི་ནི།དད་བརྩོན་རྣམ་དཔྱོད་ཕུལ་དུ་བྱུང་བ་དགེ་སློང་འཇིགས་མེད་ཆོས་འཕེལ་གྱིས་ལོ་སྔ་ཕྱིར་ཡང་ཡང་བསྐུལ་ངོར། ༧ཤཱཀྱའི་བཙུན་གཟུགས་སྐལ་བཟང་ཐབས་མཁས་རྒྱ་མཚོས་སྦྱར་བ་འདིས་ཀྱང་འཇམ་མགོན་རྒྱལ་བ་གཉིས་པའི་རིང་ལུགས་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པར་གྱུར་ཅིག ༈
ན་མོ་གུ་རུ། དམིགས་བརྩེ་མ་དང་རིགས་གསུམ་མགོན་པོ་སྦྲགས་ནས་བསྙེན་པ་བྱེད་ཚེ། ༧རྗེ་ངག་དབང་ཐུབ་བསྟན་རྒྱ་མཚོའི་གསུང་ལྟར་བྱ་དགོས་ལ། དེར་འདོན་ཚུལ་ནི་རྒྱས་བསྡུས་མང་བོ་ཞིག་གསུང་འདུག་ཀྱང་། གོ་སླ་བར་བརྗོད་ན་འདི་ལྟར། བླ་མའི་རྣལ་འབྱོར་རྒྱས་པ་གཞུང་ལྟར་བཏོན་ནས། སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ ལུས་པ་ཐོབ་པར་གྱུར།ཅེས་བརྗོད་ལ་ཐོག་མར་དམིགས་བརྩེ་མ་ཁོ་ན་གྲངས་གསོག རྗེ་བླ་མའི་དཔྲལ་བའི་འཇམ་པའི་དབྱངས་ཀྱི་ཞེས་སོགས་དམིགས་སྐོར་འོག་མ་གསུམ་གྱི་སྐབས་སྔགས་བརྒྱ་རེས་ཆོག དམིགས་བརྩེ་མ་སོང་བ་ན། ཨ་ར་པ་ཙ་ལ་གྲངས་འཛིན། དེའི་ཚེ་དམིགས་བརྩེ་མ་ཅི་ནུས་རེ་བཏོན་པས་ཆོག གཞན་གཉིས་ལའང་དེ་དང་འདྲ། བསྙེན་ཚད་ནི། དམིགས་བརྩེ་མ་དང་རིགས་གསུམ་མགོན་པོའི་སྔགས་རྣམས་རེ་རེ་ནས་འབུམ་ཕྲག་གསུམ་རེ་བཟླ་དགོས་སོ། །
ཆོ་ག་མཇུག་བསྡུ་ཚུལ་ནི། བཛྲ་བ་ཎི་བཟླས་མཐར་ཡིག་བརྒྱས་ལྷག་ཆད་བསྐང་།མཎྜལ་རྒྱས་བསྡུས་ཅི་རིགས་ཕུལ་ཏེ་བྱིན་རླབས་སྤུངས་ཞུས་ནས་བཟུང་དཀྱུས་ལྟར་ལ། གཟུངས་སྔགས་འུར་ཆེམས་ཆེམས་སྒྲོགས་པར་གྱུར། དམིགས་བརྩེ་མ་སོགས་བཟླ། མཇུག་ཏུ་དགེ་བ་འདི་ཡིས་སོགས་དང་། སྙིང་སྔགས་དཀྲི་བའི་དམིགས་པ་བསྐྱངས་རྗེས། དེང་བརྩམས་མ་སོགས་བཏོན་ཏེ་ཐུན་མཚམས་ལ་འཇུག་གོ ། ༧དགའ་ལྡན་ལྷ་བརྒྱ་མའི་ལུང་ཁྲིད་ཙམ་ལས་རིགས་གསུམ་སྤྱི་སྒྲུབ་ཀྱི་རྗེས་གནང་མ་ཐོབ་པ་རྣམས་ཀྱིས་ཀྱང་དགའ་ལྡན་ལྷ་བརྒྱ་མའི་སྟེང་ནས་དམིགས་བརྩེ་མའི་བསྙེན་པ་རེ་བཏང་ན་ལེགས་ལ། དེའི་ཚེ་གུང་ཐང་འཇམ་པའི་དབྱངས་སོགས་དམ་པ་གོང་མས་མཛད་པའི་དགའ་ལྡན་ལྷ་བརྒྱ་མའི་གཞུང་བསྲེངས་རེ་འདོན་ཐུབ་ན་ལེགས་ཤིང་། ཁ་སྐོང་ལ་ཡིག་བརྒྱ་བཏོན་ན་ཆོག་གོ ། འདི་ཡང་དགེ་སློང་ འཇིགས་མེད་ཆོས་འཕེལ་གྱིས་དྲིས་པའི་ལན་དུ༧བཙུན་གཟུགས་སྐལ་བཟང་ཐབས་མཁས་རྒྱ་མཚོས་བྲིས་པའོ། །
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་བཅས་གསལ་པོར་དགོད་པར་ཞུ།
རྩོམ་ཁུངས། དགེ་ལུགས་པའི་དྲ་བ།
རྩོམ་འདིའི་སྦྲེལ་ཐག http://www.tb1025.cn