དཔལ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་བསྙེན་ཡིག་དངོས་གྲུབ་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །

    སྤེལ་དུས།  2015-12-06 13:22:13         ཀློག་ཐེངས།  

            ན་མོ་གུ་རུ་མ་ཧཱ་ཀཱ་ལ་ཡ། གང་སྐུའི་སྣང་བ་ཡིད་ལ་དྲན་པས་ཀྱང་། །མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ། །སྐད་ཅིག་ཉིད་ལ་སྩོལ་མཛད་བླ་མ་དང་། །དབྱེར་མེད་མགོན་པོའི་ཞབས་ལ་གུས་པས་འདུད། །སྣོད་དུ་རུང་ཞིང་དམ་ཚིག་གཅེས་པར་བཟུང་། །སྙིང་ནས་དམ་ཆོས་སྒྲུབ་པ་ལྷུར་བྱེད་པའི། །སྐལ་ལྡན་སྐྱེ་བུས་བླ་མ་ལྷག་པའི་ལྷ ། །ཇི་ལྟར་བསྙེན་པའི་རིམ་པ་མདོ་ཙམ་འགོད། །དེ་ཡང་མཁས་གྲུབ་ཁྱུང་བོ་རྣལ་འབྱོར་གྱིས་མངའ་བདག་མཻ་ཏྲི་བ་ཆེན་པོ་ལ་གསེར་སྲང་བདུན་ཕུལ་ནས། བོད་ལོངས་སྤྱོད་ཆུང་ཞིང་བསྒྲུབ་ལོང་མེད་པར་བར་ཆད་ཀྱི་དབང་དུ་འགྲོ་བར་འདུག་པས། བསྒྲུབ་ཐག་ཉེ་ལ་རྟགས་མཚན་ཆེ་བའི་ཆོས་གཅིག་ཞུ་ཞུས་པས། མཻ་ཏྲི་བས་ཐུགས་རྗེ་ཆེན་པོ་ནག་པོའམ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་ཞེས་བྱ་བ། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ལོ་ཟླ་ཙམ་གྱིས་འགྲུབ་པ། མཆོག་བསྒྲུབས་པས་ཐུན་མོང་ཞར་ལ་འབྱུང་བ་མཐུན་མོང་བསྒྲུབས་པས་མཆོག་ཞར་ལ་འབྱུང་བ་གཅིག་ཡོད་པ་དེ་སྦྱིན་གྱི་གསུངས་ནས་ཡུན་རིང་པོར་བསྒྲུབ་མི་དགོས་བར་ཞལ་མཐོང་བ། གསོལ་བ་བཏབ་པ་ཙམ་གྱིས་འདི་ཕྱི་བར་དོའི་འཇིགས་པ་ཐམས་ཅད་ལས་སྐྱོབ་ནུས་པའི་ཡི་དམ་བསྲུང་མ་ཁྱད་པར་ཅན་འདི་གནང་བ་ཡིན་ལ། འདི་སྒྲུབ་པ་པོའི་རྟེན་གྱི་གང་ཟག་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པ་ལས་ཡི་དམ་རྡོ་རྗེ་འཇིགས་བྱེད་ལྟ་བུའིདགྱིལའཁོར་དུ་ཞུགས། དབང་བཞི་ཐོབ་ཅིང་བསྙེན་པ་ཚད་དུ་ཐེང་བ། དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་འདིའི་རྗེས་གནང་དབང་བཞི་དང་འབྲེལ་བ་ཐོབ་པ། སྤྱི་དང་ཡན་ལག་གི་དམ་ཚིག་རྣམས་དང་འདིའི་སྒོས་ཀྱི་དམ་ཚིག་ལ་གནས་པ། བླ་མ་དང་ལྷ་ལ་ཡིད་ཆེས་ཀྱི་བློ་ལྟོས་འཆའ་བ། སྒྲུབ་པ་ལ་གསར་དད་མ་ཡིན་པར་ཡུན་བསྲིང་ཐུབ་བའི་བརྩོན་པ་དང་ལྡན་པ་ཞིག་དགོས་ལ། བསམ་པའི་ཁྱད་པར་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་མ་བཅོས་པའམ་བཅོས་མ་ཚུན་ཆད་ལ་ཡི་དམ་འཆའ་བ། ཆོས་འདི་ལྟ་བུ་ལ་བརྟེན་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་བསྒྲུབ་རྒྱུ་ཡོད་པ་སྐལ་བ་བཟང་སྙམ་དུ་སྤྲོ་བ་དང་ལྡན་པ་རྣམས་མེད་དུ་མི་རུང་ངོ་། །གང་དུ་བསྒྲུབ་པའི་གནས་ནི། དབེན་ཅིང་འདུ་འཛི་དང་བྲལ་བ། གཅན་གཟན་དང་མི་མ་ཡིན་གདུག་པ་ཅན་གྱིས་ཐོ་འཚམ་པའི་ས་མ་ཡིན་པ། གྲིབ་ཅན་དང་དམ་ཉམས་ཀྱི་གནས་མ་ཡིན་པ། ས་རླན་དང་ཆུ་སྒྲ་སོགས་ལུས་དང་སེམས་གནས་སུ་མི་སྟེར་བའི་ས་མ་ཡིན་པ། མཐུན་རྐྱེན་འཛོམ་པའི་ཡུལ་དུ་སྤྱིལ་པོ་ལ་སོགས་པའི་ཡིད་མཐུན་གྱི་གནས་སོ༎དགོས་པ་བསྟན་པ་དང་དགེ་འདུན་ལ་བསྙད་བཏགས་ནས་རང་གི་དགྲ་འདུལ་གཉེན་སྐྱོང་དང་རྙེད་བཀུར་སྙན་གྲགས་སོཊ་ཚེ་འདིའི་ཕུན་ཚོགས་བསྒྲུབ་པའི་ཆེད་ཙམ་དུ་མ་སོང་བར། ཡི་དམ་ཆོས་སྐྱོང་ཁྱད་པར་ཅན་གྱི་ཞིང་གི་མཐུ་ལ་བརྟེན་ནས་མཆོག་གི་གོ་འཕང་བསྒྲུབ་པའི་ཆེད་དུ་འཇུག་པ་ཞིག་དགོས་སོ།། ཚུལ་ཇི་ལྟར་ཉམས་སུ་ལེན་པ་ཡང་། ཆོས་དང་ལོངས་སྤྱོད་ལ་སོགས་པའི་དངོས་གྲུབ་དོན་དུ་གཉེར་ན་ཡར་ངོའི་ཚེས་བརྒྱད་དང་བཅུ་དང་བཅུ་བཞི་བཅོ་ལྔ་ལྟ་བུ་གཟའ་སྐར་དང་སྦྱོར་བ་དང་བྱེད་པ་བཟང་པོ་ལ་བརྩམ་པར་བྱ་ལ། དེ་ལ་ཡང་མནྜལ་དང་འབྲེལ་བ་དང་། གཏོར་མ་འབའ་ཞིག་ལ་བརྟེན་པ་གཉིས། དེ་གཉིས་གང་བྱེད་ཀྱང་དུས་ཇི་ཙམ་བྱེདཔའི་རང་ལ་མཚམས་ཤིན་ཏུ་དམ་པར་བཅད། ཐུན་མཚམས་སུ་ཡང་མཚམས་གཡོག་མ་གཏོགས་པ་ནང་དུ་མི་བཞུག་ཅིང་དེ་ལ་ཡང་ངག་མི་བསྲེ། གྲིབ་ཅན་དང་གདོན་ཅན་དང་བླ་མ་སོགས་དང་འཁོན་ཡོད་པའི་ལག་ནས་བྱུང་བའི་བཟའ་བཏུང་དང་། གཏོར་མ་དང་། མཆོད་པའི་རྫས་ཀྱང་མི་ལེན། བླ་མ་དང་སྨན་པ་སོགས་དམིགས་འོག་ཏུ་ཚུད་དགོས་པ་རྣམས་དམིགས་ཡོག་ཏུ་ཆུད་པར་བྱས་ལ། སྐད་ཅིག་དཀྲོང་བསྐྱེད་ལྟ་བུས་རང་ཡི་དམ་གྱི་ང་རྒྱལ་ལ་གནས་ནས། དཀར་གཏོར་གཅིག་ལ་ཨམྲཱྀཏས་བསངས། སྭ་བྷཱ་ཝས་སྤྱངས། སྟོང་བའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་། ཨོཾ་ཨཱཿཧཱུཾ། ལན་གསུམ་བརྗོད༎རང་གི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་ཕྱོགས་བཞིར་གནས་པའི་གཞི་བདག་གནས་བདག་ས་ཡི་ལྷ་མོ་བརྟན་མ་དང་བཅས་པ་སྤྱན་དྲངས་། ཨོཾ་སརྦ་བྷུ་མི་བ་ཏི་ཀྵེཏྲ་པ་ལ་ས་བ་རི་ཝཱ་ར་ཛཿཛཿམདུན་དུ་བཞུགས་པར་གྱུར། མགྲོན་རྣམས་ཀྱི་ལྗགས་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དམར་པོ་འོད་ཀྱི་སྦུ་གུའི་རྣམ་པ་ཅན་གྱིས་གཏོར་མའི་བཅུད་ཐམས་ཅད་དྲངས་ཏེ་གསོལ་བར་གྱུར་བར་བསམ་ལ་། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམ་བྷ་ར་ཧཱུཾ། ལན་བཞི་དང་། ཨོཾ་སརྦ་བྷུ་མི་བ་ཏི་ཀྵེ་ཏྲ་བ་ལ་ས་པཱ་རི་ཝ་ར་བྷྱཿན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿཞེས་པ་ནས་བ་ལྀཾ་ཏ་ཡེ་སྭཱ་ཧཱ། ལན་གསུམ་གྱིས་བསྔོ། ཁྱེད་རྣམས་ཀྱིས་མཆོད་སྤྱིན་གྱི་གཏོར་མ་འདི་བཞེས་ལ། བདག་གིས་བདག་གཞན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་མ་མགོན་པོ་དབྱེར་མེད་པའི་བསྙེན་ཅིང་བསྒྲུབ་པའི་སྡོང་གྲོགས་མཛོད། དེའི་བར་ཆད་དང་འགལ་རྐྱེན་སོལ། མཐུན་རྐྱེན་སྒྲུབས། གཞི་ཆོས་ལྡན་དུ་སྐྱོང་བའི་འཕྲིན་ལས་ཁྱད་པར་ཅན་མཛོད་ཅིག། བཛྲ་མུཿམགྲོན་རྣམས་མཉེས་བཞིན་དུ་རང་གནས་སུ་གཤེགས་པར་གྱུར་ པར་གྱུར་པར་བསམ་ལ། གཏོར་མ་གཙང་སར་བསྐྱལ། བགེགས་གཏོར་བཤམས་ལ། ཁྲོ་བོ་སྤྱན་དྲངས་ནས། སུམ་བྷ་ནི་བརྗོད་ཅིང་བྱིན་གྱིས་བརླབས་པའི་ཡུངས་དཀར་གྱི་བྲབ། གུ་གུལ་གྱིས་བདུག། རོལ་མོའི་སྒྲ་དྲག་པོ་བྱས་ཏེ་བགེགས་བསྐྲད་པའི་བར་དཀྱུས་ལྟར་བྱ། དེ་ནས་སྒོ་དྲུང་དུ་མཚམས་ཐོའི་རྩར་མཆོད་གཏོར་བཤམས། མཆོད་པ་བསངས་སྦྱངས། སྟོང་བའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་ཡོན་ནས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའ་དང་མཉམ་པར། ཨོཾ་ཨརྒྷཾ་ཨཱཿཧཱུཾ་སོགས་དང་། གཏོར་མ་གཞི་བདག་གཏོར་མ་ལྟར་བྱིན་གྱིས་བརླབས། སྭ་བྷཱ་ཝས་སྤྱངས། སྟོང་བའི་ངང་ལས་ཐོ་པ་རྣམས་སྐད་ཅིག་གིས་རྒྱལ་པོ་ཆེན་པོ་བཞིའི་སྐུར་བཞེངས་པར་གྱུར། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་རང་བཞིན་གྱི་གནས་ནས་རྒྱལ་པོ་ཆེན་པོ་སྡེ་བཞི་འཁོར་དང་བཅས་པ་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་གྱུར། ཨོཾ་མ་ཧཱ་རཱ་ཛ་ས་པ་རི་ཝ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད་། ཤཱཀྱ་སཻངྒའི་སྤྱན་སྔ་རུ། །བསྟན་དང་བསྟན་འཛིན་སྐྱེས་བུ་རྣམས། །བསྲུང་ཞིང་སྐྱོང་བར་ཞལ་བཞེས་པ། །རྒྱ་ཆེན་བཞི་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། རྒྱལ་པོ་ཆེན་པོ་སྡེ་བཞིའི་ལྗགས་འོད་ཟེར་གྱི་སྤུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་གྱུར། ཨོཾ་ཌྷི་ཏ་དཥྚཡེ། བི་རུ་བྷ་ཀ་ཡེ། བེ་རུ་བྷཀྴ་ཡེ། བཻ་ཤྲཱམ་ན་ཡེ་ས་པ་རི་ལྦཱར་ཨི་དམ་བ་ལིཾཏ་ཁ་ཁ་ཁཱ་ཧི་ཁ་ཧི། གསུམ་དང་ཨ་རོ་གསུམ་གྱིས་གཏོར་མ་ཕུལ། ཨོཾ་མ་ཧཱ་རཱ་ཛ་ས་པ་རི་ཝཱ་ར་ཨ་རྒྷཾ་སོགས་ཀྱིས་མཆོད། ཤཱཀྱ་སེངྒའི་སྤྱན་སྔ་རུ། །ཞེས་སོགས་ཀྱིས་བསྟོད། བདག་གི་དགེ་བའི་བྱ་བ་འདི། །ཇི་སྲིད་ལེགས་འགྲུབ་ཀྱི་བར། །ཕྱི་ནང་འགལ་རྐྱེན་ཀུན་ཞི་ཞིང་། །མཐུན་རྐྱེན་འགྲུབ་པའི་འཕྲིན་ལས་མཛོད། །ཅེས་ལས་བཅོལ། མཆོད་གཏོར་རྣམས་བསྡུ། ནང་དུ་འོངས་ཏེ་གནས་ཁང་གད་དར་དང་བསང་དུད་སོགས་གྱི་གཙང་སྤྲ་བྱེད། འོས་འགབས་ཀྱི་སར་ཡི་དམ་དང་ཆོས་སྐྱོང་གི་བྲིས་སྐུ་ཡོད་ན་བཤམས། མནྜལ་དང་འབྲེལ་བར་བྱེད་ན་བྲིས་སྐུའི་མདུན་དུ་གཞི་མ་ཁྲུ་གང་བ་ལ་ཟླུམ་པོར་བསྐོར་ནསཁ་ཏོག་ལྗང་གུ། དེའི་ནང་དུ་ཟླུམ་པོ་གཉིས་པ་བསྐོར་བཞི་མུ་ཁྱུད་དང་ཁ་དོག་སྔོན་པོ། དེའི་ནང་དུ་གྲུ་གསུམ་མཐིང་ནག་རྩེ་མོ་ཕར་བསྟན་པ་མེ་རིས་དང་བཅས་པའི་དབུས་སུ་གྲི་གུག་ཡུ་བ་ཧཱུཾ་མཐིང་ནག་གིས་མཚན་པ། ཟླུམ་པོའི་ཕྱི་རོལ་གྲུ་བཞིར་བཅད་པ་ཕྱོགས་མདོག་དང་། དེའི་ཕྱི་རོལ་ཏུ་བསིལ་པའི་ཚལ་མཚོན་པའི་དུར་ཁྲོད་གཅིག་གི་མཚན་ཉིད་ཚང་བ་རྡུལ་ཚོན་གྱིས་བྲིས་པའམ་རས་བྲིས་ཀྱང་རུང། འདིའི་དབུས་ཀྱི་གྲི་གུག་ཧཱུཾ་དང་བཅས་པ་མགོན་པོར་བསྐྱེད་ལ་བསྙེན་པ་བྱ་བ་ཡིན། དེའི་མདུན་དུ་མགོན་པོ་ལ་འབུལ་རྒྱུའི་གཏོར་མ་བདུད་རྩིའི་རིལ་བུ་བཏབ་པའི་ཆང་གི་སྦྲུས་པའི་ནས་ནག་རྗེན་ཕྱེ་ལས་གཏོར་མ་ཟླུམ་པོ་ལྟོ་བ་ལྡིར་བ་མཐེབ་ཀྱུ་ཁ་ནང་བསྟན་བརྒྱ་རྩ་བརྒྱད་ཀྱིས་བསྐོར་བ་དང་། འཁོར་གྱི་གཏོར་མ་གཏོར་བསྒྲུབ་ཀྱི་སྐབས་ལྟར་བྱ་བ་འམ། མདོར་བསྡུ་ན་འཁོར་ལ་གཏོར་མ་ཟུར་དུ་མ་བཤམས་ཀྱང་རུང་། དེའི་གཡས་སུ་ཡི་དམ་གྱི་གཏོར་མ། གཡོན་དུ་མཁའ་འགྲོའི་སྤྱི་གཏོར་གཞི་བདག་གཏོར་མ་དང་བཅས་པ་དང། གཏོར་མ་ཁ་གསོས་ཀྱི་མཐེབ་ཀྱུ་འམ་བག་ཟན་མར་ཁུས་སྤྲུས་པ་ཡང་སྟ་གོན་བྱ། དེའི་མཐར་བདག་མདུན་གྱི་མཆོད་པ་ཆུ་གཉིས་ཉེར་སྤྱོད་སྤྱན་གཟིགས་སོགས་ཅི་འབྱོར་བ་བཤམས། རང་གི་གདན་གྱི་འོག་ཏུ་ས་ཀར་རམ་འབྲུ་དཀར་གྱིས་གཡུང་དྲུང་ཆོས་སྐོར་དུ་བྲིས་པའི་སྟེང་དུ་རྩ་ཀུ་ཤ་བཀྲམ་པའི་ཁར་འབོལ་གདན་སོགས་རྒྱབ་མཐོ་ལ་མདུན་དམའ་བ་བཏིང་། རང་གི་མདུན་དུ་ནང་མཆོད། རྡོར་དྲིལ། ཌ་མ་རུ། སྤོས་སྤྱར་མ་རྣམས་ཚོགས་པར་བྱ།དེ་ནས་རང་ཉིད་སྟན་ལ་འཁོད་དེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་རིན་པོ་ཆེ་མྱུར་བ་མྱུར་བར་ཐོབ་པར་བྱ། དེའི་ཆེད་དུ་ལྷག་པའི་ལྷ་ཁྱད་པར་ཅན་འདི་ལྟ་བའི་བསྙེན་པ་ལ་འཇུག་བར་བྱའོ་ཀུན་སློང་རྣམ་པར་དག་པའི་ངང་ནས་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ་པ་རྒྱུད་དང་འདྲེས་ངེས་པར་བྱས་ལ། རང་ཉིད་ཡི་དམ་གྱི་བདག་བསྐྱེད་བཟླས་པ་གང་མཚམསགཏོར་འབུལ་དང་བཅས་པ་སྔོན་དུ་བུ་བཏང་། རང་གི་མདུན་གྱི་མཎྡལ་ལྷར་བསྐྱེད་པའི་བསྙེན་པ་དངོས་གཞི་ནི་སང་སྔ་དྲོ་ཐོར་ཐུན་ནས་བྱེད་པ་ཡིན་པས། འདིར་ནི་མགོན་པོ་སྤྱི་ལྟར་བསྐྱེད་དེ་བསྐང་གསོ་བཟླས་པ་གཏོར་འབུལ་བསྟོད་པ་མདོར་བསྡུས་བྱས་ཏེ་ཉལ། སང་ཐོར་རངས་སྔ་བར་ལྡང་བའི་རྣལ་འབྱོར་གྱིས་ལང་ཏེ། གོས་ཚགས་བཅོས། ཁྲུས་བྱས། བདུད་རྩིའི་རིལ་བུ་བཏབ་པའི་ནང་་མཆོད་ཀྱིས་ཁ་དག་པར་བྱས་ལ། ཐོག་མར། ལྷ་བཞི་དྲིལ་བསྒྲུབ་གྱི་མན་ངག་ཉམས་སུ་ལེན་པ་ནི། རང་གི་སྤྱི་བོར་ཆོས་འབྱུང་དཀར་པོ་ཟུར་གསུམ་པ། ནང་དམར་པ། རྩེ་མོ་ཕྲ་པ། རང་གི་ཚངས་བུག་ཏུ་ཟུག་པ། དེའི་ནང་དུ་པདྨ་འདབ་མ་བཞི་བའི་ལྟེ་བར་སྣ་ཚོགས་པདྨ་དང་ཟླ་བ་ཉི་མའི་གདན་གྱི་སྟེང་དུ། རང་གི་རྩ་བའི་བླ་མ་རྡོ་རྗེ་འཆང་གི་རྣམ་པ་ཅན་སྐུ་མདོག་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། དར་དང་རིན་པོ་ཆེ་རྒྱན་སྣ་ཚོགས་པས་བརྒྱན་པ། དེའི་མདུན་གྱི་པད་འདབ་ཀྱི་སྟེང་དུ་པདྨ་ཉི་མ་ཚོགས་ཀྱི་བདག་པོའི་སྟེང་ན་ཧཱུཾ་ལས་གྲི་གུག་ཧཱུཾ་གིས་མཚན་པ་ཡོངས་སུ་གྱུར་བ་ལས་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་དྲུག་པ། གཡས་གསུམ་ན་གྲི་གུག་ཐོད་ཕྲེང་ཌ་མ་རུ། གཡོན་གསུམ་ན་ཐོད་ཁྲག་རྩེ་གསུམ་ཞགས་པ་བསྣམས་པ། ཞབས་གཡས་བསྐུམས་ཤིང་གཡོན་བརྐྱངས་པའི་གར་སྟབས་ཀྱི་ཡེ་ཤེས་མེ་དཔུང་རབ་ཏུ་འབར་བའི་དབུས་ན་བཞུགས་པ། ཁྲོ་བོའི་ཉམས་ཐམས་ཅད་དང་ལྡན་པ། གཡས་ཀྱི་པད་འདབ་ཀྱི་སྟེང་དུ་ཉི་མའི་གདན་ལ་ཧྲཱི་དམར་པོ་ཡོངས་སུ་གྱུར་བ་ལས། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ། ཞལ་གཅིག་ཕྱག་གཉིས་མ། གཡས་གྲི་གུག་ཐུར་དུ་འཆར་ཞིང་། གཡོན་ཐོད་པ་ནམ་མཁར་བཏེགས་པའི་གྲུ་མོ་ན་ཁ་ཊཱཾ་ཀ་ཡོད་པ། ཕྱག་རྒྱ་ལྔས་བརྒྱན་པ། ཞབས་གཡས་བརྐྱངས་པས་འཇིགས་བྱེད་དང་གཡོན་བསྐུམས་པས་དུས་མཚན་མ་མནན་པ། རྒྱབ་ཀྱི་པད་འདབ་ཀྱི་སྟེང་དུ་པདྨ་དང་ཟླ་བའི་གདན་ལ་ཧྲཱིཾ་དཀར་པོ་ཡོངས་སུ་གྱུར་པ་ལས། འཕགས་པ་སྤྱན་རས་གཟིགས་སྐུ་མདོག་དཀར་པོ། ཞལ་གཅིག་ཕྱག་གཉིས་པ། གཡས་མཆོག་སྤྱིན་གྱི་ཕྱག་རྒྱའི་སྟེང་ན་བུམ་པ་དང་། གཡོན་པདྨ་དཀར་བོ་བསྣམས་པ། དར་དང་རིན་པོ་ཆེ་རྒྱན་སྣ་ཚོགས་པས་བརྒྱན་པ་ཞབས་གཡས་བསྐུམས་ཤིང་གཡོན་བརྐྱངས་པ། པད་འདབ་གཡོན་པའི་སྟེང་ཏུ་པདྨ་དང་ཟླ་བའི་གདན་ལ་ཏཱཾ་ལྗང་གུ་ཡོངས་སུ་གྱུར་པ་ལས། རྗེ་བཙུན་མ་སྒྲོལ་མ་སྐུ་མདོག་ལྗང་གུ། གཡས་མཆོག་སྦྱིན་དང་གཡོན་ཨུཏྤལ་བསྣམས་པ། དར་དང་རིན་པོ་ཆེ་སྣ་ཚོགས་པས་བརྒྱན་པ། ཞབས་གཡས་བརྐྱངས་ཤིང་གཡོན་བསྐུམས་པ། དེ་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿ དམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་རྩ་རྒྱུད་ཀྱི་བླ་མ་ཐམས་ཅད་དང་། རང་རང་གི་ཡེ་ཤེས་པ་སྤྱན་དྲངས། དབུས་ཀྱི་བླ་མ་དང་རང་རང་གི་དམ་ཚིག་པ་ལ་ཐིམ་པས་གཉིས་སུ་མེད་པར་གྱུར་པར་བསམ་ལ། དེ་ནས་གསོལ་འདེབ་ཀྱི་ཚུལ་དུ། ན་མོ་བུངྔྷ་ཡ། ཞེས་སོགས་དང་། མགོན་པོ་ལ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་སོགས་དང་། རྡོ་རྗེ་རྣལ་འབྱོར་མ་ལ། ཨོཾ་བཛྲ་ན་ར་ཞེས་སོགས་དང་། སྤྱན་རས་གཟིགས་ལ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་བཛྲ་རཀྵ་ས་མནྚ་ཧཱུྃ་ཕཊ། སྒྲོལ་མ་ལ། ཨོཾ་ཏཱ་རེ་ཏཱ་ཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་རང་རང་གི་སྔགས་གསོལ་འདེབས་ཀྱི་ཚུལ་དུ་བརྒྱ་འམ་ཉེར་གཅིག་རེ་བཟླས་པས། ལྷ་སོ་སོའི་སྐུ་ལས་བདུད་རྩིའི་རྒྱུན་བབས། རང་གི་ལུས་ཀྱི་ནང་ཐམས་ཅད་གང་། སྡིག་སྒྲིབ་ཐམས་ཅད་དག། ལྷ་སོ་སོས་འགལ་རྐྱེན་བསལ། མཐུན་རྐྱེན་བསྒྲུབ་པར་ཞལ་གྱི་བཞེས་པར་བསམ། དེ་ནས། བླ་མའི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་ནས་པད་འདབ་བཞིའི་ལྷ་བཞི་སྤྱན་དྲངས། བླ་མའི་དཔྲལ་བར་སྤྱན་རས་གཟིགས། མགྲིན་པར་སྒྲོལ་མ། ཐུགས་ཀར་མགོན་པོ། ལྟེ་བར་རྡོ་རྗེ་རྣལ་འབྱོར་མ་བཞུགས་པར་བསམ་ལ། རང་གིས་ན་མོ་བདྡྷ་ཡ་ནས་མེ་ཀྱེ། ཞེས་གསོལ་བ་བཏབ་པས། རང་གི་རྐང་མཐིལ་ནས་རླུང་གཡོས། ལྟེ་བ་ནས་གཏུམ་མའི་མེ་འབར་བའི་འོད་ཟེར་གྱི་བླ་མའི་སྐུ་ལ་ཕོག་པས། ལྷ་བཞི་འོད་དུ་ཞུ་བའི་བདུད་རྩི་བླ་མའི་གསང་བའི་རྡོ་རྗེའི་རྩེ་ནས་བབས། རང་གི་སྤྱི་པོ་ནས་མགྲིན་པའི་བར་གང་། ལུས་ཀྱི་སྡིག་སྒྲིབ་ཐམས་ཅད་དག། བླ་མ་ལྷ་དང་བཅས་པའི་སྐུའི་བྱིན་རླབས་ཞུགས། བུམ་པའི་དབང་ཐོབ་སྙམ་བའི་མོས་པ་བརྟན་པོ་བྱའོ། །ཡང་བདུད་རྩི་བབས། མགྲིན་པ་ནས་སྙིང་ཁའི་བར་གང་། ངག་གི་སྡིག་སྒྲིབ་ཐམས་ཅད་དག །གསུང་གི་བྱིན་རླབས་ཞུགས། གསང་བའི་དབང་ཐོབ་བའི་མོས་པ་དང་། ཡང་བདུད་རྩི་བབས། སྙིང་ཁ་ནས་ལྟེ་བའི་བར་གང་། ཡིད་ཀྱི་སྡིག་སྒྲིབ་ཐམས་ཅད་དག། ཐུགས་ཀྱི་བྱིན་རླབས་ཞུགས། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པའི་མོས་པ་བརྟན་པོ་བྱའོ། ཡང་བདུད་རྩི་བབས། ལྟེ་བ་ནས་གསང་གནས་བར་དང་ལུས་ཐམས་ཅད་གང་པས། ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག། དབང་བཞི་ཡོངས་སུ་རྫོགས་པར་ཐོབ་པའི་དམིགས་པ་ཤུགས་དྲག་བྱའོ། །མཐར་བླ་མ་ཡང་འོད་དུ་ཞུ་ནས། བླ་མའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར་བར་བསམ། འདི་བསྙེན་པའི་དུས་སུ་ནང་རེ་བཞིན་ལྕོག་ན་རབ། མི་ལྕོགས་ན་ནང་མ་དང་པོ་ལ་བྱས་པས་ཆོག་ལ་ཐུན་གཞན་རྣམས་ལ་མི་དགོས། དེ་ནས་ཡི་དམ་གྱི་བདག་བསྐྱེད་གཏོར་འབུལ་གྱི་བར་སྔར་དགུང་ལྟར་ལ་། མདུན་གྱི་མནྜལ་སངས་སྦྱངས། ཀ སྟོང་བའི་ངང་ལས་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་གྱི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་ཙནྡན་གྱི་སྡོང་བོ་རྐང་གཅིག་པ། དེའི་མདུན་དུ་ཆོས་འབྱུང་གྲུ་གསུམ་པའི་ནང་གི་དབུས་སུ་བཾ་ལས་པདྨ་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་གཾ་ལས་ཚོགས་བདག་དཀར་བོ་གླང་པོ་ཆེའི་གདོང་བ་ཅན་ཕྱག་གཡས་ཐོད་པ་དང་། གཡོན་ལ་ཕུག་འཛིན་པ། མགོ་པོ་གཡས་སུ་བསྟན་ནས་གན་རྐྱལ་དུ་བསྒྱེལ་བ། དེའི་སྟེང་དུ་ཧཱུཾ་ལས་གྲི་གུག་ཧཱུཾ་གིས་མཚན་པ། དེ་ནས་འོད་ཟེར་འཕྲོས་སོགས་དང་། དེའི་གཡོན་དུ་བྷྱོ་ལས་མ་ཅིག་འདོད་པ་ཁམས་ཀྱི་དབང་ཕྱུག་མ། ཞེས་སོགས་དང་། ཐུགས་ཀར་ཧཱུཾ་སྔོན་པོས་མཚན་པར་གྱུར། ཅེས་དམ་ཚིག་པ་བསྐྱེད། བདག་ཉིད་ཀྱི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་སོགས་ཀྱིས་སྤོས་སྦྱོར་བསྲེག་པ་དང་བཅས་ཏེ་ཡེ་ཤེས་པ་སྦྱན་འདྲེན་གྱི་ཚིགས་བཅད་ཁྲཻ་རིང་བོ་ཉེར་གཅིག་དང་བཅས་པ་དང་། ཛཿཧཱུཾ་བཾ་ཧོཿས་དགུག་བཞུག་བཅིང་མཉེས་ནས་ཕྱི་ནང་གི་མཆོད་པའི་བར་བྱ། དེ་ནས། མགོན་པོའི་སྦྱི་གཙུག་ཏུ་དྲིན་ཅན་རྩ་བའི་བླ་མ་སྐུ་མདོག་སེར་བོ་ཞེས་སོགས་བླ་མགོན་དབྱེར་མེད་བྱ་བ་ལ། རྩ་བའི་བླ་མ་དེ་ཉིད་མཚན་ཐོས་པ་ཙམ་གྱིས་ཕྱིར་མི་ལྡོག་བའི་ས་ཐོབ་པ་དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། སངས་རྒྱས་བྱང་སེམས་ཐམས་ཅད་སྤྱན་དྲངས། བླ་མ་ལ་བསྟིམ་པས་བླ་མ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་བརྒྱུད་པའི་བླ་མ་ཐམས་ཅད་ཀྱི་བདག་ཉིད་དུ་བསམ། དེའི་སྐུ་ལས་འོད་ཟེར་འཕྲོས་ཏེ་མགོན་པོ་ལ་ཕོག་པས། བླ་མ་དང་མགོན་པོ་དབྱེར་མེད་དུ་བསམ། ཡང་མགོན་པོའི་སྐུ་ལས་འོད་ཟེར་འཕྲོས་ཏེ། བླ་མ་ལ་ཕོག་པས་མགོན་པོ་བླ་མ་དབྱེར་མེད་དུ་བསམ་ལ། མོས་གུས་ཤུགས་དྲག་པོས་བརྒྱུད་པའི་བླ་མ་རྣམས་ཀྱི་གསོལ་འདེབས་གཞུང་ལྟར་བྱ། ན་མོ་བུངྔྷ་ཡ་སོགས་སྔགས་དང་ཕྱོགས་བཅུ་དུས་གསུམ་སོགས་ཀྱིས་གསོལ་བ་བཏབ་པས། བླ་མ་ལས་འོད་ཟེར་དང་མགོན་པོའི་གནས་གསུམ་ལས་མགོན་པོའི་སྐུ་ཆུང་བ་ཡན་ལག་རགས་པ་དཔག་ཏུ་མེདཔ་བྱུང་སྟེ། རང་གི་གནས་གསུམ་དུ་ཐིམ་པས། རང་གི་སྡིག་སྒྲིབ་ནད་གདོན་ཐམས་ཅད་དག་ནས། བླ་མ་མགོན་པོའི་ཞལ་མྱུར་ཏུ་སྟོན་པའི་སྐལ་བ་དང་ལྡན་པར་གྱུར་པར་བསམ། དེ་ནས་གྲིབ་སེལ་གྱི་མན་ངག་ལྟར་མགོན་པོའི་སྤྱི་གཙུག་ཏུ་དྲིན་ཅན་རྩ་བའི་བླ་མ་རྡོ་རྗེ་དང་ཐོད་པ་འཛིན་པ་བསྐྱེད་པའི་སྐུའི་འོད་ཟེར་གྱིས་རྡོ་རྗེ་གསུམ་གྱི་ལྷ་ཚོགས་སྤྱན་དྲངས་པ་མདུན་གྱི་ནམ་མཁར་ཁྲ་ལམ་མེར་བཞུགས་པར་དམིགས་ཏེ། ན་མོ་བུངྔྷ་ཡ་སོགས་གསུམ་གྱི་མཇུག་ཏུ་ན་ར་ཀྲི་ཀྲི་དང་རྩ་སྔགས་ཚར་རེ་བཏགས་པ་ལན་གསུམ་ལ་སོགས་པར་བཟླས་པའི་སྒོ་ནས་གསོལ་བ་བཏབ་པས། བླ་མའི་སྐུ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་བྱངསེམས་ཡི་དམ་ཆོས་སྐྱོང་གི་ནུས་མཐུ་ཐམས་ཅད་བསྡུས་ཏེ་བདུད་རྩི་འོད་ཟེར་དང་བཅས་པའི་རྣམ་པར་བླ་མའི་སྐུ་ལ་ཞུགས། བླ་མའི་སྐུའི་ནང་བརྒྱུད་དེ་གསང་བའི་རྡོ་རྗེའི་རྩེ་མོ་ནས་བབས་པ། མགོན་པོའི་སྤྱི་གཙུག་ནས་ཞུགས། སྐུའི་ནང་ཐམས་ཅད་བཀྲུས་པས་མགོན་པོའི་སྐུ་གསུང་ཐུགས་ཀྱི་ཉམས་གྲིབ་ཐམས་ཅད་དག་པའི་དམིགས་པ་བྱ། དེ་ནས་མགོན་པོའི་གནས་གསུམ་གྱི་ཨོཾ་ཨཱཿཧཱུཾ་ལས་འོད་ཟེར་དཀར་དམར་མཐིང་གསུམ་བྱུང་རང་གི་གནས་གསུམ་དུ་ཐིམ་པའི་དམིགས་པ་དང་བཅས་ཨོཾ་ཨཱཿཧཱུཾ་བརྒྱ་རྩ་བརྒྱད་བཟླ། མགོན་པོའི་གནས་གསུམ་གྱི་ཡི་གེ་འབྲུ་གསུམ་ལས་རང་འདྲ་ཆད་དེ། རང་གི་གནས་གསུམ་དུ་བཀོད་པའི་མཐར་ཡིག་བརྒྱ་དཀར་དམར་མཐིང་གསུམ་གྱིས་བསྐོར། སྤྱི་པོའི་ཨོཾ་ཡིག་དཀར་པོ་ཡིག་བརྒྱ་དཀར་པོས་བསྐོར་བ་ལས་འོད་ཟེར་འཕྲོས། ལུས་ཀྱི་ནང་གང་ལུས་ཀྱི་སྡིག་སྒྲིབ་དག། མགོན་པོའི་སྐུའི་དམ་ཚིག་ཉམས་ཆག་ཐམས་ཅད་དག་པའི་དམིགས་པ་དང་བཅས་ཏེ་ཡིག་བརྒྱ་བཟླ། དེ་བཞིན་དུ་མགྲིན་པའི་ཨཱཿཡིག་དམར་པོ་ཡིག་བརྒྱ་དམར་པོས་བསྐོར་བ་དང་། སྙིང་ཁའི་ཧཱུཾ་ཡིག་སྔོན་པོ་ཡིག་བརྒྱ་སྔོན་པོས་བསྐོར་བ་ལས་ཀྱང་འོད་ཟེར་རིམ་པ་བཞིན་དུ་འཕྲོས་པས། ལུས་ཀྱི་ནང་གང་། ངག་དང་ཡིད་ཀྱི་སྡིག་སྒྲིབ་དག། གསུང་དང་ཐུགས་ཀྱི་དམ་ཚིག་ཉམས་ཆག་ཐམས་ཅད་དག་པའི་དམིགས་པ་དང་བཅས་ཏེ་རེ་རེའི་མཐར་ཡིག་བརྒྱ་བཟླ། དེ་ནས་རང་གི་དཔྲལ་བའི་ཡིག་བརྒྱ་དབུས་ཀྱི་ཨོཾ་ལ་ཐིམ། དེ་མགྲིན་པའི་ཡིག་བརྒྱ་ལ་ཐིམ། དེ་ཨཱཿལ་ཐིམ། དེ་སྙིང་ཁའི་ཡིག་བརྒྱ་ལ་ཐིམ། དེ་ཧཱུཾ་ལ་ཐིམ། ཧཱུཾ་འོད་དུ་ཞུ་བ་རང་གི་སྙིང་ཁར་ཐིམ་པས་ལུས་སེམས་བདེ་ཕྲིལ་ཏ་སོང་བར་བསམ། དེ་ནས་བཤགས་པ་དང་བསྐང་བ་བཟློག་པ་བཅས་དཀྱུས་ལྟར་བཏོན་ལ། མགོན་པོའི་སྤྱི་གཙུག་ཏུ་དྲིན་ཅན་རྩ་བའི་བླ་མ་སྐུ་མདོག་དམར་པོ་ཅང་ཏེའུ་དང་ཐོད་པ་འཛིན་བསྐྱེད་ལ། མཁའ་འགྲོ་དབང་སྡུད་ཀྱི་དམིགས་པ་གཏོར་ཆོག་ནས་འབྱུང་བ་བཞིན་གསལ་བཏབ་སྟེ་ན་ར་ཀྲི་ཀྲི་གི་བཟླས་པ་བྱ། དེ་ནས་བཟླས་པ་དངོས་ལ་འཇུག་པའི་སྔོན་དུ་སྐབས་སྐབས་སུ་གཤིན་རྗེའི་གཤེད་ཀྱི་སྒོ་ནས་སྐུའི་གཟི་བརྗིད་བསྐྱེད་པའི་མན་ངག་བྱ་བར་གཞུང་དུ་གསུངས་པས། དེའི་ཚུལ་ནི། མགོན་པོའི་སྤྱི་བོར་ཧཱུཾ་ཡིག་གཅིག་བསམ། དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཡི་དམ་བསྲུང་མ་ཐམས་ཅད་ཁྲོ་བོ་ཁྲོ་མོའི་རྣམ་པར་སྤྱན་དྲངས་ཏེ་ཧཱུཾ་ཡིག་ལ་ཐིམ། ཧཱུཾ་མགོན་པོའི་སྤྱི་བོ་ནས་ཞུགས་ཏེ་ཐུགས་ཀར་སླེབས་པས་ཧཱུཾ་དེ་གཤིན་རྗེའི་གཤེད་ཞལ་དགུ་ཕྱག་སོ་བཞི་བའམ་ཞལ་གཅིག་ཕྱག་གཉིས་པ་གང་ཡང་རུང་བ་ཁམས་གསུམ་ཟ་བར་ནུས་ཤིང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཁྲོ་བོ་ཐམས་ཅད་ལ་བསྡིགས་པར་བྱེད་པའི་སྐུར་གྱུར་པ་འོད་དུ་ཞུ་ནས་མགོན་པོ་དང་དབྱེར་མེད་དུ་འདྲེས་པའི་མགོན་པོའི་གཟི་བརྗིད་ཆེར་འབར། ཁམས་གསུམ་ན་ང་ལས་གཟི་བརྗེད་ཆེ་བ་མེད་སྙམ་པའི་ཐུགས་ང་རྒྱལ་དང་ལྡན་པར་བསམ། འདི་བསྙེན་པ་བྱེད་པའི་ཐོག་མའི་ཐུན་ལྟ་བུ་སྐབས་སྐབས་སུ་བྱས་པས་ཆོག་པས། རྒྱུན་ལྡན་དུ་མི་དགོས་པར་གསུངས། བཟླས་པ་ལ་གཙོ་བོའི་བཟླས་པ་དང་འཁོར་གྱི་བཟླས་པ་གཉིས་ཡོད་པས། དང་པོ་ལ། སྙིང་བོ་དང་རྩ་སྔགས་གཉིས། དེ་དག་གི་སྐབས་སུ་དམིགས་པ་ཇི་ལྟར་བྱ་བའི་ཚུལ་མཁས་གྲུབ་ཐམས་ཅད་མཁྱེན་པའི་ལས་གསུམ་རྣམ་བཞག་གི་བསྙེན་པའི་སྐབས་སུ་གསུངས་པ་ནི་འདི་ལྟར། སྙིང་བོ་བཟླ་བའི་སྐབས་རང་ཡི་དམ་གྱི་ང་རྒྱལ་བརྟན་པ་དང་། མགོན་པོ་རང་གི་མདུན་ཐད་དྲང་རང་ཡི་དམ་དུ་བསྒོམ་བའི་སྐུ་ལས་མི་མཐོ་ཞིང་རྒྱང་རིང་པོ་མ་ཡིན་པར་བསྒོམ་པ་དེ་ཉིད། བསིལ་བའི་ཚལ་ནས་བྱོན་པའི་མགོན་པོ་དངོས་ཡིན་སྙམ་པའི་ཞེན་པ་ཤུགས་དྲག་པོ་དང་། རང་ཡི་དམ་དུ་གསལ་བ་དང་མགོན་པོ་གཉིས་ཀྱི་ཆོས་ཉིད་ལ་དབྱེ་བ་ཅུང་ཟད་ཀྱང་མེད་པས་རང་བཞིན་སྟོང་བ་ཉིད་ཀྱི་ངང་དུ་རོ་གཅིག་ཀྱང་། གདུལ་བྱ་གདུག་པ་ཅན་དག་འདུལ་བའི་དོན་དུ་སྟོང་ཉིད་རྟོགས་པའི་ཡེ་ཤེས་ཀྱི་བཟུང་རྣམ་ཤིན་དུ་དྲག་ཅིང་མི་བཟད་པའི་ཁྲོ་བོའི་དབང་བོའི་སྐུ་དྲག་པོའི་ང་རོ་འབྲུག་ལྟར་སྒྲོགས་པའི་སྣང་སྟོང་དབྱེར་མེད་སྒྱུ་མ་ལྟ་བུའི་སྐུར་ཤར་བར་ཡང་ཡང་དྲན་པར་བྱེད་པའི་ངང་ནས། བློ་དེའི་རྩི་མ་ཡལ་ཙམ་རྒྱུན་མི་ཆད་དུ་འབྱུང་བ་ཞིག་མ་བྱུང་གི་བར་དྲན་ཤེས་བསྟེན་པའི་འབད་པ་ལེགས་པར་སྒྲིམས་གལ་ཆེ་ཞིང་། དེ་ལྟར་དྲན་པའི་ངང་ནས་རང་གི་ཐུགས་ཀའི་ཧཱུཾ་ལས་སྔགས་ཕྲེང་བྱུང་བ་རང་གི་ཞལ་ནས་ཐོན། མགོན་པོའིཞལ་དུ་ཞུགས། ཐུགས་ཀའི་ཧཱུཾ་ལ་ཐིམ། དེ་ལས་བྱུང་མགོན་པོའི་ལྟེ་བ་ནས་ཐོན། བདག་གི་ལྟེ་བར་ཞུགས་ནས་ཐུགས་ཀའི་ཧཱུཾ་ལ་ཐིམ་པས་འགལ་མེ་ལྟར་འཁོར་བའི་སྔགས་ཀྱི་ཡིག་འབྲུ་རྣམས་ཁ་ཏོག་ནག་པོ་མེ་འོད་རབ་ཏུ་འཕྲོ་བ། མྱུར་དུ་འགྲོ་ཞིང་དྲག་ལ་རྩུབ་པའི་རྣམ་པ་ཅན་དུ་བསྒོམ་ལ་ཡིད་རྩེ་གཅིག་ཏུ་དམིགས་ནས་སྙིང་བོ་བཟླ་བར་བྱའོ༎ཡང་རྩ་རྒྱུད་ལེའུ་བརྒྱད་མ་ལས་གསུངས་བ་ལྟར། མདུན་གྱི་མགོན་པོའི་ཐུགས་ཀའི་ཉི་མའི་སྟེང་ན་གནས་པའི་མགོན་པོའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཧཱུཾ་མཐིང་ནག་ལ་དེ་ཉིད་ཀྱི་མདུན་ནས་བརྩམས་ཏེ་གཡས་སྐོར་དུ་གནས་བའི་སྔགས་ཀྱི་ཕྲེང་བ་འབར་བའི་རྣམ་པ་ཅན་ལ་ཡིད་གཏད་དེ་རྩེ་གཅིག་ཏུ་དམིགས་ནས་བཟླས་བྱ་སྟེ། དེ་གཉིས་གང་བྱས་ཀྱང་རོང་ངོ་༎ཞེས་བདག་མདུན་གྱི་ཆོས་ཉིད་རོ་གཅིག་པ་དང་། དེ་ལྟ་བུའི་སྟོང་བ་ཉིད་དེ་རྟོགས་བའི་ཡེ་ཤེས་ཀྱི་གཟུང་རྣམ་ལྷ་སྐུར་ཤར་བར་མོས་པ་ནི་སྐབས་འདིའི་དམིགས་པའི་གཙོ་བོ་དང་། དེའི་ངང་ནས་སྙིང་པོའི་བཟླས་དམིགས་གཉིས་གསུངས་པས། དེ་གཉིས་གང་བྱེད་ཀྱང་དེ་ལ་སེམས་རྩེ་གཅིག་ཏུ་གཏད་དེ་དམིགས་པ་ལ་ཡང་ཡང་འཇོག་པ་ཤིན་ཏུ་གལ་ཆེ། རྩ་སྔགས་ཀྱི་བཟླས་པ་ལ། རང་ཡི་དམ་དུ་གསལ་བའི་ཐུགས་ཀའི་ས་བོན་ལས་འོདཟེར་དམར་པོ་འཕྲོས་པ་མགོན་པོའི་ཐུགས་ཀའི་ཧཱུཾ་ལ་ཐིམ་པས། མགོན་པོའི་ཐུགས་བརྒྱུད་བསྐུལ། ལས་ཐམས་ཅད་ཐོགས་པ་མེད་པར་བྱེདཔར་བསམས་པ་དང་། མགོན་པོས་ཀྱང་རང་གི་འཁོར་རྣམས་ལ་སྦྱན་ཧྲིག་ཧྲིག་གཟུགས་ཏེ་བསྐུལ་པས། འཁོར་ཐམས་ཅད་རང་དབང་མེད་པར་ལས་བྱེད་པར་བསམ་པ་སྟེ། རང་ཉིད་ཀྱིས་མགོན་པོ་ལ་བསྒོས་པ་དང་མགོན་པོས་ཀྱང་འཁོར་རྣམས་ལ་བཀའ་བསྒོ་བའི་ཚུལ་ཏུ་བྱེད་པར་དམིགས་ཏེ། ཤ་ས་ནའི་ཨི་དམ་དུ་ཥྚཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་སྦེལ་ཚིག་དོར་བའི་བཟླས་བ་སྒྲིམས་ཏེ་བྱེད། གཙོ་བོའི་བཟླས་པ་ཚང་དུ་ལེགས་པར་ཐེང་ནས་འཁོར་གྱི་སྒོས་བསྙེན་བྱ་བ་ལ། འཁོར་རྣམས་ཀྱི་ཐུགས་ཀར་ཉི་གདན་གྱི་སྟེང་དུ་ལྷ་མོ་ལ་བྷྱོཿ། ཀྵེ་ཏྲ་པཱ་ལ་ལ་ཀྵེ། ཛི་ན་མི་ཏྲ་ལ་ཛིཾ། ཊཀྐི་རཱ་ཛ་ལ་ཊཾ། ཏྲག་ཤད་ལ་ཏྲཾ་རྣམས་ཀྱི་མཐར་རང་རང་གི་སྔགས་ཀྱིས་གཡས་སྐོར་དུ་བསྐོར་བ་ཁ་ཏོག་ནག་པོ་མེ་འོད་འཕྲོ་བ་ལ་དམིགས་ནས་བཀའ་བསྒོས་བའི་བསམ་པས་བཟླས་པ་བྱ་བ་ཡིན་ལ། ཐུན་རེ་རེའི་མཐར་ཡང་གཙོ་བའི་བཟླས་པའི་མཇུག་ཏུ་འཁོར་རྣམས་ལ་དམིགས་པ་དེ་ལྟ་བུའི་ངང་ནས་ཅུང་ཟད་རེ་བཟླ། ཐུན་རེ་ལ་སྔགས་གྲངས་ཅི་ཙམ་བྱེད་པ་རྫོགས་པའི་མཐར་ཡིག་བརྒྱས་ལྷག་ཆད་བསྐང་། གཏོར་མ་བྱིན་གྱིས་བརླབས་ཏེ་འབུལ། ཕྱི་ནང་གི་མཆོད་པས་མཆོད། གཏོར་རྫོང་བྱས་ལ་འཁོར་གྱི་བསྟོད་པ་རྒྱས་བསྡུས་ཅི་རིགས་བྱས་ཏེ། བླ་མ་མགོན་པོ་དབྱེར་མེད་ལ། ཞེས་སོགས་ཀྱིས་གསོལ་བ་འདེབས་བཞིན་པས་ཐུན་མཚམས་ཀྱི་བྱ་བ་འཇུག མཚམས་མ་གྲོལ་བར་དུ་མགོན་པོ་ཡེ་ཤེས་བ་གཤེགས་གསོལ་དང་དམ་ཚིག་བསྡུད་པ་སོགས་མི་བྱ། ཉིན་དང་པོའི་ཐུན་གཉིས་པ་ནས་ཐུན་ཐ་མའི་བར་དུ། རང་གི་མདུན་དུ་པདྨ་ཉི་མ་ཚོགས་བདག་གི་གདན་ལ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཞེས་དང་། དེའི་གཡོན་མ་ཅིག་འདོད་པ་ཁམས་ཀྱི་དབངཕྱུག་མ་ཞེས་དང་། མགོན་པོའི་མདུན་དུ་གནོད་སྦྱིན་དཔག་མེད་པའི་དབུས་སུ་ཀྵེ་ཏྲ་བཱ་ལ་ཞེས་དང་། མགོན་པོའི་གཡས་སུ་པདྨ་དང་ཉི་མ་དང་རོའི་གདན་ལ་དབང་ཕྱུག་ཛི་ན་མི་ཏྲ་ཞེས་སོགས་ས་བོན་ལས་མི་བསྐྱེད་པར་སྔར་ཡོད་གསལ་འདེབས་ཀྱི་ཚུལ་དུ་བསྐྱེད། ནུབ་རེ་བཞིན་ཐུན་ཐ་མ་ལ་གཏོར་རྫོང་གི་མཇུག་ཏུ་མཁའ་འགྲོའི་སྤྱི་གཏོར་དང་གཞི་བདག་གཏོར་མ་དཀྱུས་ལྟར་བྱ་ཞིང་གཞི་བདག་གཏོར་མའི་ཚེ་མཚམས་ཐོའི་རྒྱལ་ཆེན་ལ་ཡང་ཕུལ་པའི་དམིགས་པ་བྱ་གཙོ་འཁོར་གྱི་བསྟོད་པ་དང་། བདག་བསྐྱེད་གཏང་རག་གི་མཆོད་བསྟོད་འདོད་གསོལ་དངོས་གྲུབ་བླ་ན་མེད་པ་སྩོལ། ཞེས་པའི་བར་བྱ་ལ། བླ་མ་མགོན་པོ་དབྱེར་མེད་ལ་ཞེས་སོགས་བླ་མགོན་དབྱེར་མེད་ཀྱི་གསོལ་འདེབས་བྱས་ཏེ་ཉལ་བའི་རྣལ་འབྱོར་གྱིས་ཉལ་བར་བྱའོ༎ཉི་མ་འཆར་ནུས་ཀྱི་ཟེར་གཉིས་དང་ཉིན་གུང་མཚན་གུང་སྟེ་བཞི་བོ་ཏིང་ངེ་འཛིན་འཇིག་པའི་དུས་ཡིན་པས་ཐུན་དངོས་གཞི་ལ་མི་ཁེལ་པར་བྱེད་ཅེས་དམ་པ་རྣམས་ཀྱི་གསུང་རྒྱུན་ལས་འབྱུང་། བསྙེན་ཚད་ནི། གྲངས་ཀྱི་བསྙེན་པ་ལ་སྙིང་པོ་འབུམ་ཕྲག་བཅུ་འམ་བཅུ་གསུམ། རྩ་སྔགས་འབུམ་ཕྲག་གཅིག་བཟླ་བར་གསུངས་པ་ལ་རྗེ་ཐམས་ཅད་མཁྱེན་པས། རྩ་སྔགས་བྱེ་བ་ཙམ་ད་ལྟའི་དུས་སུ་བཟླས་ན་གྲངས་ཀྱི་བསྙེན་པ་རབ་ཡིན་གྱི། འབུམ་ཕྲག་བཅུ་ལ་སོགས་པ་ཙམ་གྱིས་ཕལ་ཆེ་བ་ལ་ནུས་པ་ཅི་ཡང་འབྱུང་བར་དཀའོ་ཞེས་བཞེད་པས། ཐ་ན་འང་སྙིང་པོ་བྱེ་བ་ཙམ་བཟླ་བར་རིགས་སོ་ཞེས་མཁས་གྲུབ་ཐམས་ཅད་མཁྱེན་པས་འདིའི་བསྙེན་པའི་ཐད་དུ་གསུངས་པ་ལྟར་གྲུབ་ན་ཕུན་སུམ་ཚོགས་པར་འགྱུར་ལ། འདི་ལྟར་ན་འཁོར་ལ་འབུམ་ཕྲག་རེ་བྱེད་དགོས་པར་གསུངས། དེ་ཙམ་མི་ལྕོགས་ན་སྤྱི་འགྲོ་ལྟར་གཙོ་བོའི་སྙིང་བོ་འབུམ། རྩ་སྔགས་དང་འཁོར་རྣམས་ཀྱི་སྔགས་ཁྲི་ཕྲག་རེ་ངེས་ཅན་དུ་བཟླ་བར་བྱའོ༎མཚན་མའི་བསྙེན་པ་ནི། རབ་དངོས། འབྲིང་ཉམས་སྣང་། ཐ་མ་རྨི་ལམ་དུ་མགོན་པོའི་སྐུ་དངོས་སམ་དེའི་རྣམ་འཕྲུལ་མཐོང་བ་སོགས་དང་། རྨི་ལམ་དུ་བྱ་ནག་ལུག་ནག་ཁྱི་ནག་རྟ་ནག་གཡག་ནག་རྣམས་དར་ཞིང་ཤ་དང་སྦུ་ལ་སོགས་པ་རྒྱས་པ། ཐོད་པ་ཆང་གིས་བཀང་བ་འཐུང་བ་དང་། མི་ཤ་ཟོས་པ། མཁར་རྫོངས་བཙན་པོའི་ནང་དུ་འདུག་པ་སོགས་རྨིས་ལམ་བ་བཟང་། རྟགས་དང་། གཡག་ནག་སོགས་མདོག་ངན་ཅིང་ཤ་དང་སྦུ་སོགས་མི་རྒྱས་པ་ཐང་ལ་འཁྱམ་པ་དང་རང་ལ་ཚུར་རྒོལ་ཞིང་མི་དགའ་བ་ལྟ་བུ་རྨིས་ན། མགོན་པོ་མ་མཉེས་པ་དང་རང་ལ་བཟློག་པ་སོགས་ཀྱི་མཚན་མ་ཡིན་པས། བླ་མགོན་དབྱེར་མེད་ཀྱི་གསོལ་འདེབས་དང་། བསྲུང་འཁོར་དང་བསྐང་བཤགས་ལ་རྩལ་དུ་འདོན། མཚོན་ཆ་ཆག་པ་དང་། རོལ་ཆ་སྐད་མེད་པ་དང་། མཛེ་བོ་དང་། མི་གཙང་བས་གོས་པ་སོགས་རྨིས་ན་ཉམས་གྲིབ་ཀྱི་མཚན་མ་ཡིན་པས། གྲིབ་སེལ་གྱི་མན་ངག་དང་། ཡིག་བརྒྱ་བཟླ་བ་དང་བསྐང་བཤགས་ལ་འབད་པ་སོགས་བྱ་བར་གསུངས། དངོས་སམ་རྨི་ལམ་དུ་སྐུ་མཐོང་བ་སོགས་ཀྱི་མཚན་མ་བཟང་པོ་ཡོང་དུ་རེ་བ་དང་། བར་ཆད་འབྱུང་དུ་དོགས་པ་སོགས་གཏན་ནས་མི་བྱ་བར་སྐྱིད་སྡུག་ཅི་བྱུང་ཡང་ཁྱེད་ཤེས་ཀྱི་བློ་ལིངས་བསྐྱུར་བྱ། དུས་ཀྱི་བསྙེན་པ་ནི། ཟླ་བ་དྲུག་ཅེས་གསུངས་པས་མཚན་མའི་བསྙེན་པ་རབ། གྲངས་ཀྱི་བསྙེན་པ་འབྲིང་། དུས་ཀྱི་བསྙེན་པ་ཐ་མའོ༎མནྜལ་དང་མ་འབྲེལ་བའི་དབང་དུ་བྱས་པ་ལ། དམ་ཚིག་པ་བསྐྱེད་མི་དགོས་ཤིང་། གཙོ་འཁོར་གྱི་གདན་ལ་གསལ་བཏབ་པའི་སྟེང་དུ། དད་པ་དང་ནི་དམ་ཚིག་གིས། །ཞེས་བ་སོགས་དང་། ཁྲཻ་རིང་བོ་ཉེར་གཅིག་བརྗོད་པས་སྦྱན་དྲངས་ནས་བཞུགས་སུ་གསོལ་བ་ལ། མཆོད་བསྟོད་བྱས་ཏེ། བཟླས་པ་ལ་འཇུག་པར་གསུངས་ཏེ། རྒྱུན་བསྙེན་གྱི་དབང་དུ་བྱས་བའོ། །མཚམས་གྲོལ་བའི་ཐུན་ཐ་མ་ལ་བསྟོད་པ་རྒྱས་པ་ཡན་ཆད་རྫོགས་པ་ན་སྔར་གཏོར་མ་དེ་སླར་གསོས། གྲིབ་གནོན་གྱི་གདོན་བསྲུང་བའི་དོན་དུ་དཔལ་འབར་བཙུགས། སྒྲུབ་ཁང་གི་སྟེང་ངམ་མདུན་དུ་ཁྱེར་ལ་སྟེགས་མཐོན་པོ་ལ་བཞག རང་ཉིད་ཤར་ལྷོར་ཁ་ཕྱོགས་ཏེ། གཏོར་མ་ཆང་ཆུ་ནང་མཆོད་གྱིས་བྲན། དཀྱུས་ལྟར་བྱིན་ཀྱིས་བརླབས་ཏེ་ཤར་ལྷོ་ནས་སྤྱན་དྲངས་པའི་མགོན་པོ་འཁོར་དང་བཅས་ལ་འབུལ། འདིར་གཤེགས་རྒྱན་གྱི་གཏོར་མ་འདི་བཞེས་ཤིག་ཅེས་པའི་མཚམས་སུ་གཏོར་མའི་རྩེ་ནས་བཅད་དེ། ཤར་ལྷོའི་ཕྱོགས་ཀྱི་ནམ་མཁའ་ལ་གཏོར། འདིའི་ལག་ལེན་ཞིབ་པར་གཞན་ལས་འབྱུང་བ་ལྟར་ཤེས་པར་བྱ། དེ་ནས། ནང་དུ་འོངས་ཏེ་བདག་བསྐྱེད་དང་མགོན་པོ་འཁོར་བཅས་ལ་ཕྱི་ནང་གི་མཆོད་པ་དང་བསྟོད་པ་བྱས་ལ་ཡིག་བརྒྱས་ལྷག་ཆད་བསྐང་། ནོངས་པར་བཟོད་པར་གསོལ། མདུན་གྱི་མགོན་པོ་བཅས་བྲིས་སྐུ་ལ་བརྟན་བཞུགས་དང་བྲིས་སྐུ་མེད་ན་བདག་ལ་བསྡུ་བའི་དམིགས་པ་བྱ། དུར་ཁྲོད་བསྲུང་འཁོར་དང་བཅས་པ་གཞན་ཡས་ཁང་ལ་ཐིམ་སོགས་ཀྱིས་བདག་བསྐྱེད་ཉེར་བསྡུ་བྱས་ཏེ་བཀྲ་ཤིས་བཀའ་རྒྱ་མ་བརྗོད་པས་མཐའ་བརྒྱན་པར་བྱའོ༎དེ་ནས་ཐོའི་རྩར་མཆོད་གཏོར་བཤམས། སྔར་ལྟར་བྱིན་གྱིས་བརླབས་ལ་གཏང་རག་གི་ཚུལ་དུ་འབུལ། ཨོཾ་ཁྱེད་ཀྱིས་སེམས་ཅན་སོགས་བརྗོད་དེ་རང་གནས་སུ་གཤེགས་པར་བསམ་ལ་མཚམས་ཐོ་བསྡུ་བར་བྱའོ༎མཚམས་ནང་དེ་ཉིད་དུ་འམ་སྐབས་གཞན་དུ་འང་རུང་སྟེ་ཆོ་གའི་ལྷག་ཆད་ཀྱི་ཉེས་པ་ཞི་བའི་དོན་དུ་སྦྱིན་སྲེག་བྱ་བའི་ཚུལ་གཞན་ལས་ཤེས་པར་བྱའོ༎ སྨྲས་པ། མཆོག་ཐུན་དངོས་གྲུབ་གཅིག་ཅར་སྩོལ་བའི་གཉེན། །བླ་མ་མགོན་པོ་ཇི་ལྟར་བསྙེན་པའི་ཚུལ། །སྔོན་བྱོན་དམ་པའི་བཞེད་པ་ཇི་བཞིན་དུ། །ཚུལ་འདི་སྦྱར་བའི་དགེ་བ་གང་ཐོབ་པ། །དེས་ནི་བདག་གཞན་ལམ་མཆོག་བསྒྲུབ་པ་ལ། །ཕྱི་ནང་བདུད་དང་བགེགས་ཀྱིས་མི་ཚུགས་པར། །མདོ་སྔགས་བཤད་སྒྲུབ་ལུང་རྟོགས་དམ་ཆོས་ཀུན། །འཛིན་ལ་ཟླ་བྲལ་གྲུབ་བའི་གནས་ཐོབ་ཤོག །ཅེས་དཔལ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་བསྙེན་ཡིག་དངོས་གྲུབ་ཆར་འབེབས་ཞེས་བྱ་བ་འདི་ནི་ཆོས་ཚུལ་ལ་བློ་མིག་མཆོག་ཏུ་ཡངས་པའི་རྡོ་རམས་པ་དཀོན་མཆོག་དམ་ཆོས་ཀྱིས་བསྐུལ་ངོར། ༧ཤཱཀྱཱའི་བཙུན་པ་འཇམ་དབྱངས་ཐུབ་བསྟན་ཉི་མས་མཁས་གྲུབ་ཐམས་ཅད་མཁྱེན་པས་མཛད་པའི་ལས་གསུམ་རྣམ་བཞག་དང་། སྤྲུལ་སྐུ་བསོད་ནམས་ཡེ་ཤེས་དབང་བོས་མཛད་པའི་བསྙེན་ཡིག་ལྟར་རང་གཤག་ཨེ་ཝཾ་དུ་བཀོད་པའི་ཡེ་གེ་པ་ནི་དགེ་སློང་འཇམ་དབྱངས་ཤེས་རབ་ཀྱིས་བགྱིས་པ་འདི་ཡང་འགྲོ་ཀུན་བླ་མ་མགོན་པོས་འབྲེལ་མེད་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག ། པར་འདི་ཀུན་མཁྱེན་འཇམ་དབྱངས་བཞད་པའི་སྡེའི། །གདན་ས་ཆེན་པོ་བཀྲ་ཤིས་འཁྱིལ་གླིང་ནས། །ཐུབ་བསྟན་དབང་བསྟན་པའི་ཉི་མ་སྟོང་ཕྲག་གི །གནྡྷོལ་རུ་ལྷག་བསམ་དག་པས་བསྒྲུབས། ། མངྒ་ལཾ༎

 

བརྒྱུད་འགོད།