རྒྱལ་བའི་ལུང་གིས་ཟིན་པའི་ཆོས་སྡེ་ཆེན་པོ་དམུ་དགེ་བཀྲ་ཤིས་འཁོར་ལོའི་དགོན་གྱི་རྣམ་ཐར་དད་ལྡན་རེ་བ་ཀུན་བསྐོང་ཀུན་བཟང་འདོད་དགུའི་མཆོད་སྤྲིན་ཞེས་བྱ་བ་བཞུགས་སོ། །
ཡོང་ཁུངས། ངེད་དགེ་ལུགས་པའི་དྲ་བ། སྤེལ་དུས། 2026-09-01 10:39:21
རྩོམ་པ་པོ། ཀལྤ་བྷ་དྲ་མངྒ་ལཾ། ཀློག་ཐེངས།
༄༅། །ན་མོ་གུ་རུ་བཛྲ་བྷེ་ར་ཝཱ་ཡ། །རྒྱལ་ཀུན་གསང་གསུམ་མཁྱེན་རབ་གཅིག་བསྡུས་པ། །ཁམས་གསུམ་ཟ་བྱེད་གཤིན་རྗེའི་གཤེད་པོའི་གར། །བསླབ་གསུམ་ངུར་སྨྲིག་འཆང་བའི་དྲིན་ཅན་རྗེ། །བྱང་ཆུབ་ཐོབ་ཅིང་རིགས་ཀྱི་བདག་པོར་བཞུགས། །རྒྱལ་ཀུན་མཁྱེན་པའི་དམར་སེར་དྷཱི༔ཡིག་ཁམས། །རྒྱལ་ཡུམ་ངག་དབང་ལྷ་མོ་ཧཱི༔ཡིག་གཟུགས། །ཟུང་འཇུག་འགྱུར་མེད་བདག་སྙིང་པདྨོའི་དབུས། །མྱུར་དུ་བཞུགས་ལ་གསུང་གི་གནང་བ་སྩོལ། །ཚོགས་གཉིས་རིན་ཆེན་བྱེ་བས་བསྐྲུན་པའི་སྐུ། །ཚུལ་གཉིས་མ་འདྲེས་ལེགས་པར་འདོམས་པའི་གསུང་། །བདེན་གཉིས་མ་ལུས་ཇི་བཞིན་གཟིགས་པའི་ཐུགས། །དོན་གཉིས་མཐར་སོན་རྫོགས་པའི་སངས་རྒྱས་འདུད། །ཐུབ་བསྟན་ས་འཛིན་བང་རིམ་མཐོན་པོའི་རྩེར། །མདོ་སྔགས་ལམ་བཟང་འགལ་མེད་གྲོགས་འཁྱེར་བའི། །དགེ་ལྡན་བསྟན་པའི་རྒྱལ་མཚན་བསྒྲེང་མཁས་པ། །འཇམ་མགོན་བློ་བཟང་གྲགས་པའི་ཞབས་ལ་འདུད། །ཐུབ་པའི་སྤྱན་སྔར་མ་འོངས་མཐའ་འཁོབ་ཏུ། །དམུ་རྒོད་འགྲོ་བ་འདུལ་བའི་དམ་བཅའ་མཛད། །དཔལ་ལྡན་མ་ཧཱ་ཀཱ་ལ་གྲོགས་སུ་སྤྲན། །མཁན་ཆེན་ངག་དབང་གྲགས་པར་སྙིང་ནས་འདུད། །གྲུབ་དབང་བྱེ་བའི་གཙུག་རྒྱན་པདྨ་འབྱུང་། །མ་རུང་ལྷ་འདྲེ་བོན་སྡེ་འདུལ་བའི་ཕྱིར། །རླུང་སེམས་དབང་འབྱོར་གྲོང་འཇུག་ཐོགས་རྡུགས་བྲལ། །སྟོང་སྐོར་སྐུ་འཕྲེང་རིམ་བྱོན་སྤྱི་བོར་མཆོད། །གསང་ཆེན་བསྟན་པའི་མངའ་བདག་རྡོ་རྗེ་འཛིན། །སྤྲུལ་བའི་ཟློས་གར་ཆུ་ཟླ་གཟུགས་བརྙན་ལྟར། །གདུལ་བྱའི་ཁམས་བཞིན་གསང་གསུམ་བརྟན་གཡོའི་གར། ། བསྒྱུར་མཛད་སྐྱབས་མཆོག་འཇིགས་མེད་དབང་བོར་འདུད། །ཀུན་མཁྱེན་སྐུ་འཕྲེང་རྣམས་དང་དགོན་སྡེ་འདིར། །སྐྱོང་མཛད་ཁྲི་རབས་གསེར་རིའི་འཕྲེང་བ་དང་། །རྣམ་དཀར་དགེ་ལ་འབུང་བའི་འདུས་སྡེ་སོགས། །བདག་གི་སྤྱི་བོར་དགྱེས་བཞིན་བཞུགས་པར་གྱུར། །འདི་གའི་དགོན་སྡེའི་རྣམ་ཐར་མ་ངེས་ཀྱང་། །ནོར་ལྷའི་ཕྱོགས་ནས་སྙན་གྲགས་རྔ་བོ་ཆེ། །བརྡུང་བའི་སྒྲ་ལས་དྲངས་ཏེ་བསྐུལ་བ་ན། །རྒན་པོས་འཆལ་གཏམ་ཆ་ལིང་ཅུང་ཟད་འཁྲོལ། །འདིར་ཡང་དང་བོར་ཐུབ་པའི་སྤྱན་སྔ་རུ། །རྒྱལ་བའི་སྲས་བོ་རྗེ་བཙུན་འཇམ་དབྱངས་ཀྱིས། །ཐུགས་བསྐྱེད་ཚེ་ན་མ་འོངས་ཁ་བ་ཅན། །ཁྱོད་ཀྱིས་དགོན་ཆེན་རབ་དགའ་འདེབས་ཞེས་གསུངས། །ཕྱི་ནས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་། །གསལ་འདེབས་མཛད་དེ་རྒྱལ་བ་རང་ཉིད་ཀྱིས། །ཐུགས་སྲས་གཉིས་ལ་རྒྱལ་མོ་ཚ་བའི་རོང་། །སོང་ཞེས་ཐུགས་བསྐྱེད་བསམ་པ་འགྲུབ་པོ་གསུངས། །ལྕེ་ནག་པ་དང་ངག་དབང་གྲགས་པ་གཉིས། །སྔོན་གྱི་ཐུགས་བསྐྱེད་དམ་བཅའ་ཁུར་བཙན་པས། །མཐའ་འཁོབ་ལྗོངས་འདིར་བསྟན་པའི་སྒྲོན་མེ་ཆེར། །སྦར་བའི་གྲོགས་སུ་ཕྱག་དྲུག་མགོན་པོ་བཞག །ཁམས་གསུམ་འགྲོ་བའི་བླ་མ་ཙོང་ཁ་བས། །འཕགས་ཡུལ་དུར་ཁྲོད་བསིལ་བའི་ཚལ་སོགས་ནས། །ཕྱག་དྲུག་མགོན་དང་གུར་མགོན་ཡིད་བཞིན་ནོར། །སྤྱན་དྲངས་ཚ་བའི་རོང་གི་རྟེན་སྐལ་གནང་། །ལྐོག་གྱུར་ནག་པོ་ཆེན་པོ་རང་ཉིད་ཀྱི། །ལས་བྱེད་གནོད་སྦྱིན་བཞི་ཡིས་བཟོ་བོ་མཛད། །མཐར་ཡང་ཕྱག་དང་བཅས་ཏེ་སྐུ་བརྙན་ཐིམ། །བྱིན་རླབས་གཟི་བྱིན་ཕུན་སུམ་ཚོགས་པར་གྱུར། །དུང་རིའི་གནས་དང་ལྷ་མོ་དམུ་དགེ་དང་། །ད་ཚང་ཀིརྟིའི་རོང་དགོན་གནས་རྟེན་སོགས། །གསུང་གཅིག་ཉིད་ཀྱིས་རང་རང་སོ་སོར་གོ། །སྤྱིར་བཏང་དམིགས་བསལ་བསྟན་བཅོས་ཀུན་ལ་གྲགས། །དགའ་ལྡན་གནས་ནས་ལུག་ཟླའི་བཅོ་ལྔའི་ཉིན། །བློ་བཟང་གྲགས་པས་མགོན་པར་རབ་གནས་མཛད། །མེ་ཏོག་ཆར་དང་ཐོག་འབྲུག་གློག་གསུམ་འཁྱུག །བྱིན་རླབས་དངོས་སུ་འབེབ་པའི་ལྟས་མཚན་འཆར། །དེ་རྗེ་སྟོང་འཁོར་སྐུ་འཕྲེང་ལྔ་བ་ཡི། །གྲུབ་དབང་བསོད་ནམ་རྒྱ་མཚོས་བདག་ཁུར་མཛད། །ནག་ཕྱོགས་བོན་སྡེ་མ་རུང་དྲེགས་པའི་ཚོགས། །ཞི་དྲག་ཐབས་ཀྱིས་པདྨའི་རྣམ་ཐར་བསྐྱངས། །སྡེ་འདིས་བསྟན་པའི་གཉེར་འཛིན་ལྷ་མོ་དང་། །ཚངས་པ་ཞི་དྲག་བསྟན་པའི་བཙས་སུ་བཞག །གདུལ་བྱའི་བསྐུལ་བའི་དྲེགས་ལྡན་རྒྱ་དཔོན་སོགས། །མ་ཧཱ་དེ་བའི་མཚོ་ཕྱོགས་གདན་ཡང་དྲངས། །ཡབ་རྗེ་དེ་ཡིས་འཇིགས་མེད་དབང་བོ་ལ། །བསམ་འགྲུབ་དགོན་ནམ་བཀྲ་ཤིས་འཁོར་ལོའི་དགོན། །འཁོར་ལོ་གསུམ་གྱི་མཛད་འཕྲིན་ལྷོད་མེད་པར། །ཁྱོད་ཀྱིས་སྐྱོངས་ཞེས་གསུང་གི་མེ་ཏོག་འཐོར། །སྐྱབས་གཅིག་དཀོན་མཆོག་འཇིགས་མེད་དབང་བོ་ཡིས། །བེ་ཧར་རྡོར་ལེགས་སོགས་ལ་གཉེར་གཏད་མཛད། །འཕྲོས་སུ་གུང་རི་རྒྱ་མཚན་བཟང་བོ་ཡི། །ནུ་གཉིས་འཆད་ཉན་སྤེལ་ལོ་མངོན་སུམ་གཟིགས། །དཀོན་མཆོག་འཇིགས་མེད་དབང་དང་སོ་མང་གི། །རྒྱལ་མོ་སྐྲ་དཀར་བསོད་ནམས་སྒྲོལ་མ་གཉིས། །བཀའ་བགྲོས་འཆམ་ནས་དགོན་སྡེ་འདི་ཉིད་ནི། །འཁོར་ལོ་གསུམ་གྱི་མཛད་བཟང་ད་བར་བསྐྱངས། །འཇམ་དཔལ་དབྱངས་དངོས་བསོད་ནམས་བཀྲ་ཤིས་དང་། །བྱམས་མགོན་སྤྲུལ་བ་བློ་བཟང་དགེ་ལེགས་ཞེས། །ཟབ་རྒྱས་གདམས་པའི་བདུད་རྩི་ཅི་ཡང་འཐོར། །བསྟན་འཛིན་ཐུགས་ཀྱི་པད་དཀར་རྒོད་བཞིན་བྲེལ། །སྙིགས་དུས་བསྐལ་ངན་ཤིང་ཕག་ལོ་འདི་ལ། །དུས་ངན་དམག་འཁྲུག་བསྟན་པའི་དགྲ་བོ་བྱུང་། །དགོན་སྡེ་གཏོར་བརླགས་སྐུ་གསུང་ཐུགས་རྟེན་བཤིག །འདུས་སྡེ་སྲན་ཕུང་རྡོ་བརྒྱབ་བཞིན་དུ་གཏོར། །སྙིགས་དུས་ལོ་ངན་ལས་ངན་དུས་ངན་གསུམ། །འཛོམས་པའི་ཚེ་ན་ནད་མུག་འཁྲུག་རྩོད་སྡང་། །དཀར་ཕྱོགས་མཐུ་ཉམས་ནག་ཕྱོགས་བདུད་རིགས་རྒྱས། །དེ་དུས་ཝ་གིན་མ་ཧཱ་རྗེས་སུ་ཞུགས། །ཚུལ་ལྡན་དམ་ཚིག་སྡོམ་པའི་རང་མདོག་ངོམས། །ཚུལ་མིན་ལོག་སྤྱོད་བསླབ་གསུམ་འོ་མའི་མཚོར། །ཉེས་ལྟུང་ཁྲག་གི་ཐིག་ལེ་མང་བོ་ཕབ། །དེ་ཚེ་བློ་བཟང་གྲགས་པ་ཤིན་ཏུ་སྐྱོ། །ལྷོ་རྒྱུད་བསྟན་པའི་འབྱུང་གནས་འཁོར་ལོའི་དགོན། །དུས་མཐའི་དམག་གིས་ཛཱ་ལ་རཾ་གཏད་ཚེ། །མི་ཕམ་མགོན་དང་འཇིགས་མེད་རྒྱ་མཚོ་སོགས། །རང་བྱུང་ལྔ་ལྡན་མང་བོ་ནམ་མཁའི་དབྱིངས། །ལྷ་དབང་ལ་སོགས་མ་བཟོད་ལྷ་མང་གིས། །རྫུ་འཕྲུལ་ཤུགས་ཀྱིས་མྱུར་དུ་གདན་ཡང་དྲངས། །ལྷ་ཡི་རྔ་གསང་རོལ་མོས་གནམ་ས་བཀང་། །འདི་ལྟར་མཐོང་སྣང་ཅན་ལ་མངོན་སུམ་གྲུབ། །བདུད་སྲིན་དམག་དཔུང་ཆུ་ལྷའི་ཕྱོགས་ནས་བརྡོལ། །ཊཀྐི་ར་ཛའི་རྟེན་དང་བརྟེན་པ་བཅས། །དགྲ་ཤ་ཁྲག་གི་དྲི་ཚོར་བཟོད་གླགས་མེད། །དམག་ལ་རྒྱུག་ཅིང་སླར་ཡང་རང་གནས་འཁོད། །མགོན་པོའི་སྙན་ཤར་སྤྱན་གཟིགས་མེད་པར་བྱས། །ལོ་གཏོར་མཆོད་མེ་ལ་སོགས་ཟོས་པས་ན། །ནད་ཀྱིས་ན་དང་སྨྱོ་དང་ཤི་བ་ཡི། །ཡུལ་ཁམས་བཾ་རོ་གསར་རྙིང་གཅལ་དུ་བཀྲམ། །ཐུན་མོང་མ་ཡིན་བདུད་རིགས་རྒྱ་དཔོན་གྱིས། །མགོན་པོར་རྐང་སྟབས་བརྡེག་ཅིང་ངར་སྐད་བསྒྲོག །མགོན་པོ་ཁྲོས་ཤིང་ཧ་ཧ་ཧཱུཾ་ཧཱུཾ་དང་། །ཕཊ་སྒྲ་དྲག་པོ་སྒྲོག་ཤིང་བསྐྲད་པར་གྱུར། །མ་བཟོད་དམག་དབྱེན་བྱུང་ཞིང་ཡུལ་གཞན་སོང་། །རྣམ་འཕྱང་ལོ་ལ་སླར་ཡང་འོང་བ་ནི། །མགོན་པོའི་ལྷ་དམག་ཁྲོས་ཤིང་ས་གཡོ་མཛད། །ཐོག་སེར་མཚོན་གྱིས་བསད་དང་མཐའ་ལ་དེད། །མགོན་པོ་རང་ཉིད་བཞུགས་པའི་གནས་ཁང་སྟེང་། །ལྕགས་བྱས་སྒྱོག་ཐུན་འཁྲུལ་འཁོར་འཕང་བ་ན། །རེག་ཙམ་ལྒང་བུ་དབུགས་བརྒྱབ་བཞིན་འཕར་ནས། །ནུས་མེད་ཐང་ལ་ལྷུང་དེ་རང་ཞིག་སོང་། །མགོན་དམག་མི་ནག་རྟ་ནག་གནམ་ས་བཀང་། །མི་དཀར་རྟ་དཀར་གསུམ་ཞེས་ཡོད་པར་གྲགས། །ཅི་ཡིན་མི་ཤེས་ཡིད་ཀྱིས་འཕྱང་མོ་ཉུག །མཐའ་དམག་བཟློག་ཅེས་ལྷ་ཡི་རྒྱལ་རྔ་བརྡུངས། །ནག་ཕྱོགས་དགྲ་སྡེའི་སྡོང་ཟླ་དམག །དཔོན་གྱི་རྒྱབ་བརྟེན་མི་དང་མི་མིན་ཆོ་འཕྲུལ་སྡང་། །འཇིགས་མཛད་རྡོ་རྗེ་འཇིགས་བྱེད་ལ་བསྟེན་ཚེ། །སྡང་དགྲའི་བསམ་སྦྱོར་ནུས་མཐུ་དཔའ་ཡང་ཞུམ། །ཀུན་མཁྱེན་ཐུགས་བསྐྱེད་སྤྲིན་སྔོན་རོལ་བ་ལས། །ཕན་བདེའི་བྱམས་བརྩེའི་བདུད་རྩིའི་གྲུ་ཆར་ཕབ། །མྱ་ངན་སངས་པའི་སྙིང་གི་ཆུ་སྐྱེས་སོགས། །ཅུང་ཟད་བཞད་དེ་ལུང་རིགས་གླུ་དབྱངས་སྒྲོག །ཁོ་བོའི་རྣམ་དཔྱོད་ཁབ་མིག་བུ་ག་ལས། །དགོན་སྡེ་ཆོས་སྲུང་ལོ་རྒྱུས་མི་ཤེས་ཀྱང་།དགེ་བཤེས་སྙན་གྲགས་སྤྲུལ་སྐུ་ཡོངས་འཛིན་བཅས། །ཉམས་སད་ཕྱིར་དུ་བསྐུལ་ཚེ་བྱིས་གཏམ་ཕུལ། །བསམ་འགྲུབ་གླིང་གི་ཆགས་ཚུལ་གནས་ཚུལ་ནི། །དུང་རིའི་ནུབ་ངོས་དཔག་ཚད་གསུམ་གྱི་སར། །དམ་པ་དུ་མའི་ཞབས་པད་བསྐྱོད་པ་ཡིས། །བཀྲ་ཤིས་འཁོར་ལོའི་དགོན་ཞེས་སྡེ་འདི་མཛེས། །གཡས་གཡོན་དྭངས་བསིལ་ཡོན་ཆབ་ལྷུང་ལྷུང་འབབ། །མདོ་སྔགས་གཞུང་བཟང་ཆུ་བོར་བརྩེན་ནོ་ཞེས། །དགའ་བའི་རྣམ་འགྱུར་དང་བཅས་ཆུ་ཆེན་འདྲེས། །མི་རྟག་བསྒོམ་པའི་མ་རིག་སྦུབ་རྒྱ་གྲོལ། །ས་ཐོབ་གྲུབ་བརྙེས་རིག་འཛིན་ཀླུ་དབང་མཚོ། །སེམས་མེད་འབྱུང་བ་ཆུ་ཡིས་སྐོར་བ་བྱེད། །གཏུམ་མོ་བདེ་དྲོ་དགའ་བཞིའི་འཕུང་སྒྲ་སྒྲོག །རླུང་སེམས་དབང་འབྱོར་བརྡ་ཚིག་འདི་ཀོ་རྨད། །མདུན་ན་གསེར་ལྡན་ཉ་མོ་ཁ་སྤྲོད་མཚར། །བླང་དོར་འབྱེད་པའི་དགེ་བཤེས་འཕེལ་བའི་བརྡ། །བཞུགས་གནས་བཅུད་ལྡན་གསེར་གྱི་བུམ་པ་འཁྱིལ། །ཟབ་རྒྱས་དམ་ཆོས་སྒོ་མོ་འབྱེད་པའི་བརྡ། །ས་གཞི་དཔྱད་ལེགས་པདྨ་ཁ་ཕྱེས་འདྲ། །དམ་ཚིག་སྡོམ་པའི་དྲི་བསུང་སྤྲོ་བའི་བརྡ། །མདུན་ན་ལྷ་རིས་ཆོས་དུང་གཡས་འཁྱིལ་འཛིན། །མཛད་འཕྲིན་སྙན་གྲགས་ཕྱོགས་བཅུར་ཁྱབ་པའི་བརྡ། །དཔལ་གྱི་བེ་འུ་གྲྭ་མིག་རིས་སུ་གསལ། །བསྟན་པ་གྲུ་བཞི་ལམ་དུ་འཁྱེར་བའི་བརྡ། །ཕྱོགས་ཕྱོགས་རི་བོ་རྒྱལ་མཚན་བསྒྲེང་འདྲ་ཡོད། །ཐུབ་པའི་བསྟན་པ་ཕྱོགས་བཅུར་སྤེལ་བའི་བརྡ། །བཀྲ་ཤིས་འཁོར་ལོའི་དགོན་ཞེས་བསྔགས་འོས་ཡུལ། །ཐུབ་བསྟན་འཁོར་ལོ་གསུམ་གྱིས་སྐྱོང་བའི་བརྡ། །ནག་པོ་ཆེན་པོའི་བླ་རི་ནོར་གཟུགས་ཡོད། །ཆོས་ལྡན་འཚོ་ཆས་མི་ཕོངས་རྟེན་འབྲེལ་ཡོད། །ཐམས་ཅད་ཀུན་བསྐྱེད་བཙུན་མོའི་བླ་མཚོ་ཡོད། །ཆོ་རིགས་མི་དམན་རྒྱབ་བརྟེན་རྟེན་འབྲེལ་ཡོད། །རྦ་ཁོག་སྟག་སྙིང་བཞད་འདྲའི་དཔྱད་ལེགས་ཡོད། །ཆོས་བློན་རིག་པ་འཛིན་པའི་རྟེན་འབྲེལ་ཡོད། །གླང་ཆེན་ཆུར་འཇུག་མ་བུ་རྣམ་གསུམ་ཡོད། །ཐེག་པའི་རང་ལམ་མི་ནོར་སྟོན་པའི་བརྡ། །བྲག་དཀར་རྟ་སོ་རྫོངས་འདྲའི་གནས་རི་ཡོད། །ཅི་བྱས་ལམ་དུ་འགྲོ་བའི་རྟེན་འབྲེལ་ཡོད། །བྲག་དམར་མཆོང་ལུང་རྫོངས་ལ་འཁུ་བ་ཡི། །རི་བོ་དམག་དཔུང་འགྱིང་འདྲའི་བརྗིད་ཆགས་ཡོད། །འདི་ནི་རག་བསྡུས་ཚུལ་གྱིས་ཕྱི་ནས་དཔག །ཉེ་ཕྱོགས་བཀྲ་ཤིས་རྟགས་བརྒྱད་གཡས་ནས་བརྩམས། །རྒྱལ་སྲིད་སྣ་བདུན་གཡོན་ནས་རབ་བཀྱེ་སྟེ། །མཆོད་པའི་ཚུལ་དུ་གྲལ་རིམ་བཞིན་དུ་བསྒྲིགས། །རིགས་གསུམ་བླ་རི་བཞུགས་པའི་གནས་མཆོག་གི། །གཡས་ན་གཡུ་སེང་གནམ་ལ་འཆོང་འདྲ་ཡོད། །གཡོན་ན་སྟག་མོ་གཟན་ལ་རྔམས་འདྲ་ཡོད། །མདུན་ན་ཁྱུང་ཆེན་གནམ་འཕངས་གཅོད་འདྲ་ཡོད། །དབུས་ན་གཡུ་འབྲུག་ཆུ་ལ་འབབ་འདྲ་ཡོད། །དེ་ལྟའི་རླུང་རྟ་སྡེ་བཞི་འཛོམས་པའི་གནས། །ཤར་ན་དུང་རིའི་གནས་ཆེན་བསམ་འདས་ཡོད། །ལྷོ་ན་བེ་རོའི་སྒྲུབ་ཕུག་བྱིན་ཅན་མང་། །ནུབ་ན་ཨོ་ཊི་ཡ་རྫོངས་ཁྱད་འཕགས་ཡོད། །བྱང་ན་ར་ཕུག་མཁའ་འགྲོའི་གསང་རྫོངས་ཡོད། །ངོ་མཚར་གནས་ཀྱི་མཐའ་བརྟེན་མང་བོ་ཡོད། །གཡས་གཡོན་མདུན་རྒྱབ་ཉལ་འགྲོའི་རྒྱུན་བཟང་གི། །ཡོངས་སུ་བསྐོར་ཞིང་མདུན་དུ་འདུས་པར་གྱུར། །གཞན་ཡང་རྭ་བསྒྲེང་ས་དཔྱད་ལེགས་པར་ཚང་། །ཡི་གེ་མང་བས་རེ་ཞིག་བཏང་བསྙོམས་བཞག ། །དག་དང་མ་དག་གང་ཟག་རབ་ཐ་འབྲིང་། །སྣ་ཚོགས་སྣང་བའི་སེམས་ཀྱི་ཆོ་འཕྲུལ་སོགས། །སྣོད་བཅུད་ཀུན་ལ་ཁྱབ་པས་མིང་བརྡ་ཙམ། །ཅུང་ཟད་སྤེལ་ལོ་མཁས་པས་མ་འཕྱའ་ཞུ། །བདག་ལ་སྔོན་སྦྱངས་ཡོན་ཏན་ག་ལ་སྲིད། །ཐོས་བསམ་སྒོམ་པའི་ཉམས་མྱོང་ཆེས་དབེན་པས། །འདི་ཕྱི་གཉིས་མེད་ཆུ་ཤིང་ཁུང་རུལ་དེས། །ཉམས་མྱོང་རྒན་པོའི་འབེལ་གཏམ་ཤུགས་རིང་བསྐྱངས། །བློ་གྲོས་དམན་ཡང་བློ་བཟང་སྒྲོ་བཏགས་ཀྱིས། །བཀྲ་ཤིས་འཁོར་ལོའི་དགོན་གྱི་རྣམ་ཐར་ཞིག །བརྩོམ་པའི་བགོ་སྐལ་རང་ལ་བབ་པ་ན། །བསྐལ་བ་བཟང་སྙམ་མདོར་བསྡུས་ཙམ་སྤེལ་ལོ། །སྔོན་སྦྱངས་ཡོན་ཏན་རི་བོང་རྭ་ཡི་རྩེར། །སྔོན་བྱོན་དམ་པའི་རྣམ་ཐར་ཨ་དརྴ:། །སྔོན་མེད་གསལ་བར་མཐོང་བའི་སྐབས་མེད་ཀྱང་།སྔོན་གྱི་ལས་དབང་བཙན་འདི་ངོ་ཡང་གནོང་། །ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ནས་མཁའ་འགྲོ་དཀར། །ནོར་ལྷའི་ཡུལ་གྱི་མཁས་པའི་ཡིད་འཕྲོག་ནས། །དམ་པ་གང་དེའི་ཞབས་སེན་མེ་ཏོག་འཕྲེང་། །དད་པའི་སྤུ་ལོང་གཡོ་བཞིན་བཏུད་དེ་ཐལ། །འདིར་འབད་དགེ་བས་བླ་མ་ཆོས་སྲུང་བཅས། །བདག་ཀྱང་ཚེ་རབ་ཀུན་ཏུ་རྗེས་བཟུང་ནས། །མ་གྱུར་འཁོར་བའི་གནས་ནས་འདྲེན་པ་ལ། །ཐུབ་དབང་རྡོ་རྗེ་འཆང་དང་མཚུངས་འགྱུར་ཤོག །ས་ལ་བཀྲ་ཤིས་ནད་མུག་འཁྲུག་རྩོད་བྲལ། །བཅུད་ལ་འཁོར་ལོ་གསུམ་གྱི་ཉམས་ཉེན་འཕེལ། །ཡུལ་དགོན་ཆོས་སྲིད་དཔལ་འབྱོར་ཕུན་ཚོགས་ཀྱིས། །འཇིག་རྟེན་ཀུན་ཏུ་དར་བའི་བཀྲ་ཤིས་ཤོག ། ། །
ཅེས་རྒྱལ་བའི་ལུང་གིས་ཟིན་པའི་ཆོས་སྡེ་ཆེན་པོ་དམུ་དགེ་བཀྲ་ཤིས་འཁོར་ལོའི་དགོན་གྱི་རྣམ་ཐར་དད་ལྡན་རེ་བ་ཀུན་བསྐོང་ཀུན་བཟང་འདོད་དགུའི་མཆོད་སྤྲིན་ཞེས་བྱ་བ་འདི་ནི་གྲུབ་དབང་མཚོ་སྐྱེས་རྡོ་རྗེའི་ཞབས་ཀྱི་པདྨོར་བསྐྱོད་པའི་གནས་ཆེན་སྟག་ཚང་ལྷ་མོ་ནས་མདོ་སྔགས་གཞུང་དང་རིག་པའི་གནས་ལ་རྣམ་དཔྱོད་ཀྱི་སྤོབས་པ་མཆོག་ཏུ་ཐོབ་པ་དགེ་བཤེས་སྙན་གྲགས་སང་གིས་བཀས་ནན་གྱིས་བསྐུལ་བ་དང་གྲུབ་ཐོབ་དུ་མ་ཟམ་མ་ཆད་པའི་སྒོམ་ཆེན་སྤྲུལ་བའི་སྐུ་རིན་པོ་ཆེའི་སྐུ་འཕྲེང་བཅུ་གསུམ་པ༧རྗེ་འཇམ་དབྱངས་མཁས་གྲུབ་རྒྱ་མཚོའམ་མིང་གཞན་དཔའ་བོ་ལས་རབ་རྡོ་རྗེར་འབོད་པས། ཡུལ་འདིའི་བདེ་སྡུག་འཁྲུག་ལོང་སོགས་ཀྱི་ལུང་བསྟན་མ་འོངས་མངོན་སུམ་དུ་གཟིགས་ནས་འགྱུར་མེད་རྡོ་རྗེའི་བཀའ་གསུང་འདི་བཞིན། ཤར་གྱི་རང་བྱུང་མགོན་པོས། །དམར་བོའི་རུ་སྣ་ཟློག་དུས། །དགེ་འདུན་གསེར་གྱི་ངང་བ། །དམ་ཆོས་མཚོ་ལ་འདུ་ཡོང་། །ཞེས་གསུངས་པ་ལྟར།སྔོན་མཁས་གྲུབ་མང་དུ་བྱོན་པ་ལས་དགོན་པ་དང་མགོན་པོའི་རྣམ་ཐར་མ་གྲགས་དམ་ཆོས་མཚོ་ལ་འདུ་བ་དང་ཆབ་གཅིག་ཏུ་སྔོན་གྱི་རྐྱེན་གྱིས་བསྐུལ་བའི་ལྷན་ཅིག་བྱེད་པའི་རྐྱེན་གྱིས་རྣམ་ཐར་འདི་བཞིན་གསུང་བ་དང་རང་ཅག་རྣམས་ཀྱི་ཐོས་བསམ་གྱི་སྒྲོན་མེ་ཆེན་པོ་དམ་པའི་སྐྱེས་འཕྲེང་གི་རྣམ་ཐར་རྨད་དུ་བྱུང་ཞིང་ཐུབ་བསྟན་མི་ནུབ་པའི་རྒྱལ་མཚན་གྱེན་དུ་བསྒྲེང་བའི་རྗེ་རྒྱམ་ཁོ་བ་བློ་བཟང་དགེ་ལེགས་དཔལ་བཟང་བོའི་ཡང་སྤྲུལ་མཐོང་བ་དོན་ལྡན་སྐལ་བཟང་འཇམ་དབྱངས་མཁྱེན་རབ་ཀྱི་གསུང་གི་མེ་ཏོག་བདག་གི་སྤྱི་བོར་བབ་པ་དང་སྤྲུལ་སྐུ་ཉིད་ཀྱི་ཡོངས་འཛིན་དམ་པ་བཀའ་པོད་ལྔའི་དགོངས་དོན་ལ་རྩེ་གཅིག་ཏུ་གཞོལ་བའི་རྡོ་རམས་པ་ཐབས་མཁས་རྒྱ་མཚོ་སོགས་ཀྱིས་ཁྱོད་ཀྱིས་འདི་ལྟ་བུའི་རྣམ་ཐར་ཚིགས་བཅད་མ་ཞིག་རྩོམས་དགོས་ཞེས་དངོས་སྐྱེས་བཟང་བོ་དང་བཀས་ནན་གྱིས་བསྐུལ་བས། གོང་གི་རྣམ་ཐར་ལ་བལྟས་ན་དུས་སུ་བབ་པ་ཡིན་སྙམ་པའི་ངོར་མ་ཟློག་ཙམ་དུ་གྲུབ་དབང་བྱེ་བའི་གཙུག་ན་མངོན་པར་མཛེས་པའི་རྒྱན་གཅིག་བཀའ་བརྒྱུད་བསྟན་པའི་སྲོལ་འཛིན་ཆེན་པོ་རྗེ་མི་ལ་བཞད་པའི་རྡོ་རྗེའི་རྣམ་ཐར་བཟང་བོར་དད་པ་ཅུང་ཟད་ཐོབ་པའི་རྒན་པོ་སྙོམས་ལས་པ་མ་ཏི་མངྒ་ལཾ་མམ་ཀལྤ་བྷ་དྲ་མངྒ་ལཾ་ཞེས་འབོད་པས་རྐྱེན་ངན་ལམ་དུ་འཁྱེར་བའི་རྒྱལ་སྲས་བྱང་ཆུབ་སེམས་དཔའི་རྣམ་ཐར་ལ་བསམ་སྟེ་ཡིད་སྨོན་གྱི་ལབ་བཟླས་འདི་བྲིས་པས་བདག་ཅག་ཚེ་རབས་ཀུན་ཏུ་མཆོག་གསུམ་བསླུ་བ་མེད་པའི་བྱིན་མཐུ་དང་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་སོགས་ཆོས་སྲུང་མཐུ་རྩལ་ཅན་རྣམས་ཀྱིས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག ། ། །སརྦ་མངྒ་ལཾ། །

རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།