རྗེ་བཙུན་བླ་མ་བློ་བཟང་རྒྱ་མཚོ་དཔལ་བཟང་བོའི་རྟོགས་བརྗོད་ངོ་མཚར་གྲུབ་པའི་གཏམ་སྙན་ཐུབ་བསྟན་མཛེས་པའི་རྒྱན།
སྐྱ་ཀྱཱ་འཇམ་དབྱངས་དགེ་བའི་དཔལ།
༄༅། །རབ་འབྱམས་རྒྱལ་བའི་གསང་གསུམ་རྡོ་རྗེའི་ཁམས། །ཐམས་ཅད་ཤེས་རབ་གཅིག་ཏུ་སྡོམ་མཛད་པ། །ཁྱབ་བདག་དཔལ་ལྡན་བླ་མ་ཧེ་རུ་ཀའི། །ཞབས་ལ་དངོས་པོ་ཀུན་གྱིས་ཕྱག་བགྱིའོ། །
འདིའི་དབུ་ཤོག་[སྡེབ་སྦྱོར་མཉམ་པའི་པི་ཏི་ལས་ཡི་གེ་བཅུ་གཉིས་པ་སྐྱེ་འགྲོའི་སྤྱི་གྲངས་བཞི་སྟོང་ཆིག་བརྒྱ་གོ་དྲུག་ཡོད་པ་ལས་སྟོང་དང་བརྒྱ་དོན་གཅིག་པ་མེ་ཏོག་ཕྲེང་བ་ཅན་ཞེས་བྱ་བའོ]། ། སུམ་རྐང་ཅན་དུ་མཛད་ཡོད་པས་འདིར་དེ་ལྟར་དུ་བཀོད་མ་ཐུབ་པས་དགོངས་འགལ་མེད་པར་ཞུ་ཞུ།
བླ་ན་མེད་པའི་ཡེ་ཤེས་མེ་ལོང་དྭངས་པར་ཇི་ལྟ་ཇི་སྙེད་ཤེས་བྱའི་རི་མོ་མཐའ་དག་རྫོགས་པར་བཀྲ། །
མཚར་སྡུག་མཚན་དཔེའི་གཟི་འོད་སྟོང་འབར་ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས་གང་གྲངས་མེད་སྤྲུལ་བའི་འོད་སྟོང་འགྱེད། །
སྟོང་དང་རྟེན་འབྱུང་ལྷ་ཡི་རྔ་ཆེན་བརྡུངས་པས་ས་གསུམ་སྐྱེ་དགུ་མཐའ་དག་མ་རིག་གཉིས་ལས་སློང་མཛད་པ། །
རྣམ་འདྲེན་སྟོང་གི་དབུས་ན་མངོན་མཐོ་ཟླ་མེད་སྟོན་པ་ཤཱཀྱ་སེང་གེའི་ཞབས་པད་གཙུག་ཏོར་ནོར་བུའི་ཏོག །
དྲི་མེད་འོད་ཆགས་ཞབས་ཀྱི་འཁོར་ལོར་རྒྱལ་སྲས་བྱེ་བ་བརྒྱའི།
མཐོན་མཐིང་རལ་བའི་ནགས་ཀློང་སྟུག་པོར་རྟག་ཏུ་ངལ་གསོ་བ། །
མ་ལུས་རྒྱལ་བའི་ཡེ་ཤེས་གཅིག་གྱུར་དམར་སེར་གཞོན་ནུ་དེས། །
རྨོངས་པའི་མུན་འཕྲོག་ཤེས་རབ་རལ་གྲིའི་འཁྲི་ཤིང་བདག་ལ་སྩོལ། །
རྡུལ་བྲལ་ཤེས་རབ་མཆོག་གི་ལང་ཚོ་དར་བའི་འཛུམ་རླབས་ཀྱིས། །
ཤེས་བྱའི་རང་བཞིན་ཕ་མཐའ་བྲལ་བའི་ཁེངས་པ་ཀུན་བཅོམ་ཏེ། །
སྙན་འགྱུར་འཕང་འགྲོའི་དབྱངས་སུ་བཀུག་ལས་ཟག་མེད་བདེ་བའི་དཔལ། །
རྒྱས་མཛད་ཚངས་སྲས་མ་ཀྱེ་ངག་གི་དབང་ཕྱུག་གྲུབ་ཏུ་གསོལ། །
ཟབ་མོས་གནས་ལུགས་ཇི་བཞིན་འཆད་ལ་སྨྲ་བའི་སེང་གེ་ནཱ་ག་ཛུ་ན་བཞིན། །
རྒོལ་ངན་ཚར་གཅོད་རིགས་པའི་གད་རྒྱངས་སྒྲོགས་འདིས་ཆོས་ཀྱི་གྲགས་པར་འཕྱང་མོ་ཉུག །
ལེགས་བཤད་འོད་སྟོང་ཟེར་གྱི་འཇུག་ངོགས་བདེ་བའི་ལམ་མཚོན་དཔའ་བོའི་སྙན་པ་འཕྲོག །
གངས་ཅན་ཤིང་རྟའི་སྲོལ་འབྱེད་ཙོང་ཁ་བ་ཞེས་འཇིག་རྟེན་གསུམ་ན་རྣམ་པར་གྲགས། །
བློ་བཟང་རྒྱལ་བའི་རང་ལུགས་བསམ་འཕེལ་དབང་། །
བཤད་དང་གྲུབ་པའི་རྒྱལ་མཚན་རྩེར་བཀོད་ནས། །
ཕན་བདེ་རྒྱ་མཚོའི་དགའ་སྟོན་སྤེལ་མཛད་པ། །
བསྟན་འཛིན་རྒྱ་མཚོའི་མགོན་ཁྱོད་གཙུག་ན་རྒྱལ། །
བློ་ཆེན་དཔའ་བོ་འོད་བྱེད་ཀུན་གྱིས་སྤངས་པའི་ལྔ་བརྒྱ་ཐ་མའི་འགྲོར། །
བཟང་བོའི་ཐུགས་བསྐྱེད་རླུང་གི་འཁྲུལ་འཁོར་དམ་བཅའི་རི་མོ་མ་སྨད་པས། །
རྒྱལ་བ་རྒྱ་མཚོའི་འཕྲིན་ལས་བདུད་རྩིའི་འོད་ཀྱི་ཁ་ལོ་སྒྱུར་མཁས་པ། །
སྙིགས་མའི་གདུངས་པ་འཕྲོག་པའི་བསིལ་སྦྱིན་མཁན་ཁྱོད་སྲིད་ཞི་ཡོངས་ཀྱི་མགོན། །
མཆོག་ཏུ་མི་འགྱུར་གདོད་མའི་རང་བཞིན་སྒྲིབ་བྲལ་ལྷན་ཅིག་སྐྱེས་པའི་དངོས། །
འཇའ་ཚོན་ལྟར་བཀྲ་སྒྱུ་མའི་འཇོ་སྒེག་ངོ་མཚར་གྲུབ་པའི་ཞལ་སྐྱིན་ཅན། །
སྣ་ཚོགས་ཐབས་ཀྱིས་རྣམ་འདྲེན་རྒྱ་མཚོའི་མཛདཔ་ཉེ་བར་སྒྲུབ་མཛད་པ། །
ཁྱབ་བདག་རྡོ་རྗེ་སེམས་ཁྱོད་བདག་སྙིང་པདྨའི་ཟེའུ་འབྲུར་རྟག་ཏུ་བཞུགས། །
མགོན་པོ་ཁྱོད་ཀྱི་གསང་བ་གསུམ་གྱི་གཏམ། །
མཐའ་ཡས་བརྗོད་ལ་སེམས་དཔའ་ཆེ་རྣམས་ཀྱང་། །
བློ་གྲོས་ངལ་བ་འཛིན་ན་བདག་ལྟ་ཡིས། །
སྨྲ་བའི་བརྟུལ་ཞུགས་འཛིན་པ་ངལ་བའི་རྒྱུ། །
འོན་ཏེ་བློ་མཆོག་རྣམས་ཀྱི་ཡོན་ཏན་གྱི། །
ཆ་ཤས་ཙམ་ཞིག་གཏམ་དུ་བྱས་པས་ཀྱང་། །
སྲིད་ལམ་འཁྱམས་པས་དུབ་པའི་འགྲོ་བ་ལ། །
ཞི་བའི་ལམ་བཟང་གསལ་བར་བྱེད་ཅེས་གྲགས། །
ཁྱད་པར་སུམ་ལྡན་རྡོ་རྗེ་སློབ་དཔོན་ནི། །
དུས་གསུམ་རྒྱལ་བ་རྒྱ་མཚོའི་ཞལ་སྐྱིན་ཏེ། །
དེ་ཡི་ཡོན་ཏན་ཆ་ཙམ་བརྗོད་པས་ཀྱང་། །
བསོད་ནམས་ཕུང་བོ་མཐའ་ཡས་སྡུད་པ་ཉིད། །
དེ་ཕྱིར་དེ་ཡི་ཡོན་ཏན་རྒྱ་མཚོའི་རྡུལ། །
ཇི་བཞིན་གཏུགས་པར་སླ་བ་མ་ཡིན་ཡང་། །
ཆ་ཤས་ཙམ་ཞིག་སྨྲ་བའི་སྤོབས་པ་ནི། །
བསྐལ་བར་གོམས་པའི་བསོད་ནམས་མཐུ་ཡིས་རྙེད། །
གང་གི་གྲུབ་པའི་གཏམ་སྙན་གསར་བའི་ཕྲེང་། །
ཀུན་དགའི་མཛའ་བ་སྟེར་བའི་བསུང་ཞིམ་ཅན། །
སྲིད་པའི་སྐྱོན་གྱིས་མ་སྙིགས་འདབ་བརྒྱའི་འོད། །
གྲུབ་རིག་ཡོངས་ཀྱི་བླ་ན་མངོན་བར་འབར། །
དཔྱིད་ཀྱིས་བསྐྱངས་པའི་ཆུ་འཛིན་ལྡིང་ཁང་ནས། །
དབྱར་སྐྱེས་རྔ་གསང་དལ་གྱིས་རྒོད་པའི་ཚེ། །
གཙུག་ཕུད་ཅན་རྣམས་དགའ་བས་མྱོས་པ་ཡིས། །
ཟློས་གར་སྒྱུར་བ་རང་གི་ངང་ཚུལ་ཏེ། །
དམ་པའི་རྟོགས་བརྗོད་དབྱངས་ཀྱི་རྒྱལ་མོའི་གླུ། །
སྙན་འགྱུར་འབུམ་གྱི་རྒྱུད་ལས་དྲངས་པའི་ཚེ། །
གཟུར་གནས་མཁས་དང་གྲུབ་པ་བརྒྱ་ཕྲག་གི །
སྙིང་དང་རྣ་བའི་དཔལ་དུ་ཅིས་མི་འགྱུར། །
སྒྲོ་བཏགས་སྨིག་རྒྱུའི་རི་མོས་མ་བསླད་ཅིང་། །
ཕྱོགས་ལྷུང་སྐུར་འདེབས་རྙོག་མ་དང་བྲལ་བའི། །
རྟོགས་བརྗོད་ཡན་ལག་བརྒྱད་ལྡན་བདུད་རྩིའི་རོ། །
སྐལ་བཟང་ལེགས་བྲིས་ཡོངས་ཀྱི་དགའ་བའི་དཔལ། །
འདི་ན་ཤུགས་དྲག་དད་པའི་མོས། །
སྙིང་ལ་གདུངས་པ་འཛིན་བྱེད་པ། །
དེ་དག་ལེགས་བཤད་བདུད་རྩི་ཡི། །
བགོ་སྐལ་མཆོག་འདི་གུས་པས་ལོངས། །
དེ་ཡང་བདག་ཅག་གི་དཔལ་ལྡན་བླ་མ་དམ་པ། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་བརྩེ་མ་ལུས་པ་གཅིག་ཏུ་བསྡུས་པའི་བདག་ཉིད། ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ། སྲིད་པའི་ཕུན་ཚོགས་མཐའ་དག་མེ་འབར་བའི་རླུབས་ལྟར་གཟིགས་པའི་ངེས་འབྱུང་གིས་བསྐུལ་ཏེ། སོ་སོར་ཐར་བའི་བཅས་པའི་མཚམས་ལས་སྐད་ཅིག་ཀྱང་མི་འདའ་བར་མིག་གི་འབྲས་བུ་ལྟར་སྲུང་བར་མཛད་པའི་གནས་བརྟན་འདུལ་བ་འཛིན་པ་ཆེན་པོ། ཕྱི་ནང་གི་རྟེན་འབྲེལ་མཐའ་དག་ཆུ་ཟླའི་རོལ་བ་ལྟར་གཟིགས་ཤིང་། བདག་པའི་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་ཤུགས་དྲག་པོས། རིང་མོ་ཞིག་ནས་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་དག་གི་ཕ་རོལ་ཏུ་སོན་པའི་སེམས་དཔའ་ཆེན་པོ། ནང་ལྷའི་རྣལ་འབྱོར་ཤིན་ཏུ་བརྟན་པོས་ཐ་མལ་གྱི་སྣང་ཞེན་མཐའ་དག་ཟིལ་གྱིས་མནན་ཏེ། སྣོད་བཅུད་དག་པའི་འཁོར་ལོར་ཤར་བའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ལྷག་པའི་ལྷས་མངོན་སུམ་དུ་རྗེས་སུ་བཟུང་བས། ཟབ་མོའི་ལམ་གྱི་གནད་ལ་མི་འཇིགས་པའི་སྤོབས་པ་བསྙེས་ཤིང་། དུས་གསུམ་ཐམས་ཅད་ལ་ལྐོག་ཏུ་མ་གྱུར་བའི་སྤྱན་དང་ལྡན་པ། བདེ་སྟོང་དབྱེར་མེད་ཀྱི་ཏིང་ངེ་འཛིན་ཟབ་མོས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པའི་ངེས་དོན་གྱི་རྡོ་རྗེ་འཛིན་པ་ཆེན་པོ། མཚན་ཙམ་གྱིས་ཀྱང་སྐྱེ་དགུ་མཐའ་དག་འཕྲལ་དང་ཡུན་གྱི་ཕན་བདེའི་དཔལ་ལ་སྦྱོར་བར་མཛད་པའི་བདག་ཉིད་ཆེན་པོ་མཚན་བརྗོད་པར་དཀའ་བ་གྲུབ་པའི་དབང་ཕྱུག་༧་བློ་བཟང་རྒྱ་མཚོ་ཞེས་གྲགས་པའི་རྔ་བོ་ཆེ་གནས་གསུམ་ཌཱ་ཀིའི་ཚོགས་ཀྱིས་ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་བརྡུངས་པའི་སྒྲ་དབྱངས་སྲིད་པ་གསུམ་ན་ཆེས་ཆེར་ལྡིར་བ་དེ་ཉིད་ཀྱི་གསང་བ་གསུམ་གྱི་རྣམ་པར་ཐར་བ་རྒྱ་མཚོ་ལྟ་བུ་ལས། རེ་ཞིག་གདུལ་བྱ་དམན་པ་དག་ལ་ཡང་ཐུན་མོང་དུ་སྣང་བའི་མཛད་པ་ཉིད་ལ་ཉེ་བར་བརྟེན་ནས། ཆུ་ཐིགས་ཙམ་ཞིག་རྣམ་པར་དཔྱད་པའི་རྔ་ཡབ་ཀྱིས་བླངས་ཏེ། སྐལ་བཟང་སྐྱེ་བོ་རྣམས་ཀྱི་དགའ་སྟོན་དུ་འགྱེད་པ་ལ་ཉེ་བར་ཞུགས་སོ། །
དེ་ཡང་འདི་སྐད་རྗེས་སུ་ཐོས་ཏེ། བདག་ཉིད་ཆེན་པོ་འདི་ཐོག་མར་སྐུ་བལྟམས་པའི་ཡུལ་ནི། མདོ་ཁམས་སྨད་ཀྱི་སའི་ཆ་སྔོན་གྱི་དུས་གསང་སྔགས་རྙིང་མ་དང་། བོན་གྱི་གྲུབ་པ་ཆེན་པོ་བསྙེས་པའི་སྐྱེས་བུ་ཆེན་པོ་དུ་མས་བསྟེན་པའི་བྲག་ཕུག་དང་བྱ་སྐྱིབས་ནགས་ཚལ་ལ་སོགས་པ་དཀའ་ཐུབ་དང་རྗེས་སུ་མཐུན་པའི་གནས། ལྷ་སྐུ་དང་ཡིག་འབྲུ་རང་བྱོན་དུ་མ་དང་། ཕྱག་ཞབས་ཀྱི་རྗེས་ལ་སོགས་པ་ངོ་མཚར་དུ་མས་བརྒྱན་པའི་སྐྱ་རྒན་རིན་པོ་ཆེ་དང་། འདམ་བུའི་བྲག་དཀར་སོགས་གྲུབ་པའི་གནས་ཆེན་བརྒྱད་ཀྱིས་བསྐོར་བའི་དབུས། ཕུན་སུམ་ཚོགས་པའི་དགེ་མཚན་བཅུ་དང་ལྡན་པའི་ས་ཡི་ཐིག་ལེ། རྣལ་འབྱོར་གྱི་དབང་ཕྱུག་ཆེ་བ་རིན་པོ་བློ་བཟང་བསྟན་པའི་རྒྱལ་མཚན་དང་། གྲུབ་པའི་དབང་ཕྱུག་རྗེ་བཙུན་སྐལ་ལྡན་རྒྱ་མཚོ་རྣམ་གཉིས་ཀྱི་ཡུན་རིང་ཆོས་འཁོར་བསྐོར་བའི་གནས། ཆོས་སྡེ་ཆེན་པོ་བདེ་ཆེན་ཆོས་འཁོར་གླིང་དང་ཧ་ཅང་མི་རིང་བ་དེར། འབྱོར་ཞིང་རྒྱས་ལ་སྐྱེ་བོ་མང་བོས་གང་བའི་གྲོང་དང་གྲོང་རྡལ་དུ་མའི་དབུས་ན། སྔོན་ཆོས་རྒྱལ་སྲོང་བཙན་སྒམ་པོའི་རིང་ལ་དབུ་རུ་སྟོད་ཀྱི་དོར་སྡེ་ནས་མཐའ་མཚམས་སྲུང་བར་མངགས་གཏོང་བྱས་པའི་དམག་མི་ཆིག་སྟོང་ལྷག་ས་སྲུང་དུ་སླེབས་ནས་མཁར་རྫོང་བརྩིགས་ཏེ་སྒོ་ཆེན་ཟངས་དམར་གྱིས་ཤན་པས་སྒོ་དམར་དོར་སྡེ་རུ་གྲགས་པའི་རིགས་ལས། འདིའི་ཡབ་ནི་དཔའ་ཞིང་དེས་ལ་སྒྲིན་ཅིང་བརྟུལ་ཕོད་པ་སོགས་ཡ་རབས་ཀྱི་ཡིད་དུ་འཐད་པའི་ཆོས་ཀྱིས་བརྒྱན་ཅིང་། ཕྱག་ན་རྡོ་རྗེ་ལ་ཡི་དམ་དུ་བྱེད་པ་པད་བདག་དཔལ་ཞེས་བྱ་བ་ཡིན་ལ། ཡུམ་ནི་རང་བཞིན་དྲང་ཞིང་ཕོངས་ལ་ལྷག་པར་བརྩེ་བ་ཀླུ་མོ་རྒྱལ་ཞེས་བྱ་བ་སྟེ། ཡབ་ཡམ་དེ་གཉིས་ཀྱི་སྲས་སུ་བསམ་བཞིན་དུ་སྐྱེ་བ་བཞེས་ཏེ། ཁྱེའུ་དབུ་གདུགས་ལྟར་ཟླུམ་ཞིང་སྤྱི་གཙུག་མཐོ་བ། དཔྲལ་བའི་དབྱེས་ཆེ་ཞིང་སྨིན་མ་འབྱར་བ། ཤངས་ཀྱི་གཟེངས་མཐོ་ལ་སྙན་ཤལ་རིང་དུ་འཕྱང་ཞིང་ཡན་ལག་དང་ཉིང་ལག་རྒྱས་ལ་དཀུ་སྐབས་ཕྱེད་པ། དབང་བོ་ཡོངས་སུ་གསལ་ལ་པགས་པའི་མདོག་ནི་མེ་ཏོག་ཀུ་མུད་ལྟར་དཀར་བ། འགྲོ་བ་ཀུན་གྱི་མིག་གི་བདུད་རྩི་ལྟ་བུ་ཞིག་ངོ་མཚར་བའི་ལྟས་དང་བཅས་ཏེ་བལྟམས་པར་གྱུར་ཏོ། །
རྩེ་མོ་རབ་མཐོ་ཤེལ་གྱི་ཅོད་པན་ཅན། །
ཡིད་འོང་ཆུ་འཁུར་རྣམ་བཀྲའི་སྟོད་གཡོགས་འཛིན། །
བེེཌཱུར་སྤྲིན་ཚོགས་ལྟ་བུའི་ནགས་ཚལ་གྱིས། །
ཉེར་ཀླུབས་ཕུ་ཆུའི་དོ་ཤལ་རྒོད་པོ་དེར། །
བརྟུལ་ཞུགས་གྲུབ་པ་གདོང་ལྔའི་དབང་བོ་རྣམས། །
སྤྲོས་དང་སྤྲོས་མེད་སྤྱོད་པའི་རོལ་བ་ཡིས། །
ཨོ་ཌི་ཡ་ནའི་ཞིང་གི་དཔལ་འཛིན་པ། །
བཀྲ་ཤིས་གྲངས་ལྡན་ནོར་འཛིན་ཕྲེང་བའི་དབུས། །
དགེ་བཅུའི་དཔལ་གྱི་ས་ཡི་ཐིག་ལེ་ནི། །
ཡོངས་གྲུབ་མ་སྨད་ལེགས་བྱས་ཕོ་ཉ་ཡིས། །
སྡེ་བཞིའི་དཔལ་འབྱོར་བཞེད་པའི་རྫོགས་ལྡན་གྱི། །
དགེ་མཚན་མཐའ་དག་མགྲོན་དུ་བོས་འདྲ་ཡོད། །
གསེར་གྱི་བ་གམ་མཛེས་པའི་འོད་ཚོགས་ཀྱིས། །
ཡོངས་སུ་བསྐོར་བའི་གྲོང་དང་གྲོང་རྡལ་ནི། །
ས་ལ་གནས་ཀྱང་ལྷ་ཡི་འཇིག་རྟེན་དུ། །
བརྟགས་པར་འོས་པའི་ངོ་མཚར་རྒྱས་པ་དེར། །
བཟང་བོའི་རིགས་ཀྱི་འོ་མའི་ཆུ་གཏེར་ཆེར། །
དུས་ལས་ཡོལ་བ་མེད་པའི་འཕྲིན་ལས་རླབས། །
ཟླ་བ་གཞོན་ནུའི་གཟུགས་བཞིན་མཛེས་པ་ནི། །
རྣམ་པར་འདྲེན་པ་རྣམས་ཀྱི་ཡེ་ཤེས་འཕྲུལ། །
སྲིད་པར་སྐྱེ་བ་ཟད་ཀྱབ་སྲིད་པར་འགྲོར། །
སྲིད་པར་འབྱུང་དང་འཇུག་པའི་ཚུལ་ཡང་སྟོན། །
འདམ་ལས་སྐྱེས་པའི་འདམ་སྐྱེས་ཇི་བཞིན་དུ། །
སྲིད་པར་སྐྱེས་ཀྱང་སྲིད་པས་གོས་པ་མེད། །
བསྐལ་བརྒྱར་གོམས་པའི་ཐུགས་རྗེ་ཆུ་གཏེར་ལས། །
བསོད་ནམས་མཆོག་གིས་བྱིན་པའི་གཟུགས་ཀྱི་སྐུ། །
ཡིད་འོང་ཟླ་མཛེས་གསར་བའི་ཅོད་པན་ནི། །
སྲིད་གསུམ་བདེ་བྱེད་རལ་བའི་རྒྱན་དུ་འོས། །
དེ་ལྟ་བུའི་གཞོན་ནུ་དེ་ཉིད་ཡབ་ཡུམ་གཉིས་ཀྱིས་ནོར་བུ་རིན་པོ་ཆེ་རྙེད་པ་ལྟར་གཅེས་པར་བསྐྱངས་ཤིང་། མཐུན་པའི་དངོས་པོ་དག་གིས་སྐྱེད་བསྲིངས་པས། རྫིང་ན་གནས་པའི་པདྨ་བཞིན་དུ་སྐྱེད་དྲག་པར་གྱུར་ཏེ། ཆེར་གྱུར་ནས་ཀྱང་རང་དང་བོངས་ཚོད་མཉམ་པའི་བྱིས་པ་རྣམས་ཀྱི་ཁྲོད་དུ་བྱིས་པའི་ཀུན་སྤྱོད་མཐའ་དག་ཡང་དག་པར་འདས་ཤིང་། བག་མེད་པའི་རྩེད་མོ་དང་ཉེས་པར་སྤྱོད་པ་ཐམས་ཅད་ལས་ངང་གིས་ལོག ཀུན་ལ་སྙན་པར་སྨྲ་ཞིང་ཁྲོ་བ་སྤངས་པ། འགྲོགས་ན་བདེ་ཞིང་ཉམ་ཐག་པ་ལ་སྙིང་བརྩེ་བ་སོགས་རྨད་དུ་བྱུང་བའི་ཡོན་ཏན་དུ་མའི་རྒྱན་གྱིས་མཛེས་པར་གྱུར་བས། མཐོང་ན་མི་མཐུན་པ་མེད་ཅིང་སྐྱེ་བོ་ཐམས་ཅད་ཀྱི་ཡིད་དུ་འོང་བར་གྱུར་ཏོ། །
གཞོན་ནུ་དེ་ཡང་སྔོན་ལན་གཅིག་མ་ཡིན་པར་གོམས་པའི་བཟང་བོའི་རིགས་ཀྱི་བག་ཆགས་ཡོངས་སུ་སད་པས། བྱིས་པའི་གནས་སྐབས་ཉིད་ནའང་འདི་ལྟར་རྟོགས་ཏེ། སྐྱེས་རབས་ལས། བཙོན་ར་འདྲ་བའི་ཁྱིམ་ལ་ནི། །ནམ་ཡང་བདེ་བར་མ་སེམས་ཤིག །ཕྱུག་གམ་ཡང་ན་དབུལ་ཡང་རུང་། །ཁྱིམ་ན་གནས་པ་ནད་དུ་ཆེ། །གཅིག་ནི་སྲུང་བས་ཉོན་མོངས་པ། །གཉིས་པ་འཚོ་བས་ཤ་ཐང་ངོ་། །ཞེས་དང་། གལ་ཏེ་ཆོས་སྤྱོད་ཁྱིམ་གྱི་སོ་ནམ་འཆོར། །ཁྱིམ་ལ་ཕྱོགས་ན་ཆོས་ཀྱང་ག་ལ་འགྲུབ། །ཆོས་ཀྱི་ལས་ནི་རབ་ཏུ་ཞི་བས་ཡིན། །ཁྱིམ་གྱི་དོན་ནི་དྲག་ཤུལ་ཅན་གྱིས་འགྲུབ། །དེ་བས་ཆོས་དང་འགལ་བའི་སྐྱོན་ཡོད་ཕྱིར། །བདག་ལ་ཕན་འདོད་སུ་ཞིག་ཁྱིམ་ན་གནས། །ཅེས་དང་། མདོ་ལས། འཁོར་བ་བ་ལ་ནམ་ཡང་བདེ་བ་མེད། །བྱས་པ་ཐམས་ཅད་དོན་མེད་སྡུག་བསྔལ་རྒྱུ། །ཐར་ལམ་ལན་གཅིག་ཐོབ་པ་ད་ལྟའོ། །སྐྱབས་ཀྱི་དམ་པ་གསུམ་ལ་སྐྱབས་སུ་མཆིའོ། །སྐྲ་བྲེགས་ངུར་སྨྲིག་མཛེས་པའི་གོས་གྱོན་པ། །སངས་རྒྱས་རྣམས་ཀྱི་ཆོས་ཀྱི་རྒྱལ་མཚན་འཛིན། །རྣམ་པར་གྲོལ་བའི་ལམ་གྱི་མིག་ཡིན་ནོ། །ཞེས་གསུངས་པ་ལྟར། ཁྱིམ་ན་གནས་པ་ནི་བྱ་བ་ངན་པ་སྣ་ཚོགས་ཀྱིས་བྲེལ་བས། དགེ་བའི་བསམ་པ་མ་སྐྱེས་པ་རྣམས་མི་སྐྱེ་ཞིང་། སྐྱེས་པ་རྣམས་རིམ་གྱིས་འགྲིབ་པར་བྱེད་ལ། བག་མེད་པའི་གནས་སུ་གྱུར་ཅིང་། ཉེ་བར་ཞི་བ་དང་འགལ་ཞིང་། ཟས་གོས་དང་ཁྱིམ་གྱི་སོ་ཚིས་དང་ནོར་མངོན་པར་བསྒྲུབ་པ་སོགས་ཀྱིས་རྣམ་པར་དཀྲུགས་པས། ཕན་ཚུན་འཐབ་པ་དང་རྩོད་པ་ལ་སོགས་པ་བཟོད་པར་དཀའ་བས་སྡུག་བསྔལ་གྱི་མེ་འོབས་ལྟ་བུར་གྱུར་བ། རབ་ཏུ་བྱུང་བ་ནི་ཉེས་པ་ཐམས་ཅད་ལས་ལྡོག་ཅིང་ཡོན་ཏན་ཐམས་ཅད་སྐྱེ་བའི་རྟེན་དུ་གྱུར་བ་དང་། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་རབ་ཏུ་བྱུང་བ་ཉིད་ཡང་དག་པར་བླངས་སོ་སྙམ་དུ་དགོངས་ནས། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བ་ལ་ཚ་བས་གདུང་བས་གླང་ཆེན་པདྨའི་དྲ་བས་ཁེབས་པའི་ཆུ་གཏེར་ཆེན་པོའི་ངོགས་སུ་ཆས་པ་བཞིན་དུ་ལྡོག་ཏུ་མེད་པའི་སྤྲོ་བ་བརྟས་པར་གྱུར་ཏོ། །
ན་ཚོད་ཕྲ་ཡང་བློ་གྲོས་གཞན་ལས་རྒན། །
དཔལ་དང་ལྡན་ཡང་འབྱོར་བའི་དྲེགས་པ་མེད། །
ཁྱིམ་ན་གནས་ཀྱང་ཉེ་བར་ཞི་ལ་དགའ། །
བྱིས་པར་གྱུར་ཀྱང་བྱིས་པའི་སྤྱོད་ལས་འདས། །
ཙན་ཏན་ལྗོན་པའི་མྱུ་གུ་ཆེས་ཕྲ་ཡང་། །
མངར་བའི་དྲི་བསུང་ཕྱོགས་བརྒྱར་འཐུལ་བ་བཞིན། །
སྐྱེ་བར་ཉེར་གོམས་དམ་པའི་ཡོན་ཏན་རྣམས། །
གཞོན་ནུའི་དུས་ནས་ལྷན་སྐྱེས་ཉིད་དུ་གྱུར། །
དེ་ཡི་ཐུགས་ནི་ཁྱིམ་གྱི་འབྱོར་བ་ལ། །
ལག་འགྲོ་གདུག་པའི་ལྡིངས་ཀའི་གྲིབ་བསིལ་དང་། །
བཙོན་ར་བཞིན་དུ་དགའ་བ་ལྷོད་གྱུར་ནས། །
ཞི་བའི་གནས་ལ་ཉིན་བཞིན་སྤྲོ་བར་གྱུར། །
ཀྱེ་མ་འཚོ་བའི་ཚེ་ནི་གློག་ཕྲེང་བཞིན། །
ལང་ཚོའི་དཔལ་ཡང་སྟོན་གྱི་མེ་ཏོག་བཞིན། །
སྲིད་པའི་དཔལ་འདི་སྒྱུ་མའི་ཟློས་གར་བཞིན། །
གཡོ་བའི་ཆོས་ལ་སུ་ཞིག་སྙིང་བོར་སེམས། །
མ་རིག་ལས་དང་ཉོན་མོངས་རྒྱ་བ་ཡིས། །
སྐྱེ་བའི་རྒྱ་ནང་འཐུམས་པའི་ལུས་ཅན་ལ། །
རྒ་ཤིའི་རལ་གྲིས་བརྡེག་པར་གཟས་པ་ཡང་། །
མ་ཚོར་བག་ཕེབས་གནས་འདི་སྙིང་རྗེའི་ཡུལ། །
དེ་ཡི་ཕྱིར་ན་དེ་ཡི་ཐུགས། །
ངེས་པར་འབྱུང་བས་དྲངས་གྱུར་ཏེ། །
ཡིད་ལ་བྱེད་པ་གཞན་སྤངས་ནས། །
ཁྱིམ་ནས་རབ་ཏུ་འབྱུང་བར་བརྩམས། །
དེ་དེ་ལྟར་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བ་ལ་ཤིན་ཏུ་སྤྲོ་བར་གྱུར་ཏེ། ཕ་མ་ལ་གནང་བ་གསོལ་ནས་དགུང་ལོ་བདུན་པའི་ཚེ་གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་ཐུབ་བསྟན་ཉི་མའི་དྲུང་དུ་གཙུག་ཕུད་བྲེགས་ཤིང་། ངུར་སྨྲིག་གི་རྒྱལ་མཚན་ཡང་དག་པར་བཞེས་ཏེ། མཚན་བློ་བཟང་རྒྱ་མཚོར་གསོལ། དེ་ནས་བཟུང་སྟེ་ཡི་གེ་འབྲི་ཀློག་ལ་སྦྱངས་པས། སློབ་དཔོན་གྱིས་ཆེད་དུ་སློབ་པ་ལ་མི་ལྟོས་པར་ཐོགས་མེད་དུ་མཁྱེན་པས། སྐྱེ་བོ་ཕལ་ཆེར་ངོ་མཚར་བའི་གནས་སུ་བྱེད་ཅིང་། འདིའི་ཤེས་རབ་ཀྱི་རྩལ་རྨད་དུ་བྱུང་བ་ལ་དཔགས་ན་གང་ཟག་རང་དགའ་བ་ཞིག་མིན་པར་ཤེས་སོ། །ཞེས་མཐུན་པར་གླེང་ངོ། །དེ་ནས་ཡོངས་ཀྱི་དགེ་བའི་བཤེས་གཉེན་རོང་བོ་དགོན་རིན་པོ་ཆེ་དགེ་འདུན་ཐུབ་བསྟན་རྒྱ་མཚོས། ཁྱེད་ཀྱི་ཁུ་བོ་རོང་བོ་དགོན་དུ་བསྡད་པ་ཡིན། ཁྱེད་ཀྱང་འདིར་འཇུག་དགོས་གསུངས་པ་ལྟར་དགུང་ལོ་བཅུ་གསུམ་པ་ལ་རོང་བོ་དགོན་དུ་བྱོན། ཨ་ཁུ་ཧྲོན་པོ་ཟེར་བའི་གནས་བརྟན་བགྲེས་པོ་ཞིག་སློབ་དཔོན་དུ་བསྟེན་ནས་གསང་བདེ་འཇིག་གསུམ། སྨན་ཆོག་ཆེན་མོ། ཆོས་སྐྱོང་རྣམས་ཀྱི་གཏོར་ཆོག་སོགས་ཆོས་སྤྱོད་ཞལ་འདོན་གྱི་རིམ་པ་གང་ཡོད་ཐམས་ཅད་ཐུགས་ལ་བྱང་ཆུབ་པར་བཟུང་། སྒྲུབ་སྡེ་དེ་ཉིད་དགེ་འདུན་གྱི་ནང་ཁྲིམས་ཤིན་ཏུ་དམ་པས། དགོན་པའི་ཉེ་འཁོར་དུ་ཆང་དང་བུད་མེད་ཀྱི་རྒྱུ་འགྲུལ་དང་སྐྱེ་བོ་མ་རབས་རྣམས་ཉེ་བར་མི་ནུས་ཤིང་། དགེ་ཚུལ་སློང་ཐམས་ཅད་བསླབ་པ་ལ་གུས་ཤིང་གཞི་གསུམ་གྱི་ཕྱག་ལེན་སོགས་འདུལ་བའི་བཅས་མཚམས་ཕྲ་རགས་ཐམས་ཅད་ནན་ཏན་དུ་བྱེད་པ་དང་། ཚོང་དང་བུན་སྐྱེད་དང་ཞིང་གི་སོ་ཚིས་དང་། ཕྱུགས་སྐྱོང་བ་སོགས་ཁྱིམ་པ་སུན་འབྱིན་པའི་བྱ་བ་ངན་པ་སྤངས་ནས། མང་དུ་ཐོས་པ་ཚོལ་བ་དང་། ལམ་རིམ་བློ་སྦྱོང་རིམ་པ་གཉིས་ཀྱི་ཉམས་ལེན་ལ་གཞོལ་བ་མང་ཞིང་། བློ་དམན་པ་རྣམས་ཀྱང་ཕྱག་མཆོད་སོགས་དགེ་སྦྱོར་ལ་བརྩོན་པ་ཤ་སྟག་ཡིན་གསུངས། དེའི་ཚེ་ཡང་འདི་ལྟར་དགོངས་ཏེ། ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་རྣམས་ཀྱི་བྱ་བ་ལ་གཉིས་ཏེ། ཀློག་པ་ཐོས་བསམ་དང་། སྤོང་བ་བསམ་གཏན་གྱི་བྱ་བའོ། །དེ་ཡང་མདོ་སྡེ་རྒྱན་ལས། འདི་ནི་དང་བོ་ཐོས་ལ་བརྟེན་ནས་ཚུལ་བཞིན་ཡིད་ལ་བྱེད་པ་འབྱུང་། །ཚུལ་བཞིན་ཡིད་ལ་བྱེད་ལས་ཡང་དག་དོན་ཡུལ་ཡེ་ཤེས་འབྱུང་། །ཞེས་གསུངས་པ་བཞིན། ལམ་སྒོམ་པར་བྱེད་པ་ལ་བསམས་པས་ངེས་ཤེས་འདྲེན་པ་སྔོན་དུ་འགྲོ་དགོས་ཤིང་། དེ་ལ་ཐོས་པ་མ་ནོར་བ་ཞིག་བྱེད་དགོས་པས། དང་བོ་ཐོས་པ་གང་ལ་བྱ་བའི་ཡུལ་ནི། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། རྒྱལ་སྲས་རྣམས་ཀྱིས་མི་སློབ་པ། །དངོས་དེ་གང་ཡང་ཡོད་མ་ཡིན། །དེ་ལྟར་གནས་པའི་མཁས་པ་ལ། །བསོད་ནམས་མི་འགྲུབ་གང་ཡང་མེད། །ཅེས་རྒྱལ་སྲས་བདག་ཉིད་ཆེན་པོ་རྣམས་ཀྱིས་གཞན་དོན་བསྒྲུབ་པའི་ཡན་ལག་ཏུ་ཕྱི་ནང་གི་རིག་པའི་གནས་ཐམས་ཅད་ལ་སློབ་པར་གསུངས་ནའང་། སེམས་ཅན་དང་། དུས་དང་། ཉོན་མོངས་པ་དང་། ལྟ་བ་དང་། ཚེ་སྙིགས་མར་གྱུར་བའི་དུས་ཀྱི་མཐའ་འདིར།
སྙིང་ཐག་པ་ནས་གྲོལ་བ་དོན་དུ་གཉེར་བའི་གང་ཟག་རྣམས་ཀྱིས་ནི་ཐུན་མོང་གི་རིག་གནས་རྣམས་དང་། གཞུང་ཆེན་མོ་རྣམས་ལ་གཞན་དང་ཁ་ཤགས་འགྱེད་པ་དང་། ཕྱིའི་གོ་རྒྱ་གཅོད་པ་ཙམ་གྱི་ཕྱིར་དུ་མང་དུ་ཐོས་པ་མང་བོ་བསགས་ཏེ། ཤེས་ལོ་དང་ཐོས་ལོ་མང་བོའི་རྣམ་གྲངས་གསོག་པ་སྙིང་བོ་མེད་པར་གཟིགས་ནས། ཇི་སྐད་དུ། མཉམ་མེད་ཇོ་བོ་ཆེན་པོས། དེང་སང་དུས་སུ་གཟིངས་དང་འདྲ་བ་ཡི། །གཞུང་རྣམས་རྒྱ་ཆེན་ཉན་པའི་དུས་མེད་པས། །ཡིད་འཁྲུག་བྱེད་པ་ཐམས་ཅད་སྤང་བྱས་ལ། །དམ་པས་ཉེར་བསྟེན་འབའ་ཞིག་སྒོམ་པར་བྱ། །ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་། །ཚེ་ཡི་ཚད་ཀྱང་ཇི་ཙམ་མི་ཤེས་པས། །ངང་བའི་ཆུ་ལས་འོ་མ་ལེན་པ་ལྟར། །འདོད་པའི་དངོས་པོ་དང་དུ་ལེན་པར་མཛོད། །ཅེས་གསུངས་པ་ལྟར་རྒྱལ་བའི་དགོངས་པ་འགྲེལ་བ་ལ་ཚད་མར་གྱུར་བའི་ཀླུ་སྒྲུབ་དང་ཐོགས་མེད་སོགས་ཤིང་རྟ་ཆེན་པོ་རྣམས་ཀྱི་གཞུང་དང་། རྡོ་རྗེ་འཆང་གི་ཟབ་མོའི་གནད་རྣམས་རྡོ་རྗེའི་ཚིག་གིས་རྒྱས་བཏབ་པའི་རྒྱུད་སྡེ་རིན་པོ་ཆེ་རྣམས་གྲུབ་པའི་དབང་ཕྱུག་ཆེན་པོ་རྣམས་ཀྱིས་ཇི་ལྟར་བཀྲལ་བའི་དགོངས་དོན་ཕྱིན་ཅི་མ་ལོག་པར་འཆད་ཤེས་པའི་མཚན་ཉིད་དང་ལྡན་པའི་དགེ་བའི་བཤེས་གཉེན་གྱི་སྤྱན་སྔར་ཐམས་ཅད་མཁྱེན་པར་བགྲོད་པའི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ལ། ཐོས་བསམ་གྱིས་སྒྲོ་འདོགས་ལེགས་པར་བཅད་ནས། ཐོས་པའི་དོན་རྣམས་ཁ་ཕྱིར་བལྟས་སུ་མ་སོང་བར་རང་རྒྱུད་འདུལ་བའི་ཐབས་འབའ་ཞིག་ཏུ་སྦྱོར་བ་ཇོ་བོ་བཀའ་གདམས་པ་གོང་མ་རྣམས་དང་། རྣལ་འབྱོར་དབང་ཕྱུག་གི་རྣམ་ཐར་ཚེ་དང་སྒྲུབ་པ་སྙོམས་པར་བྱའོ་སྙམ་པའི་དགོངས་པ་ཁྱད་པར་ཅན་འཁྲུངས་ཏེ། ལུང་རྟོགས་ཡོན་ཏན་རྒྱ་མཚོའི་མངའ་བདག་གཡེར་གཤོང་མཁན་རིན་པོ་ཆེ་དགེ་འདུན་ཟླ་བ་གྲགས་པའི་ཞལ་སྔ་ནས་དང་། རབ་འབྱམས་སྨྲ་བའི་དབང་བི་ཤཱ་རིའི་བུ་རིན་པོ་ཆེ་ཞལ་སྔ་ནས་ལ་སོགས་པའི་ཡོངས་འཛིན་མཁས་པ་དུ་མའི་སྤྱན་སྔར་ཟབ་རྒྱས་ཀྱི་ཆོས་མང་དུ་གསན། དགུང་ལོ་ཉི་ཤུའི་དུས། མགོན་པོ་ཀླུ་སྒྲུབ་ཀྱིས། ཁྲིམས་ནི་རྒྱུ་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལེགས་པར་གསུངས། །ཅེས་གསུངས་པ་ལྟར། སྤྱིར་ཡོན་ཏན་ཐམས་ཅད་ཀྱི་རྩ་བ་ཚུལ་ཁྲིམས་ལ་རག་ལས་པ་དང་། སྐྱེས་བུ་གསུམ་གྱི་ལམ་ཐམས་ཅད་ཀྱི་སྲོག་ཀྱང་ཚུལ་ཁྲིམས་ལ་གནས་ཤིང་། དེའི་ནང་ནས་ཀྱང་རྒྱལ་བའི་བསྟན་པ་ལ་ཞུགས་ཤིང་བསླབ་གཞི་ཡོངས་སུ་རྫོགས་པ་ནི་དགེ་སློང་གི་སྡོམ་པ་ཡིན་པར་གསུངས་པ་རྣམས་ལ་ཐུགས་ངེས་པ་ཆེན་པོ་འཁྲུངས་ཏེ། བརྟན་མཁས་ཀྱི་ཡོན་ཏན་གཉིས་དང་ལྡན་པའི་མཁན་པོ་དགེ་འདུན་བློ་བཟང་རིན་པོ་ཆེའི་ཞལ་སྔ་ནས་མཁན་སློབ་སྦྲགས་མ་དང་། ཁ་སྐོང་བའི་དགེ་འདུན་གྲངས་ཚང་བ་དང་བཅས་པའི་དབུས་སུ། དགེ་ཚུལ་དང་བསྙེན་པར་རྫོགས་པའི་སྡོམ་པ་ཡང་དག་པར་བཞེས། དེ་ནས་བཟུང་སྟེ། དགེ་སློང་གི་བཅས་པའི་མཚམས་ལས་སྐད་ཅིག་ཀྱང་མི་འདའ་བར་ལྟུང་བ་སྡེ་་སོ་སོའི་སྲུང་མཚམས་ལེགས་པར་ཟིན་པར་མཛད་ཅིང་། འཚོ་བའི་ཡོ་བྱད་དང་མཁོ་བའི་ཡོ་བྱད་འཆང་ཚུལ། བྱིན་ལེན་བྱ་ཚུལ། ནུབ་ལྷག་གཅོད་པ། རུང་ཆུ་འདེབས་པ་སོགས་བཅས་མཚམས་ཕྲ་མོ་ཡན་ཆད་ཕྱག་ལེན་ལ་ཅི་ཐེབས་མཛད་ཅིང་། ཅུང་ཟད་འདས་ན་ཡང་དེ་མ་ཐག་ཕྱིར་བཅོས་པའི་ཐབས་ལ་བརྩོན་པར་མཛད་པས། གནས་བརྟན་ཉེ་བར་འཁོར་བཞིན་དུ་འདུལ་བ་འཛིན་པ་རྣམས་ཀྱི་མཆོག་ཏུ་གྱུར་ཏོ། །
བདེ་སྡུག་ཚོན་གྱི་རི་མོ་འབུམ་ཕྲག་གཟུགས། །
ལས་ཉོན་བྱེད་པོས་བྲིས་པའི་གྲོང་ཁྱེར་ནི། །
གང་དང་བཤེ་བ་མ་ཡིན་འཆི་བདག་གི །
མཆེ་བ་ཕྲག་པར་གནས་ལས་ཡིད་འབྱུང་ནས། །
འཇུག་ངོགས་བདེ་བའི་ལམ་ལ་རབ་ཞུགས་ཏེ། །
བདུད་རྩི་ལྟར་བསིལ་ཞི་བའི་དགའ་ཚལ་དུ། །
བགྲོད་པའི་གོམ་སྟབས་ཆས་པའི་ངང་བའི་ཁྱུ། །
བསླབ་གསུམ་བདུད་རྩིས་རོལ་བའི་གནས་མཆོག་དེར། །
སྡེ་སྣོད་གསུམ་ལ་མང་དུ་ཐོས་པ་དང་། །
བསླབ་པ་གསུམ་ལ་ནན་ཏན་བྱེད་པ་གཉིས། །
ཟུང་འཇུག་གསེར་གྱི་ཐེག་པ་ལ་ཞོན་ནས། །
རྣམ་པར་བྱང་བའི་ལམ་ལ་གཞོལ་བར་བརྩམས། །
མགོན་ཁྱོད་སྙིང་རྗེ་ཆེན་པོའི་གཞན་དབང་གིས། །
བྱང་ཆུབ་སྒྲུབ་ལ་རེངས་པ་དེ་ཙམ་ཞིག །
འདི་སྣང་སྲེད་པའི་འཆང་བ་བརྒྱ་ཕྲག་གིས། །
བཅིངས་རྣམས་རང་གི་དོན་དུའང་ག་ལ་ཞིག །
དམ་པ་རྣམས་ཀྱི་ལས་སུ་བྱ་བ་ནི། །
གཞན་ལ་ཕན་པ་སྒྲུབ་པ་ཁོ་ན་སྟེ། །
རང་ཉིད་མ་དུལ་བར་ཡང་གཞན་མིན་ཞེས། །
གང་གི་ཐུགས་ལ་རྟག་ཏུ་བཅག་པར་གྱུར། །
འཆད་པ་དང་རྩོད་པ་རྩོམ་པ་ལ་འཇིགས་པ་མེད་པའི་ཁྱུ་མཆོག་རླབས་པོ་ཆེའི་གནས་ཐོབ་པ། ཤིང་བཟའ་རིན་པོ་ཆེ་བློ་བཟང་དར་རྒྱས་ཅེས་གྲགས་པའི་བ་དན་ཆེས་ཆེར་གཡོ་བ་དེ་ཉིད་ཀྱི་དྲུང་དུ་ཟབ་རྒྱས་ཀྱི་ཆོས་མང་དུ་གསན། ཁྱད་པར་མཁས་ཤིང་གྲུབ་པའི་དབང་ཕྱུག་ཨ་བྷྱ་ཡ་གུབ་ཏ་ལ་རྡོ་རྗེ་རྣལ་འབྱོར་མས་ལུང་བསྟན་པ་ལྟར། རྒྱུད་སྡེ་རྒྱ་མཚོའི་བཅུད་ཕྱུང་བའི་རྡོ་རྗེ་ཕྲེང་བ་དང་། ཀྲི་ཡ་གཉིས་ཀྱི་དབང་གི་ཆུ་བོ་གཅིག་ཏུ་འདྲེས་པའི་དཀྱིལ་འཁོར་ཞེ་ལྔ་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་དབང་ཡོངས་སུ་རྫོགས་པ་སྟ་གོན་དང་བཅས་པ་རྒྱས་པར་གསན། འདི་ནི་སྐུ་ཚེ་འདིར་དབང་གསན་པའི་ཐོག་མ་ཡིན་ཅིང་། འདི་ནས་བཟུང་སྟེ་སྔགས་ཀྱི་དམ་ཚིག་མཐའ་དག་ཚུལ་བཞིན་དུ་སྲུང་བར་མཛད། ཁྱབ་བདག་རྡོ་རྗེ་འཆང་སྒ་རི་ཚང་གི་ཞལ་སྔ་ནས་སྐྱབས་འགྲོའི་ཁྲིད་དང་དགའ་ལྡན་ལྷ་བརྒྱ་མའི་ཁྲིད། བརྒྱད་སྟོང་བ་དང་ཐར་མདོ། མ་ནི་བཀའ་འབུམ་སོགས་ལུང་མང་བོ་དང་། ཐུགས་རྗེ་ཆེན་པོའི་དབང་ནཱ་རོ་མཁའ་སྤྱོད་མའི་སིནྡྷུ་རའི་དབང་རྣམས་ཐོབ། འདི་ནས་བཟུང་སྟེ་རྡོ་རྗེ་རྣལ་འབྱོར་མ་ལ་ཐུགས་དམ་དུ་མཛད། སྔར་ཆོས་མཐུན་གྱི་གྲོགས་ཤིག་ཡོད་པ་དེས། རྗེ་བཙུན་མ་ལ་ཡི་དམ་དུ་བྱེད་པའི་རྐྱེན་གྱིས་སྐུལ་ཏེ་མོས་པ་ཁྱད་པར་ཅན་ཡོད་ཅིང་། ཁྱད་པར་གཙུག་ལག་ཁང་རྣམས་སུ་འཁོར་ལོ་སྡོམ་པ་དང་རྗེ་བཙུན་མའི་བྲིས་འབུར་གྱི་སྐུ་མཐོང་ན་དད་པའི་སྤུ་ལོང་གཡོ་ཞིང་། དེའི་ཕྱོགས་སུ་དབང་མེད་དུ་སོང་ནས་བལྟ་དགོས་པ་ཞིག་ཆུང་ངུའི་དུས་ནས་ཡོད་གསུངས་པ་ནི། ལང་ཀར་གཤེགས་པ་ལས། དུ་བ་ལས་ནི་མེར་ཤེས་དང་། །ཆུ་སྐྱར་ལས་ནི་ཆུར་ཤེས་ལྟར། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་མཚན་མ་དག་ལས་ཤེས། །ཅེས་གསུངས་པ་དང་རྗེས་སུ་མཐུན་པར། སྐྱེ་བ་དུ་མར་བྱིན་རླབས་ཀྱི་གཏེར་ཆེན་པོ་འཁོར་ལོ་བདེ་མཆོག་ཡབ་ཡུལ་ལ་ཡི་དམ་དུ་བྱས་པའི་བག་ཆགས་ཡོངས་སུ་སད་པའི་རྟགས་སུ་ཤེས་པར་བྱ་སྟེ། ཕྱིས་སུ་ཡི་དམ་འདི་ལ་བརྟེན་ནས་རྟོགས་པ་ཁྱད་པར་ཅན་བརྙེས་ཤིང་། བྱིན་གྱིས་བརླབས་པའི་མཚན་མ་ཁྱད་པར་ཅན་མང་བོ་རྙེད་པ་སོགས་ལས་ཀྱང་བློ་དང་ལྡན་པ་དག་གིས་དཔོག་པར་ནུས་སོ། །
རིང་ནས་འདྲིས་པའི་རྗེ་བཙུན་ཡབ་ཡུམ་གྱི། །
སྐུ་ཡི་སྣང་བ་ཡིད་ཀྱི་མེ་ལོང་དུ། །
ཤར་བའི་མོད་ལ་རྨི་ལམ་ཡུལ་བཞིན་དུ། །
སྔོན་རབས་དུ་མ་རྗེས་སུ་དྲན་ནམ་སྙམ། །
རིམ་གཉིས་ལམ་ལ་གོམས་པ་བརྟན་པའི་མཐུས། །
ལྷག་པའི་ལྷ་ལ་སྙིང་ནས་གུས་པ་འདིར། །
སྔ་མའི་ཡོ་བྱད་རང་ངོ་མཁྱེན་པ་ཡི། །
དམ་པའི་སྤྲུལ་བ་རྣམས་ཀྱིས་དཔེར་མི་ཕོད། །
ཆགས་དང་སྡང་སོགས་གོམས་པར་མ་བྱས་ཀྱང་། །
སྐྱེ་བོ་དམན་པ་རྣམས་ལ་ལྷན་སྐྱེས་ཉིད། །
དེ་བཞིན་བཟོད་དང་སྙིང་བརྩེ་ཚུལ་ཁྲིམས་དྲི། །
མ་གོས་པར་ཡང་ཁྱོད་ལ་ལྷན་སྐྱེས་ཉིད། །
ཡོན་ཏན་ཀུན་གྱི་མཛོད་འཛིན་ཀྱང་། །
ཀུན་ལ་བྲན་ལྟར་གུས་པ་འདི། །
ཡོན་ཏན་མེད་པའི་སྐྱེ་བོ་འགའ། །
ཆེན་པོར་རློམ་ལ་ཅོ་འདྲི་ཉིད། །
དེ་ཡང་མཉམ་མེད་ཇོ་བོ་ཆེན་པོས། དགེ་བཤེས་སྟོན་པ་ལ། བཤེས་གཉེན་མདོ་སྡེ་ལ་གྱིས་གསུངས་པ་ལྟར། རྒྱལ་བའི་བཀའ་འགྱུར་རོ་ཅོག་ལ་གཟིགས་པར་བཞེད་ནས། ཐུལ་མོའི་དགོན་གྱི་བཀའ་འགྱུར་གཡར་ནས་ཡུན་རིང་གཟིགས་པས། ཁམས་གསུམ་འཁོར་བའི་གནས་འདིར་ཚངས་པ་བརྒྱ་བྱིན་གྱི་བདེ་བ་འཐོབ་ཀྱང་ཡིད་བརྟན་མི་རུང་ཞིང་སྙིང་བོ་མེད་པར་རིག་ནས། དལ་འབྱོར་ལ་སྙིང་བོ་ལེན་པའི་ཕྱིར་དབེན་པ་ལ་སྤྲོ་བར་གྱུར་ཏེ། གཞོན་ནུ་མ་བདུན་གྱི་རྟོགས་བརྗོད་ལས། འཇིག་རྟེན་གནས་པ་ཆུ་ནང་སོང་བའི་ཟླ་བའི་གཟུགས་བཞིན་གཡོ་བར་མཐོང་། །འདོད་པ་ཁྲོས་པའི་སྦྲུལ་གྱིས་ལུས་བསྐྱིལ་གདེང་ཀའི་གྲིབ་མ་ལྟ་བུར་མཐོང་། །འགྲོ་བ་འདི་དག་སྡུག་བསྔལ་མེ་ཡིས་ཀུན་ཏུ་འབར་བར་མཐོང་བས་ན། །རྒྱལ་བོ་བདག་ཅག་ངེས་པར་འབྱུང་ལ་མངོན་དགའ་དུར་ཁྲོད་དག་ཏུ་མཆི། །ཞེས་གསུངས་པ་ལྟར། དུར་ཁྲོད་དང་བས་མཐའ་ལ་སོགས་པ་འདུ་འཛིས་དབེན་པའི་གནས་སུ། ཚེ་འདིའི་འཁྲི་བ་མཐའ་དག་བཙན་ཐབས་སུ་བཅད་དེ། ཐེག་པ་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པའི་གསུང་རབ་མཐའ་དག་གང་ཟག་གཅིག་གི་ཉམས་ལེན་གྱི་རིམ་པར་དྲིལ་ཏེ། གཏན་གྱི་མདུན་མ་ཞིག་ད་ལྟ་ཉིད་ནས་བསྒྲུབ་པར་བྱའོ་སྙམ་དུ་དམ་བཅའ་ཡང་ཡང་བགྱིས་ཏེ་དབེན་པ་ལ་འགྲོ་འདོད་སྐོམ་པས་གདུངས་པས་ཆུ་དོན་དུ་གཉེར་བ་ལྟར་ཡོད་པའི་ཚེ། ཡོངས་རྫོགས་བསྟན་པའི་མངའ་བདག་ལྔ་བརྒྱ་བ་རྣམས་ཀྱི་གཙུག་གི་ནོར་བུ། ཁྱབ་བདག་རྡོ་རྗེ་འཆང་ངུར་སྨྲིག་གར་གྱིས་རྣམ་པར་རོལ་བ། རྗེ་གསེར་ཁང་བ་བློ་བཟང་བསྟན་འཛིན་རྒྱ་མཚོ་ཞེས་ཡོངས་སུ་གྲགས་པའི་བདག་ཉིད་ཆེན་པོ་དེ་ཉིད། དབེན་པའི་རི་ཁྲོད་དུ་མར་སྒྲུབ་པ་སྙིང་བོར་མཛད་ཅིང་བཞུགས་པ་ལས། དམ་པ་འདི་ཉིད་རྗེས་སུ་འཛིན་པའི་དུས་ལ་བབས་པར་དགོངས་ནས་གྲུབ་པའི་གནས་ཆེན་གུང་མོའི་གུར་ཁང་དུ་བྱོན། རྗེ་འདིས་ཀྱང་མཚན་ཐོས་པ་ཙམ་གྱིས་བ་སྤུ་གཡོ་ཞིང་མཆུ་མ་འཁྲུགས་པའི་དགའ་བ་འཁྲུངས་ཏེ་མཇལ་བ་ལ་ཤིན་ཏུ་སྤྲོ་བར་གྱུར་ཏེ། གྲོགས་འགའ་དང་བཅས་བྱོན་པས། རྗེ་གསེར་ཁང་བ་ཆེན་པོ་ཤེལ་དགོན་དུ་འབྱོན་པའི་ལམ་ཁར་མཇལ། མེ་ཏོག་པདྨ་དཀར་བོ་སྦར་བ་གང་དང་དར་དཀར་བོ་དྲི་མ་མེད་པ་གཅིག་ཕུལ་ནས་མཇལ་བས། དགྱེས་བཞིན་ཕྱག་ཏུ་བཞེས་ནས། མཆོད། མེ་ཏོག་ཕལ་ཆེར་མེ་ཏོག་བླ་བྲེ་དང་། །xxxསྲས་བཅས་མཆོད། གསུངས་ནས་ཡུན་རིང་སྟོར་བའི་མ་བུ་ཕྲད་པ་བཞིན་དུ་དགྱེས་པའི་རྣམ་འགྱུར་མང་དུ་མཛད། ཕྱི་དྲོ་རྗེ་དེ་ཉིད་ཤེལ་དགོན་གྱི་ལྗོན་ཤིང་ཞིག་གི་རྩ་བར་ཕྱིང་སེར་གྱི་ཐུལ་བ་ཞིག་མནབས་ནས་སྐུ་དྲང་བོར་བསྲིངས་ཏེ་མི་གཡོ་བར་ཐུགས་དམ་མཛད་པ་མཐོང་བས། སྨྲ་མི་ཤེས་པའི་དད་པ་འཁྲུངས་ཏེ། ས་ཐོབ་པའི་སེམས་དཔའ་ཆེན་པོ་རྣམས་ཀྱང་འདི་ལྟར་སྦྱངས་ཡོན་ལ་གནས་ཏེ། དཀའ་བ་དུ་མས་བྱང་ཆུབ་ལ་བརྩོན་པར་མཛད་ན། བློ་རྨོངས་བདག་ལྟ་བུ་ངར་སྣབས་ལ་ཆགས་པ་ལྟར་ཚེ་འདིའི་བྱ་གཞག་དུ་མ་ལ་ཆགས་ཏེ་དལ་འབྱོར་ཆུད་གསོན་པ་མི་རིགས་པས། རྗེ་ཉིད་ལ་སྐྱབས་འཇུག་ཞུས་ཏེ། བླ་མའི་བཀའ་བཞིན་བསྒྲུབ་པར་བྱའོ་སྙམ་དུ་དགོངས་ཏེ།
རྗེ་དེ་ཉིད་ཀྱི་སྲས་ཀྱི་ཐུ་བོ་རྒྱ་ཟ་རིན་པོ་ཆེ་ལ་ཞུས་པས། དེ་ཤིན་ཏུ་ལེགས། ངེད་གཉིས་སྐུ་མདུན་དུ་འགྲོ་གསུངས། སྐུ་མདུན་དུ་སོང་ནས་རྒྱ་ཟ་རིན་པོ་ཆེས་དགེ་སློང་འདི་ལ་སྐྱབས་འཇུག་གནང་དགོས་ཅེས་གནས་ཚུལ་ཞུས་པས་དགྱེས་བཞིན་ཞལ་བཞེས་གནང། གནས་དེར་དཔོན་སློབ་ཐམས་ཅད་ཀྱིས་སེམས་བསྐྱེད་མཆོད་པ་རྒྱས་པར་མཛད་པའི་ཚེ། མེ་ཏོག་གི་ཆར་བབས་པས་ཐམས་ཅད་ངཙ་མཚར་བར་གྱུར། དེ་ནས་སྐུ་ཞབས་རྡོ་རྗེ་འཆང་ཆེན་པོ་སྒོ་མོ་ལྷ་བྲག སྟག་ལུང་། སྐྱང་གི་ར་རྩེ། འདམ་བུའི་བྲག་དཀར། མཁར་སྒོང་། སྤྱང་ལུང་བྲག སྐྱ་རྒན་རྣམས་སུ་གནས་འབྲེལ་མཛད་ཅིང་། རིམ་གྱིས་བྱོན་པའི་ཕྱག་ཕྱིར་འབྲང་སྟེ། རྡོ་རྗེ་འཇིགས་བྱེད་ཆེན་པོའི་དབང་དང་འཇམ་དཀར་གྱི་རྗེས་གནང་སོགས་མདོ་སྔགས་ཀྱི་ཆོས་མང་དུ་གསན། སྐྱ་རྒན་གནས་མོར་རྡོ་རྗེ་འཆང་ཆེན་པོ་སྐུ་འཚམས་མཛད་སྐབསབླ་མའི་བཀའ་བཞིན་ཟླ་ཕྱེད་ལ་སྐུ་མདུན་དུ་བཞུགས། བྱང་ཆུབ་ལམ་རིམ་སྐྱེས་བུ་ཆུང་ངུ་ཡན་གྱི་ཁྲིད། ནཱ་རོ་མཁའ་སྤྱོད་མའི་དབང་དང་དེའི་བེ་བུམ་གྱི་ལུང་། མཁའ་འགྲོ་སྙན་བརྒྱུད་ཀྱི་དབང་དང་དེའི་སྐོར་གྱི་ཕྱག་ལེན་གདངས་དབྱངས་སོགས་ཆ་ཚང་བར་བསླབས། རྡོ་རྗེ་རྣལ་འབྱོར་མའི་བདག་འཇུག་བརྒྱ་ཚར་བླངས་གསུངས།
དེ་ཡང་རིམ་ལྔ་ལས། འདི་ནི་རང་བྱུང་བཅོམ་ལྡན་འདས། །ལྷག་པའི་ལྷ་ནི་གཅིག་བུ་ཉིད། །མན་ངག་རབ་ཏུ་སྟེར་བའི་ཕྱིར། །རྡོ་རྗེ་སློབ་དཔོན་དེ་བས་ལྷག །ཅེས་རང་ལ་དབང་བསྐུར་བ་དང་མན་ངག་སྟོན་པའི་སློབ་དཔོན་ནི་ཕན་འདོགས་པའི་ཞིང་དུ་རྡོ་རྗེ་འཆང་ལས་ཀྱང་ཆེས་ལྷག་པར་གསུངས་པ་དང་། སྒྱུ་འཕྲུལ་དྲ་བ་ལས། རྟག་ཏུ་བླ་མ་ལ་གུས་པས། །སློབ་མས་བླ་མ་འདི་ལྟར་བལྟ། །བླ་མ་སངས་རྒྱས་ཀུན་དང་མཉམ། །དེ་ཉིད་རྟག་ཏུ་རྡོ་རྗེ་འཆང་། །ཞེས་གསུངས་པ་ལྟར་བླ་མ་སངས་རྒྱས་དངོས་ཀྱི་འདུ་ཤེས་བསྐྱེད་དེ་ཟང་ཟིང་དབུལ་བ། ལུས་ངག་གིས་བསྙེན་བཀུར་བ། བཀའ་བཞིན་སྒྲུབ་པ་སོགས་བསམ་པ་དང་སྦྱོར་བས་བསྟེན་པ་ནི་གནས་སྐབས་དང་མཐར་ཐུག་གི་ལེགས་ཚོགས་ཐམསཅད་ཀྱི་རྩ་བར་མདོ་རྒྱུད་དགོངས་འགྲེལ་དང་བཅས་པ་ནས་ལན་གཅིག་མ་ཡིན་པར་བསྔགས་པའི་ཚུལ་ལ་ངེས་པ་རྙེད་དེ། བླ་མ་མཉེས་པ་ཁོ་ན་ལྷུར་མཛད་ཅིང་། བླ་མའི་རྣལ་འབྱོར་འབའ་ཞིག་ཐུགས་དམ་གྱི་མཐིལ་དུ་མཛད། དགེ་སྦྱོར་གང་ཡིན་ཡང་བླ་མའི་རྣལ་འབྱོར་དང་སྤྲེལ་ནས་མཛད་པ་ལས་བླ་མའི་རྣལ་སྦྱོར་དང་དགེ་སྦྱོར་སོ་སོར་མི་མཛད། བླ་མའི་རྣལ་འབྱོར་དགེ་སྦྱོར་ཐམས་ཅད་ཀྱི་སྲོག་ཏུ་བྱེད་ཚུལ། དཔེར་ན་ཐུན་བཞིའི་རྣལ་སྦྱོར་ལྟ་བུའི་ཚེ་ཡང་ཐོག་མར་བླ་མ་མཆོད་པ་གསུངས་ནས། ཉེར་བསྡུ་མི་བྱེད་པར་ཐུན་བཞིའི་རྣལ་འབྱོར་ལ་འཇུག སྲོད་ཐུན་གྱི་མཇུག་ཏུ་དེ་ལྟར་གསོལ་བ་བཏབས་པས་བླ་མ་མཆོག་སོགས་གསུངས་ཏེ་ཚོགས་ཞིང་ཉེར་བསྡུ་བྱེད་པ་བླ་མའི་ཕྱག་ལེན་ཡིན་ཞེས་ཞལ་ལས་དངོས་སུ་ཐོས་སོ། །
རིང་ན་གནས་ཀྱང་འདབ་བརྒྱ་གཞོན་ནུའི་ཚལ། །
ཉིན་བྱེད་ཟེར་གྱིས་རྟག་ཏུ་སྐྱོང་བ་བཞིན། །
ཐུགས་རྗེ་ཆེ་རྣམས་གདུལ་བའི་སྐྱེ་བོ་ལ། །
རྒྱུན་ཆད་མེད་པར་གཟིགས་པ་ཆོས་ཉིད་ཡིན། །
རྒྱལ་སྲས་རྒྱ་མཚོའི་ཀུན་བཟང་སྤྱོད་པའི་ཁུར། །
ཁུར་དུ་འཁྱེར་བའི་སྙིང་སྟོབས་རྨད་བྱུང་བ། །
མཐུ་ཆེན་དཔའ་བོ་ཕྱོགས་ཀྱི་གླང་བོ་ནི། །
གྲུབ་པའི་གནས་རྣམས་སྒྱུ་བའི་ཟོལ་གྱིས་གཤེགས། །
དེ་ཡི་གྲགས་པ་ཟླ་ཟེར་ཡིད་ཀྱི་མཚོར། །
ལྷུང་བའི་མོད་ལ་སྤྲོ་བའི་རླབས་འཕྱུར་ཞིང་། །
བ་སྤུའི་འཁྲི་ཤིང་གཡོ་བའི་ཟློས་གར་ནི། །
མྱུར་དུ་འཇལ་བར་སྐུལ་བའི་ཕོ་ཉ་བཞིན། །
གང་གི་ཞབས་པད་ཆོས་ཀྱི་མདུན་ས་དེར། །
པདྨའི་ཚལ་ལ་བུང་བའི་ཚོགས་རྣམས་བཞིན། །
དམ་ཆོས་འཚོལ་ལ་ནམ་ཡང་མི་ངལ་བའི། །
རྒྱལ་བའི་མྱུ་གུ་མཆོག་ཁྱོད་རིངས་པར་ཞུགས། །
མགོན་དེའི་ཞབས་སེན་ནོར་བུའི་ཅོད་པན་ནི། །
ཡན་ལག་མཆོག་གིས་རྒྱན་དུ་ཉེར་བསྟེན་ཅིང་། །
ཐུབ་པ་བཞིན་དུ་བཤེས་ལ་གུས་པ་ནི། །
རྟག་ཏུ་ངུ་དང་ནོར་བཟང་བཞིན་དུ་གྱུར། །
བདེ་ལེགས་རྩ་བར་ཐུབ་པས་བསྔགས་པ་ཡི། །
མཚན་ལྡན་དམ་པས་དགྱེས་བཞིན་རྗེས་བཟུང་ནས། །
དེ་ཡི་གསུང་གི་བདུད་རྩིས་བསྐྱེད་བསྲིངས་པའི། །
ཚུལ་འདི་དགེ་ལེགས་མཚན་མའི་དང་བོ་ཡིན། །
དེ་ནས་སྐུ་ཞབས་རྡོ་རྗེ་འཆང་ཆེན་པོ་རོང་བོ་དགོན་ཆེན་དུ་བྱོན། བླ་མ་རིན་པོ་ཆེ་ཡང་དེར་བྱོན་ནས་བླ་མ་མཆོད་པའི་ཁྲིད་དང་རྟེན་འབྲེལ་བསྟོད་པའི་ཁྲིད། ལམ་རིམ་ཆེན་མོའི་ཁྲིད། ལྷག་མཐོང་ཆེན་མོ་དང་ལེགས་བཤད་སྙིང་བོ་གཉིས་སྦྲགས་ཏེ་ཟླ་བ་གཅིག་གི་བར་དུ་ཞིབ་རྒྱས་སུ་གནང་བ་རྣམས་གསན་པས། གསུང་རབ་མདོ་རྒྱུད་དགོངས་དོན་དང་བཅས་པའི་གནད་རྣམས་ཐུགས་སུ་ཆུད་ཅིང་། དེ་ཡང་ལམ་གྱི་གཙོ་བོ་ཡན་ལག་ཅི་རིགས་པའི་ཚུལ་གྱིས་གང་ཟག་གཅིག་གིས་བྱང་ཆུབ་བསྒྲུབ་པའི་ཉམས་ལེན་གྱི་རིམ་པར་དྲིལ་ཏེ། རང་རྒྱུད་འདུལ་བའི་ཚུལ་ལ་ངེས་པ་ཆེན་པོ་འཁྲུངས། དབུ་སེམས་ཀྱི་གྲུབ་མཐའ་སོ་སོའི་གཞི་ལམ་འབྲས་བུའི་འདོད་ཚུལ་དང་། ཁྱད་པར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་མཐར་ཐུག་གི་དགོངས་པ་སངས་རྒྱས་སྐྱངས་དང་ཟླ་བའི་ཞབས་ཀྱིས་ཐལ་འགྱུར་དུ་བཀྲལ་བའི་ལམ་སྲོལ། རྗེ་བཙུན་ཙོང་ཁ་བ་ཆེན་པོས་མགོན་པོ་འཇམ་པའི་དབྱངས་ཀྱི་མན་ངག་ལ་བརྟེན་ནས་ཆེས་ཆེར་གསལ་བར་མཛད་པའི་ཟབ་མོ་རྟེན་ཅིང་འབྲེལ་བར་འབྱུང་བའི་རིགས་པ་དྲི་མ་མེད་པའི་ལམ་ནས་དྲངས་ཏེ། སྟོན་པ་དང་བསྟན་པ་ལ་མི་འཕྲོག་པའི་དད་པ་འཁྲུངས། སྐབས་འདིར་སྐུ་མཆེད་སྤྲུལ་བའི་སྐུ་རིན་པོ་ཆེ་ནས་གསོལ་བ་བཏབ་པ་ལྟར། འཇིགས་བྱེད་དཔའ་བོ་གཅིག་པའི་དབང་དང་གདུགས་དཀར་གྱི་དབང་ཆེན། འཇིགས་བྱེད་བསྐྱེད་རྫོགས་ཀྱི་ཁྲིད་རྣམས་དང་། གཞན་ཡང་སྒྲོལ་མ་ཉེར་གཅིག་གི་རྗེས་གནང་། ཕྱག་རྡོར་སྐུ་ལྔའི་རྗེས་གནང་། མཁའ་འགྲོ་སྙན་བརྒྱུད་ཞི་དྲག་གཉིས་ཀྱི་དབང་། མགོན་པོའི་རྗེས་གནང་། བརྒྱད་སྟོང་བའི་ལུང་སོགས་ཆོས་མང་དུ་གསན།
དེ་ཡང་ཇི་སྐད་དུ། ཕྱག་ཆེན་ཐིག་ལེ་ལས། དང་བོར་རེ་ཞིག་གང་ཚེ་སློབ། །ལན་ཅིག་དབང་རྣམས་ཀྱིས་ནི་སྐུར། །དེ་ཚེ་གསང་ཆེན་བཤད་པ་ཡི། །ངེས་པར་སྣོད་དུ་གྱུར་བའོ། །ཞེས་སོགས་གསང་སྔགས་ལ་འཇུག་པ་ལ་ཐོག་མར་དབང་སྐུར་བ་ངེས་པར་སྔོན་དུ་འགྲོ་དགོས་པར་གསུངས་པ་ལྟར། ཕྱི་ནང་གི་དེ་ཉིད་བཅུ་ལ
མཁས་པ་སོགས་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་སྐུ་ཞབས་རྡོ་རྗེ་འཆང་ཆེན་པོ་ཡབ་སྲས་གཉིས་ཀྱི་དྲུང་དུ་རྡོ་རྗེ་འཇིགས་བྱེད་དང་འཁོར་ལོ་སྡོམ་པ་སོགས་ཀྱི་དབང་བཞི་ཡོངས་སུ་རྫོགས་པ་དང་། རྡོ་རྗེ་རྣལ་འབྱོར་མའི་སིནྡྷུ་རའི་བྱིན་རླབས་སོགས་ལན་གྲངས་དུ་མར་གསན་པའི་སྒོ་ནས་དངོས་གྲུབ་འགྲུབ་པའི་གེགས་སྒོ་གསུམ་གྱི་དྲི་མ་ཐམས་ཅད་སྦྱངས་ནས། སྐུ་བཞིའི་ས་བོན་ཐེབས་ངེས་སུ་མཛད་ཅིང་། ཡང་དག་པའི་གདམས་ངག་གི་སྣོད་དུ་རུང་བར་མཛད་དེ། རྡོ་རྗེ་ཐེག་པའི་ཆོས་ཀྱི་བཀའ་དྲིན་མང་དུ་མནོས། ཁྱད་པར་རྒྱུད་སྡེ་རྒྱ་མཚོའི་བཅུད་ཕྱུང་བ་ཟབ་ལམ་རིམ་གཉིས་ཀྱི་དམར་ཁྲིད་གེགས་སེལ་བོགས་འདོན་དང་བཅས་པའི་གདམས་ངག་མ་ལུས་པ་ཐུགས་སུ་ཆུད་པར་མཛད། དེ་ཡང་སྡོམ་འབྱུང་ལས། ཇི་སྟེ་དངོས་གྲུབ་མཆོག་འདོད་ན། །སྲོག་ནི་ཡོངས་སུ་གཏོང་ཡང་སླ། །འཆི་བའི་དུས་ལ་བབ་ཀྱང་སླ། །རྟག་ཏུ་དམ་ཚིག་བསྲུང་བར་བྱ། །ཞེས་གསུངས་པ་ལྟར། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་དབང་དུས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་རྣམ་པར་དག་པ་ཁོ་ན་ལ་རག་ལས་པར་དགོངས་ནས། དབང་ཐོབ་པ་ཙམ་ནས་རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་སྲུང་བ་ལ་འགྲུས་པར་མཛད་ཅིང་། བརྒྱ་ལ་ཉེས་པ་ཕྲ་མོས་གོས་ན་ཡང་། དེ་མ་ཐག་བཤགས་སྡོམ་གྱིས་ཕྱིར་འཆོས་པ་དང་། རྡོ་རྗེ་སེམས་དཔའི་སྒོམ་བཟླས་དང་ཟ་བྱེད་མཁའ་འགྲོའི་སྦྱིན་སྲེག དམ་ཚིག་རྡོ་རྗེའི་བཟླས་པ་དང་། བདག་ཉིད་འཇུག་ཅིང་དབང་བླང་བ་སོགས་ཀྱི་སྒོ་ནས་ཉེས་ལྟུང་སྦྱོང་བའི་ཐབས་ལ་བརྩོན་པར་མཛད་པ་སོགས་སྡོམ་པ་གསུམ་གྱི་བཅས་པའི་མཚམས་ལས་མི་འདའ་བར་གཅེས་སྤྲས་སུ་བྱེད་པ་འདི་ནི་མཁས་པ་མགུ་བའི་རྣམ་ཐར་རྨད་དུ་བྱུང་བ་ཡིན་ནོ། །
སྟོབས་བཅུ་མངའ་བ་མ་ལུས་གཤེགས་པའི་ལམ། །
རྒྱལ་སྲས་དཔའ་བོ་ཀུན་གྱི་ཐུགས་དམ་མཐིལ། །
སྐལ་བཟང་སྐྱེ་བའི་འཇུགས་ངོགས་རྨད་བྱུང་བ། །
རིན་ཆེན་སེམས་མཆོག་སྐྱེད་དང་འཕེལ་བའི་ཐབས། །
སྐྱེས་བུ་གསུམ་གྱི་ལམ་དུ་བསྡུས་པ་ཡི། །
བསྟན་པའི་གནད་ཀུན་རྫོགས་པའི་གངྒཱ་མ། །
མཁས་གྲུབ་རྒྱུད་པའི་ལམ་གསུམ་ལས་འོང་བ། །
མཁྱེན་བཟང་རི་བྱིའི་ལྟོ་བར་ཧུབ་ཀྱིས་དྲངས། །
རིག་ཚུལ་རྣོ་རྒྱུན་འབར་བའི་འཁོར་ལོ་ཡིས། །
ཐར་བའི་སྲོག་འཕྲོག་ནང་གི་མུན་པ་ཅན། །
བཅོམ་ཚེ་རྟོག་གེ་ཙམ་གྱིས་ཁེངས་པ་ཡི། །
བཤེས་གཉེན་སྔོན་གྱི་ལྷ་རྣམས་སྐྲག་པ་འཛིན། །
བློ་གྲོས་ལུས་སྟོབས་རྒྱས་པའི་སྣ་ཞགས་རྩེར། །
ཐོས་བསམ་རལ་གྲིའི་འཁོར་ལོ་བསྐོར་བ་ཡིས། །
ལས་ཉོན་ཡན་ལག་བཞི་བའི་གཡུལ་ཟློག་པའི། །
དགྲ་ཐབས་ར་གྷུའི་བུ་ཡིས་དོ་ཟླར་ལྷགས། །
བྱིན་རླབས་རིན་ཆེན་བྱེ་མ་འདྲེན་པ་ཡི། །
སྨིན་བྱེད་དབང་གི་ཆུ་བོ་ཆེན་པོ་བཞི། །
ཁྱོད་ཐུགས་མ་དྲོས་ཀློང་དུ་ཞུགས་མ་ཐག །
ཟབ་ལམ་རིན་ཆེན་བྱེ་བའི་སྣོད་དུ་བསྒྲུབས། །
སྲིད་པའི་དུག་ཆེན་ཆགས་སོགས་རྣམ་པ་ལྔ། །
ཡེ་ཤེས་ཆེན་པོར་འཇུག་པའི་ཐབས་མཁས་འཕྲུལ། །
གྲུབ་པའི་དབང་ཕྱུག་རྣམས་ཀྱི་གསང་བའི་མཛོད། །
མ་ལུས་ཁྱོད་ཉིད་གཅིག་བུས་བདག་གིར་མཛད། །
ཐུབ་བསྟན་དྲོད་ཀྱིས་སྤངས་པའི་དུས་མཐའ་འདིར། །
གྲུབ་གཉིས་འདོད་དགུའི་གཏེར་ལ་དབང་བསྒྱུར་བའི། །
རིག་འཛིན་རྒྱལ་བའི་གདུང་གསོབ་འཁྲུངས་སོ་ཞེས། །
རབ་འབྱམས་ཞིང་གི་རྒྱལ་རྣམས་དགྱེས་ཞལ་འཛུམ། །
དེ་ནས་དགུན་གྱི་ཟླ་བ་གསུམ་གྱི་བར་རེབ་གོང་ཀོའུ་སྡེ་སྐྱང་སྐྱ་སྤྱང་ལུང་ཕྱོགས་ནས་ཆུ་མིག་བརྒྱ་རྩ་འགྲིམས་ནས་ཟབ་མོ་གཅོད་ཀྱི་ཉམས་ལེན་ལ་གཞོལ་བས། ལྷོང་ཚད་། ཚར་ཚད་སོགས་ཇི་ལྟ་བ་བཞིན་དུ་བྱུང་། དེ་ནས་དགོན་ལུང་གསེར་ཁོག་སོགས་བྱང་ཕྱོགས་ཀྱི་དགོན་ཆེན་རྣམས་ལ་གནས་སྐོར་མཛད། གྲུབ་པའི་དབང་ཕྱུག་བ་བཟའ་རིན་པོ་ཆེ་དང་འདན་མ་གྲུབ་ཆེན་དཔལ་ལྡན་ཐུབ་བསྟན་རྒྱ་མཚོ་རྣམ་གཉིས་ཀྱི་སྤྱན་སྔར་ནཱ་རོ་མཁའ་སྤྱོད་མའི་རྒྱུན་འཁྱེར་བདེ་ཆེན་ཉེ་ལམ་དང་། མཁའ་སྤྱོད་ཞལ་བཟང་བལྟ་བའི་སྨོན་ལམ། མཁའ་སྤྱོད་མའི་ལས་སྦྱིན་སོགས་ཀྱི་ཆོས་འབྲེལ་ཞུས། རྒྱ་ལྡོག་མ་ལ་བླ་མ་རིན་པོ་ཆེའི་མདུན་ནས་ལམ་རིམ་བསྡུས་པའི་ཁྲིད་ཐོབ། བིས་ཐང་ལ་ཁའི་དགོན་ནས་མི་འཁྲུགས་པའི་སྐུ་འབུམ་དང་། བཀྲ་ཤིས་དགེ་འཕེལ་ནས་འཇམ་པའི་དབྱངས་ཀྱི་སྐུ་འབུམ་བཞེངས། ལེ་བོ་དགོན་ནས་ལོ་གསུམ་ལ་བདེ་མཆོག་གི་བསྙེན་པ་བཏང་། སཙྪཱ་དང་སྐུ་འབུམ་གྱི་འབུམ་ཁང་ཆེ་བ་གསུམ་བཞེངས། ཚོ་ལྔའི་ཕྱོགས་ནས་ཆུ་བཟང་དང་བིས་ཐང་དུ་ཆུ་མིག་བརྒྱ་རྩ་འགྲིམས། སྐབས་ཤིག་སྐུ་ཞབས་རྡོ་རྗེ་འཆང་ཆེན་པོས་དཔའ་རིས་མཆོད་རྟེན་ཐང་ནས་དུས་འཁོར་དབང་ཆེན་གནང་རྒྱུ་ཡིན་པ་ཐོས་པས་ཚོ་ལྔའི་ཕྱོགས་དང་རྨ་ཆུ་ཕ་རིའི་ཕྱོགས་ཀྱི་རི་ཁྲོད་པ་མང་བོ་དང་ལྷན་ཅིག་ཏུ་སོང་ནས་དཔའ་རིས་རྒྱ་ཐང་ནས་སྐུ་མདུན་དུ་འཇལ། དགྱེས་ཚོར་ཆེན་པོས་དེ་རིང་ནས་མགོན་པོའི་བསྙེན་པ་གཏོང་རྒྱུ་ཡིན་པས་ཁྱོད་ཀྱང་འདུག་དགོས་གསུངས་པ་ལྟར། རྡོ་རྗེ་འཆང་ཆེན་པོ་དང་ལྷན་ཅིག་སྐུ་འཚམས་མཛད། སྐུ་འཚམ་གྲོལ་ནས་མཆོད་རྟེན་ཐང་དུ་དུས་འཁོར་དབང་ཆེན་རྡོ་རྗེ་ཤུགས་ཀྱི་རྗེས་གནང་དང་བཅས་པ་གསན། སྐབས་ཤིག་དཔའ་རིས་ཕྱོགས་དེར་སྟག་ལ་སོགས་པའི་གཅན་གཟན་གཏུམ་པོ་གནས་པའི་བྲག་རི་ཞིག་ན་གྲོང་སྟོང་ཞིག་ཡོད་པ་དེར། མི་མ་ཡིན་གདུག་པ་ཅན་ཞིག་གནས་ཏེ་ཡུལ་བ་རྣམས་ལ་མངོན་སུམ་དུ་གནོད་པ་བྱེད་པ་ཞིག་ཡོད་པ་དེར། ཡུལ་བ་རྣམས་ཀྱིས་སྐུ་ཞབས་རྡོ་རྗེ་འཆང་ཆེན་པོར་ཞབས་ཀྱིས་བཅགས་ཏེ་མི་མ་ཡིན་དེ་འདུལ་བར་གསོལ་བ་བཏབ་པས། སྐུ་ཞབས་ནས། བླ་མ་རིན་པོ་ཆེ་ལ་ཁྱོད་སོང་ཞེས་བཀའ་གནང་བ་ལྟར། རྐང་གླིང་དང་ཌ་མ་རུ་བསྣམས་ནས་བྱོན་ཏེ། ཁང་ཧྲུལ་ཞིག་པོ་དེའི་ནང་དུ་གཅོད་དམིགས་རྒྱས་པ་མཛད་ནས། གཅིག་བུར་ཉམ་ང་དང་བག་ཚ་བ་མེད་པར་བཞུགས། མཚན་མོ་ནམ་ཕྱེད་ལ་སླེབས་པ་ན་མི་མིན་དེ་འཇིགས་འཇིགས་ལྟར་མངོན་སུམ་དུ་འོང་ནས་ཐབ་ཏུ་མེ་སྤར་ཏེ། གླགས་བལྟ་བར་བརྩམས་པ་ན། དབང་སྡུད་ཟིལ་གནོན་ཞིག་མཛད་དེ་ལྟ་བ་ལ་མཉམ་པར་བཞག་ནས་ཕཊ་དྲག་པོ་གཅིག་གནང་བས་གར་སོང་ཆ་མེད་དུ་གྱུར། དེ་ནས་བཟུང་སྟེ་ཕྱོགས་དེར་གནོད་པ་མ་བྱུང་བར་གྲགས། དེ་ནས་ཤུགས་རིའི་རི་ཁྲོད་འདི་ནའང་ཁང་རྙིང་གོག་པོ་འགའ་ཞིག་ཡོད་སར་ཤི་འདྲེ་གདུག་པ་ཅན་དུ་མས་གནས་བཅས་ཏེ་སུས་ཀྱང་སྡོད་མ་ཚུགས་པ་དེར་སྐུ་འཚམས་གནང་བར་བཞེད་ནས་བྱོན་ཏེ་གཞི་ཕབས་ཏེ་བཞུགས། ཐོག་མར་མི་མིན་དེ་དག་གིས་སྒོ་དུ་མ་ནས་གནོད་པར་བརྩམས་ཀྱང་། བྱམས་པ་དང་སྙིང་རྗེ་འབའ་ཞིག་བསྒོམས་པས་རང་ཞིར་སོང་། ལོ་གསུམ་གྱི་རིང་ལ་འཇིགས་བྱེད་ཀྱི་བསྙེན་ཆེན། མེ་ལྷའི་བསྙེན་པ། མེ་ལྷའི་མཚན་ཐོག་ཐག་གི་སྦྱིན་སྲེག ཉེར་ལྡོག་གི་བསྙེན་སྒྲུབ་སྦྲགས་མ། བཅ་ཆའི་སྦྱིན་སྲེག་དང་བཅས་པ་ཆ་ཚང་བར་བསྒྲུབས། སཱ་ཙྪཱ་དང་སྐུ་འབུམ་མང་བོ་བཞེངས། སྐབས་དེར་སྦྱིན་བདག་དད་ལྡན་ཞིག་གིས་གནས་དེའི་རྒྱབ་རི་ངོས་ལ་བསམ་གཏན་གྱི་སྤྱིལ་བུ་ཞིག་བསྒྲུབས་ནས་ཕུལ། དེ་ལ་བརྟེན་ནས་དགེ་འདུན་མང་བོ་ཕྱོགས་ནས་བྱོན་ཏེ་གཏན་ཆགས་པ་ལས། ཤུག་རིའི་རི་ཁྲོད་འདི་རང་བཞིན་གྱིས་ཆགས་པ་འདི་ཡང་རྗེ་འདིའི་འཕྲིན་ལས་ཀྱི་ཆ་ཤས་ཤིག་ཏུ་འཁུམས་ཏེ། ཚུལ་ཁྲིམས་ལྡན་པ་སྨོན་པས་འགྲུབ། །རྒྱལ་བོ་རྣམས་ནི་ཚིག་གིས་འགྲུབ། །ལྷ་རྣམས་བསམ་པ་ཙམ་གྱིས་འགྲུབ། །དེ་བཞིན་རྣལ་འབྱོར་བ་རྣམས་ཀྱིས། །སེམས་བསྐྱེད་པས་ནི་ཐམས་ཅད་འགྲུབ། །ཅེས་པ་ལྟར་བླ་མ་དམ་པའི་ཐུགས་བསྐྱེད་དང་སྨོན་ལམ་གྱི་མཐུར་ངེས་སོ། །
དངོས་འཛིན་མཚན་མའི་འཆིང་བ་ཀུན་གྲོལ་ཏེ། །
སྲིད་ཞི་རོ་མཉམ་ཉིད་དུ་གྱུར་བ་ལ། །
གླགས་ལྟའི་གོ་སྐབས་ཚོལ་བའི་འབྱུང་བོ་རྣམས། །
མཁའ་ལ་ཁུ་ཚུར་བརྡེག་པའི་ངལ་བ་བརྟེན། །
ཡེ་ཤེས་སྣང་བས་འཁྱུད་པའི་སྒྲོ་ལྡན་ནི། །
ཚད་མེད་སྙིང་རྗེའི་རྒྱུད་ལས་འཕོས་མ་ཐག །
ལག་འགྲོ་གདུག་པའི་མཐུས་ཀྱང་མི་མཚོན་པའི། །
སྡིག་སེམས་རྩུབ་མོའི་སྙིང་ཡང་ཞིབ་པར་བཀས། །
དེ་ཡི་ལྷག་བསམ་དག་པའི་དཔལ་ཡོན་ནི། །
མ་བསྡུས་ཁྲིམས་ལྡན་ངང་མོའི་ཁྱུ་འཁྲུངས་ཤིང་། །
མ་བསྐུལ་བར་ཡང་བཤད་སྒྲུབ་འོ་མའི་མཚོ། །
ཆེས་ཆེར་རྒྱས་པའི་རླབས་ཕྲེང་འཛུམ་པར་གྱུར། །
སྐབས་ཤིག་སྐུ་ཞབས་རྡོ་རྗེ་འཆང་ཆེན་པོས་སྐུ་མདུན་དུ་ཤོག་ཅེས་གསུང་བྲིས་གནང་བ་ལྟར་འཚེར་མོ་ཆེར་བྱོན། སྐུ་ཞབས་ཉིད་དང་ལྷན་ཅིག་བདེ་མཆོག་མེ་ལྷའི་བསྙེན་པ་དང་མེ་ལྷའི་མཚན་ཐོག་ཐག་གི་སྦྱིན་སྲེག ཉེར་ལྡོག་གི་བསྙེན་སྒྲུབ་སྦྲགས་མ། བཅུ་ཆའི་སྦྱིན་སྲེག་དང་བཅས་པ་བསྒྲུབས། བཅུ་ཆའི་སྐོར་གྱི་ལུང་དང་སྦྱིན་སྲེག་དངོས་གྲུབ་རྒྱ་མཚོའི་ཁྲིད་ཐོབ། སྐབས་ཤིག་སྐུ་ཞབས་རིན་པོ་ཆེ་དང་ལྷན་ཅིག་སྐུ་འབུམ་དུ་བྱོན། སྐུ་ཞབས་རིན་པོ་ཆེས་ལོ་མ་གྱོན་མའི་རིལ་བུ་ཉིན་བཅོ་བརྒྱད་བསྒྲུབས་པའི་ཞབས་ཕྱི་ཞུས། སྐབས་དུ་མར་རྗེ་འདིས་ལོ་མ་གྱོན་མའི་རིལ་སྒྲུབ་གནང་རེས་ཀྱིས་རིལ་བུ་ཕྲ་མོ་མང་དུ་འཕེལ་བ་ཞིག་ཀུན་ལ་མཐུན་གྲུབ་ཏུ་སྣང་ངོ་། །
དེར་དབང་རྡོ་རྗེའི་ཕྲེང་བ་ཡོངས་རྫོགས་གསན། དེ་ནས་གྲོ་ཚང་ལ་ཕེབས། རྡོ་རྗེ་འཆང་ཆེན་པོས། ད་ངེད་ན་སོ་རྒས་པས་ཡང་ཡང་འཆད་པ་མི་འོང་བས་ཉམས་ལེན་བྱེད་རྒྱུ་ཡིན་ཟེར་ཚད་ལ་ལམ་རིམ་གྱི་ཁྲིད་གནད་སྨིན་ཅིག་བྱེད་རྒྱུ་ཡིན་གསུངས་ནས། ར་སྟོད་ས་བཅད་ཀྱི་སྟེང་ནས་བྱང་ཆུབ་ལམ་གྱི་རིམ་པ་ལ་བཤར་སྒོམ་བྱེད་ཚུལ་གྱི་རིམ་པ་རྩལ་ཏུ་བཏོན་ནས་གསུངས་པས་རི་ཁྲོད་པ་ཐམས་ཅད་ཀྱི་སེམས་ལ་ཤིན་ཏུ་ཕན་པར་གྱུར། སྐབས་ཤིག་བྱ་ཁྱུང་དགེ་འདུན་པ་མང་བོ་ལ་དཔེ་ཆོས་རིན་ཆེན་སྤུངས་པ་དང་། བེའུ་བུམ་སྔོན་པོ་གཉིས་སྦྲགས་ཏེ་བཤད་པ་གནང་བ་གསན། སྐུ་ཞབས་སྒར་བ་རིན་པོ་ཆེའི་མདུན་ནས་དབེན་ས་བཀའ་འབུམ་གྱི་ལུང་གསན། སྐུ་ཞབས་རྡོ་རྗེ་འཆང་དང་ལྷན་ཅིག་ལ་ལ་མོ་བདེ་ཆེན་དུ་ཕེབས་ནས་ཇོབོའི་ལྷ་ཁང་གསར་བཞེངས་ལ་རབ་གནས་མཛད་ཅིང་། བཀའ་ཆོས་མང་དུ་གསན། སྐབས་ཤིག་ཧོར་གོ་དན་རྒྱལ་བོས་ས་སྐྱ་པཎ་ཊི་ཏ་དང་འགྲོ་མགོན་འཕགས་པ་སྤྱན་དྲངས་ནས་ཆོས་འཁོར་བསྐོར་བའི་ཡུལ་ལང་གྲུའུའི་ཕྱོགས་སུ་བྱོན་པའི་ཚེ། ལང་གྲུའུ་མཁར་གྱི་ཉེ་འཁོར་དང་དབང་སྡེའི་ལམ་དུ་ཞིང་སྐྱེས་ཀྱི་མཁའ་འགྲོ་མ་རྣམས་ཀྱིས་སྤྲུལ་བའི་རོལ་བ་ངོ་མཚར་དུ་མ་གཟིགས་པ་ནི། འཛམ་བུའི་གླིང་འདིའི་ཡུལ་ཉེར་བཞི་སོགས་ན་སྤྲུལ་བའི་འཁོར་ལོའི་སྣང་བ་བསྡུས་པར་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་རྣམས་ཀྱིས་དཔལ་འཁོར་ལོ་སྡོམ་པའི་སྒྲུབ་པ་བོ་དམ་ཚིག་དང་ལྡན་པ་རྣམས་རྟག་ཏུ་དགོངས་ཤིང་བྱིན་གྱིས་རློབས་པ་ནུས་དང་ཡོན་ཏན་ཐོགས་མེད་དུ་འབྱུང་བར་གསུངས་པ་ལྟར་རྣལ་འབྱོར་གངས་མཐའི་ལམ་ལ་ཉམས་བཞེས་རིང་ནས་མཛད་པའི་མཐུར་ངེས་སོ། །
ཆོས་ཉིད་ནམ་མཁའི་ཁམས་ཀྱི་རྗེས་འགྲོ་བར། །
བདེ་ཆེན་ངང་མོའི་འགྲོས་ཀྱིས་རྣམ་རོལ་བ། །
གནས་གསུམ་ཌཱཀིའི་ཚོགས་ཀྱི་སྒྱུ་མའི་གར། །
མིག་ལ་མིག་གི་དགའ་སྟོན་བཞིན་དུ་བསྒྲུབས། །
ཐུན་གསུམ་མུན་པ་སྟུག་པོའི་ཚང་ཚིང་དུ། །
གློག་གི་ཐག་པ་གཡོ་བའི་སྣང་བ་བཞིན། །
སྙིགས་མའི་མགོན་དུ་གྲུབ་པའི་རིག་འཛིན་ཞིག །
བྱོན་ཞེས་ལྷ་ཡུལ་ན་ཡང་གཏམ་དུ་གླེང་། །
དགེ་ལེགས་བྱེ་བས་བསྐྲུན་པའི་ཞབས་པད་ཀྱི། །
རི་མོ་གང་དུ་བྲིས་བ་དེ་དང་དེར། །
ཕན་དང་བདེ་བའི་ཡིད་བཞིན་ནོར་བུའི་དཔྱ། །
བྱེད་པོ་གཅིག་ཏུ་བསྡུས་པ་བཞིན་དུ་གྱུར། །
དེ་ལྟར་བདག་ཉིད་ཆེན་པོ་འདིས་མཁས་ཤིང་གྲུབ་པའི་ཡོངས་འཛིན་དུ་མའི་ཞབས་ལ་གཏུགས་ནས་མདོ་སྔགས་ཀྱི་གདམས་པ་རྒྱ་མཚོ་ལྟ་བུ་ལ་ཐོས་པ་མང་དུ་མཛད་ཅིང་། ཐོས་པའི་དོན་རྣམས་ལ་རིགས་པ་དྲི་མ་མེད་པ་ལས་ངེས་ཤེས་དྲངས་ཏེ་གཞུང་ལུགས་ཐམས་ཅད་གདམས་པའི་མཆོག་ཏུ་གཟིགས་པ་ན། འདི་ལྟར་དགོངས་ཏེ། ཏིང་ངེ་འཛིན་རྒྱལ་བོ་ལས། ངས་ནི་རབ་ཏུ་བཟང་བོའི་ཆོས་བཤད་ཀྱང་། །ཁྱོད་ཀྱིས་ཐོས་ནས་ཡང་དག་མ་སྤྱད་ན། །ནད་པ་སྨན་གྱི་རྐྱལ་བ་ཐོགས་པ་དག །བདག་གི་ནད་འདི་གསོ་བར་མི་ནུས་བཞིན། །ཞེས་གསུངས་པ་ལྟར་སྨན་པ་མཁས་པས་བསྟན་པའི་སྨན་དཔྱད་ཚུལ་བཞིན་དུ་མི་བསྟེན་པར་སྨན་དཔྱད་བཀླགས་པ་ཙམ་གྱིས་ནད་ལས་ཐར་བར་མི་ནུས་པ་བཞིན་དུ། ཐོས་པའི་དོན་རྣམས་ཉམས་སུ་མ་བླངས་ན། ཆགས་སོགས་ཉོན་མོངས་རྣམས་གཞོམ་མི་ནུས་པར་མཐོང་སྟེ། ལྷག་བསམ་སྐུལ་བ་ལས། བུ་རམ་ཤིང་ཤུན་སྙིང་བོ་ཅི་ཡང་མེད། །དགའ་བར་བྱ་པའི་རོ་ནི་ནང་ན་འདུག །ཤུན་པ་ཟོས་པའི་མིས་ནི་བུ་རམ་རོ། །ཞིམ་པོ་རྙེད་པར་ནུས་པ་མ་ཡིན་ནོ། །ཇི་ལྟར་ཤུན་པ་དེ་བཞིན་སྨྲ་བ་སྟེ། །རོ་ལྟ་བུ་ནི་འདི་ལ་དོན་སེམས་ཡིན། །དེ་ལྟ་བས་ན་སྨྲ་ལ་དགའ་སྤོངས་ཏེ། །རྟག་ཏུ་བག་ཡོད་བྱོས་ལ་དོན་སོམས་ཤོག །ཅེས་ཐོས་པ་འབའ་ཞིག་ལྷུར་ལེན་པ་ནི་བུ་རམ་གྱི་ཤུན་པ་ཚོལ་བ་དང་། དོན་ཉམས་སུ་ལེན་པ་ནི་བུ་རམ་གྱི་རོ་ཉམས་སུ་མྱོང་བ་དང་ཆོས་མཚུངས་པར་གསུངས་པ་དང་། སྔོན་གྱི་དམ་པ་རྣམས་ཀྱི་གསུང་བགྲོས་ལས་ཀྱང་། ཆོས་ཚིག་བཞི་བ་ཞིག་གི་དོན་ལས་སྒོམ་རྒྱུ་མེད་ཀྱང་བསྒོམས་པས་ཡོནཏན་སྐྱེ་བར་གསུངས་པ་རྣམས་ཐུགས་ལ་བཅགས་པར་གྱུར་ཏེ། བསླབ་བཏུས་ལས། བཟོད་བྱ་ཐོས་པ་བཙལ་བར་བྱ། །དེ་ནས་ནགས་སུ་གནས་པར་བྱ། །མཉམ་པར་བཞག་ལ་བརྩོན་པར་བྱ། །ཞེས་དང་། སོ་སོར་ཐར་བ་ལས། མང་དུ་ཐོས་པ་ནགས་ཀྱི་ནང་དག་ཏུ། །ལང་ཚོ་ཡོལ་བ་རྣམས་ཀྱིས་གནས་པ་བདེ། །ཞེས་གསུངས་པ་ལྟར། འདི་སྣང་ཆོས་བརྒྱད་ཀྱི་འཁྲི་བ་བཅད་དེ་འདུ་འཛིས་དབེན་པའི་རི་བོ་དང་སྨན་ལྗོངས། བས་མཐའ་དང་ནགས་ཚལ་ལ་སོགས་པ་བསམ་གཏན་དང་རྗེས་སུ་མཐུན་པའི་གནས་སུ། དྲང་སྲོང་མཆོག་གི་བརྟུལ་ཞུགས་ལ་གནས་པར་བཞེད་དེ། སྤྱོད་འཇུག་ལས། དེ་ལྟར་འདོད་ལ་སྐྱོ་བྱས་ཏེ། །དབེན་པ་ལ་ནི་དགའ་བ་བསྐྱེད། །རྩོད་དང་ཉོན་མོངས་ཀྱིས་སྟོང་བ། །ཞི་བའི་ནགས་ཀྱི་ནང་དག་ཏུ། །སྐལ་ལྡན་ཟླ་འོད་ཙན་དན་གྱིས་བསིལ་བའི། །ཡངས་པའི་རྡོ་ལེབ་ཁང་བཟང་ཉམས་དགའ་བར། །སྒྲ་མེད་ཞི་བའི་ནགས་ཀླུང་གཡོ་བ་ཡིས། །གཞན་ལ་ཕན་དོན་སེམས་ཤིང་འཆག་པར་བྱེད། །ཁང་སྟོང་ཤིང་དྲུང་ཕུག་དག་ཏུ། །གང་དུ་ཇི་སྲིད་འདོད་གནས་ཤིང་། །ཡོངས་འཛིན་སྲུང་བའི་སྡུག་བསྔལ་སྤང་། །ལྟོས་པ་མེད་པར་བག་ཡངས་སྤྱོད། །རང་དབང་སྤྱོད་ཅིང་ཆགས་མེད་ལ། །གང་དང་ཡང་ནི་འབྲེལ་མེད་པ། །ཆོག་ཤེས་བདེ་སྤྱོད་གང་ཡིན་པ། །དབང་བོས་ཀྱང་ནི་དེ་རྙེད་དཀའ། །དེ་ལ་སོགས་པའི་རྣམ་པ་ཡིས། །དབེན་པའི་ཡོན་ཏན་བསམ་བྱས་ནས། །རྣམ་རྟོག་ཉེ་བར་ཞི་བ་དང་། །བྱང་ཆུབ་སེམས་ནི་བསྒོམ་པར་བྱ། །ཞེས་གསུངས་པ་ལྟར། གོང་དུ་སྨྲོས་པའི་ངེས་མེད་ཀྱི་དབེན་པའི་རི་ཁྲོད་རྣམས་སུ་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ལ་ཐུགས་དམ་གྱི་མཐིལ་དུ་མཛད།
དེ་ཡང་ཏིང་ངེ་འཛིན་རྒྱལ་བོ་ལས། འཇིག་རྟེན་ཁམས་ནི་སྟོང་ཕྲག་ཏུ། །ང་ཡིས་ཆོས་ཚུལ་གང་གསུང་ས་པ། །ཡི་གེ་ཐ་དད་དོན་གཅིག་ཏེ། །ཡོངས་སུ་བསྒྲགས་པར་ནུས་མ་ཡིན། །དངོས་པོ་གཅིག་ནི་བསམ་བྱས་ན། །དེ་དག་ཐམས་ཅད་བསྒོམས་གྱུར་ཏེ། །སངས་རྒྱས་ཀུན་གྱི་ཆོས་མང་བོ། །ཇི་སྙེད་རབ་ཏུ་བསྟན་པ་རྣམས། །ཆོས་རྣམས་ཀུན་གྱི་བདག་མེད་ཡིན། །ཞེས་སངས་རྒྱས་ཀྱིས་ཆོས་ཀྱི་ཕུང་བོ་བརྒྱད་ཁྲ་བཞི་སྟོང་གསུངས་པ་ཐམས་ཅད་མཐར་གཏུགས་ན་དེ་ཁོ་ན་ཉིད་རྟོགས་པའི་ཐབས་སུ་གསུངས་ཏེ། ཅིའི་ཕྱིར་ཞེ་ན། ལུས་ཅན་རྣམས་ཀྱི་རྒུད་པ་ཐམས་ཅད་ཀྱི་རྩ་བ་མ་རིག་པ་ཡིན་ལ། དེའི་གཉེན་པོར་བདག་མེད་རྟོགས་པའི་ཤེས་རབ་སྒོམ་པ་མེད་ན། ཅི་ཙམ་འབད་ཀྱང་སྒྲིབ་གཉིས་ཀྱི་འཆིང་བ་ལས་གྲོལ་བ་མི་སྲིད་པའི་ཕྱིར་རོ། །དེའི་ཕྱིར་མགོན་པོ་ཀླུ་སྒྲུབ་ཀྱིས། སངས་རྒྱས་རང་སངས་རྒྱས་རྣམས་དང་། །ཉན་ཐོས་རྣམས་ཀྱིས་ངེས་བསྟན་པ། །ཐར་བའི་ལམ་ནི་གཅིག་ཉིད་ཁྱོད། །གཞན་དག་མེད་ཅེས་བྱ་བར་ངེས། །ཅེས་ཞི་སྒོ་གཉིས་སུ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡུམ་ཆེན་མོ་ཞེས་བསྔགས་པར་མཛད་ཅིང་། མདོ་སྔགས་ཀྱི་ལམ་ཐམས་ཅད་ཀྱི་སྲོག་ཏུ་བསྟན་པ་ཡིན་ནོ། །དེ་ལྟ་ནའང་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལ་གོམས་པར་མ་བྱས་ན་ཡང་དག་པའི་ལྟ་བ་ཁོ་ནས་དོན་གཉིས་མཐར་ཕྱིན་པར་སྒྲུབ་མི་ནུས་པས་སྙིང་རྗེའི་རྩ་བ་ཅན་གྱི་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་རྩ་བར་གསུངས་ཏེ། སྡོང་བོ་བཀོད་པ་ལས། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ། །ཞེས་དང་། སྤྱོད་འཇུག་ལས། བསྐལ་བ་དུ་མར་རབ་དགོངས་མཛད་པ་ཡི། །ཐུབ་དབང་རྣམས་ཀྱིས་འདི་ཉིད་ཕན་པར་གཟིགས། །འདི་ནི་ཚད་མེད་སྐྱེ་བོའི་ཚོགས་རྣམས་ཀྱི། །བདེ་མཆོག་བདེ་རླག་ཉིད་དུ་འཐོབ་པར་བྱེད། །སྲིད་པའི་སྡུག་བསྔལ་བརྒྱ་ཕྲག་གཞོམ་འདོད་ཅིང་། །སེམས་ཅན་མི་བདེ་བསལ་བར་འདོད་པ་དང་། །བདེ་མང་བརྒྱ་ཕྲག་སྤྱོད་པར་འདོད་པས་ཀྱང་། །བྱང་ཆུབ་སེམས་ཉིད་རྟག་ཏུ་བཏང་མི་བྱ། །ཞེས་རྒྱལ་བ་རྣམས་ཀྱིས་བསྐལ་བ་དུ་མར་དགོངས་པར་མཛད་ཀྱང་། མྱུར་དུ་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱེད་པའི་ཐབས་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལས་མཆོག་ཏུ་གྱུར་བ་མ་གཟིགས་པར་གསུངས་པའི་ཕྱིར་རོ། །
བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་ཞིག་སྐྱེ་རྒྱུ་བྱུང་ན། དེས་ཟིན་པས་བྱ་རོག་ལ་ཟན་ཆངས་གཅིག་བྱིན་པ་ཡན་ཆད་བྱང་ཆུབ་སེམས་དཔའི་སྤྱོད་པར་འགྲོ་ལ། དེས་ཟིན་པ་མེད་པར་སྟོང་གསུམ་རིན་པོ་ཆེས་བཀང་སྟེ་བྱིན་ཡང་བྱང་ཆུབ་སེམས་དཔའི་སྤྱོད་པར་མི་ཚུད་དོ། །དེ་བཞིན་ཚུལ་ཁྲིམས་ནས་ཤེས་རབ་ཀྱི་བར་དུ་དང་། ལྷ་སྒོམ་པ་རྩ་རླུང་ཐིག་ལེ་སོགས་སྒོམ་པའང་ཐེག་པ་ཆེན་པོའི་ཉམས་ལེན་དུ་མི་འགྱུར་བར་གསུངས་སོ། །དེས་ན་བྱང་ཆུབ་ཀྱི་སེམས་ནི་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་བུའི་ལམ་དུ་གསུངས་པ་ཡིན་པས། མདོར་ན་རྒྱུད་བླ་མ་ལས། ཐེག་མཆོག་ལ་མོས་ཤེས་རབ་ས་བོན་ནི། །ཞེས་སོགས་གསུངས་པ་ལྟར། ཡང་དག་པའི་ལྟ་བ་དང་། བྱང་ཆུབ་ཀྱི་སེམས་ཟུང་འབྲེལ་དུ་སྒོམ་པ་ནི་གསུང་རབ་ཐམས་ཅད་ཀྱི་དགོངས་པའི་གནད་མདོ་སྔགས་ཀྱི་ལམ་གྱི་སྡོམ་ཆེན་པོར་གཟིགས་ནས། ལྟ་བའི་དམིགས་རྣམས་སྐྱོང་བ་དང་། དེས་དྲངས་པའི་སྙིང་རྗེས་ཀུན་ནས་བསླངས་སྟེ་གཏོང་ལེན་གྱི་དམིགས་པ་སྐྱོང་བའི་སྒོ་ནས་བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་སྒོམ་པ་འབའ་ཞིག་ཐུགས་དམ་གྱི་མཐིལ་དུ་མཛད་ཅིང་། དེ་རྒྱུད་ལ་སྐྱེ་བའི་ཡན་ལག་ཏུ་ཕྱག་དང་མཆོད་པ། མན་ཌལ་འབུལ་བ་དང་། སཙྪ་དང་སྦྱིན་སྲེག་བླ་མའི་རྣལ་འབྱོར་སོགས་བསགས་སྦྱང་གི་རིམ་པ་མཐའ་ཡས་པ་ཞིག་མཛད་པས། ས་ལམ་གྱི་རྟོགས་པའི་གཏེར་དུ་གྱུར་བ་ནི། བདག་ཉིད་ཆེན་པོ་འདིའི་རྣམ་པར་ཐར་བའི་དངོས་གཞི་ཡིན་ནོ། །
འཁོར་ལོའི་བསྒྱུར་བ་བཞིན་དུ་འབྱོར་གྱུར་ཀྱང་། །
རྨི་ལམ་བཞིན་དུ་དྲན་པའི་ཡུལ་དུ་གྱུར། །
མ་བརྟགས་པར་ནི་སྲིད་པའི་འབྱོར་བ་ལ། །
བྱིས་པའི་སྐྱེ་བོ་འདི་དག་དགའ་བར་སེམས། །
ཕྱོགས་ཀྱི་ཐ་གྲུ་འཇལ་བའི་སྤྲིན་སྔོན་གློག་གི་དྲ་བ་ཅན། །
ཆར་ཆེར་འབེབས་པར་བརྩོན་པ་རྣམས་ཀྱང་སྐད་ཅིག་གཅིག་ལ་འཇིག །
དྲག་པོའི་རླུང་གིས་བསྐུལ་བའི་གནམ་ས་གྲུམ་པའི་འུར་སྒྲ་ཅན། །
འཇིག་པའི་མེ་ཡང་རིང་བོར་མི་ཐོགས་ཡུངས་འབྲུའི་ཚད་དུ་འགྱུར། །
ས་གཞི་ཀུན་ལས་དཔུང་གིས་རྒྱལ་བའི་ང་རྒྱལ་ཆེར་བདོ་བ། །
ས་ཆེན་སྐྱོང་བ་རྣམས་ཀྱང་གཤིན་རྗེའི་དགྲ་ལ་རྒོལ་མ་ནུས། །
སྡེར་མོ་རྣོན་པོས་གླང་བོའི་སྤྱི་བོ་འབྲད་པའི་སེང་གེ་ཡང་། །
འཆི་བདག་འོངས་ནས་མཐུ་དང་དྲེགས་པ་ཉམས་ནས་སྙིང་ཡང་འདར། །
ལམ་རྣམས་ཐམས་ཅད་བཀག་ནས་གློ་བུར་དུ། །
སྲོག་ལ་ཟ་བ་ན་དང་འཆི་བའི་དགྲ །
མཐུ་ཆེན་དགག་པར་མི་ནུས་ཡོད་བཞིན་དུ། །
དོགས་པ་མེད་པར་སུ་ཞིག་བག་ཡངས་སྤྱོད། །
སྲིད་གསུམ་གློག་གི་གར་བཞིན་གཡོ་བ་ལ། །
སྐྱོ་བར་མི་སེམས་ཀྱེ་མ་ཤིུན་ཏུ་འཁྲུལ། །
བདེ་བའི་སྟེགས་ལ་ངལ་གསོའི་སྐབས་མེད་པར། །
འཁོར་བའི་འཁོར་ལོ་འདི་ནི་སུ་ཡིས་བསྐོར། །
སྲིད་པའི་ཁྱོན་འདིར་རློམ་པས་འགྱིང་རྣམས་ཀྱིས། །
ཇི་ཙམ་འབད་ཀྱང་དགྲོལ་བའི་མཐུ་མེད་པ། །
མཐར་འཛིན་སྙིང་གི་འཆིང་བ་དམ་པོ་འདི། །
ཆོས་ཉིད་བདེན་པ་མཐོང་བས་གྲོལ་བར་དགོངས། །
དེ་ཕྱིར་རྣམ་དག་ཁྲིམས་ཀྱི་བྱེད་པོ་ཡིས། །
གཡོ་མེད་ཏིང་འཛིན་སྲ་བའི་གཞུ་བདུངས་ནས། །
ཤེས་རབ་ཉག་ཕྲན་རྣོན་པོས་སྙིང་གི་དགྲ །
ཀུན་ཏུ་རྟོག་པའི་སྲོག་ལ་རྒོལ་བར་བརྩམས། །
འོན་ཀྱང་རྒྱུད་ལྔའི་ཀློང་འཁོར་ཟབ་མོ་རུ། །
བྱིང་བའི་ལུས་ཅན་སྒྲོལ་བའི་དམ་བཅའི་ཁུར། །
སྙིང་རྗེའི་ཁྱོགས་ལ་མ་བླངས་དེ་སྲིད་དུ། །
ཐམས་ཅད་མཁྱེན་པའི་ལམ་ལས་ཤིན་ཏུ་རིང་། །
སྲིད་པའི་སྐྱོན་མང་ལྡུམ་རའི་ཁྲོད་དུ་ཡང་། །
རིན་ཆེན་སེམས་ཀྱི་མྱུ་གུ་འཁྲུངས་གྱུར་ན། །
དེ་ནི་འཇིག་རྟེན་གསུམ་གྱི་མཆོད་བྱ་ཞེས། །
སྲས་བཅས་རྒྱལ་བ་ཀུན་གྱིས་མཐུན་པར་བསྔགས། །
དེ་ཕྱིར་རྒྱལ་སྲས་ཀུན་གྱི་གཅེས་པའི་ནོར། །
བརྒྱད་ཁྲི་བཞི་སྟོང་གསུང་རབ་སྙིང་བོའི་བཅུད། །
མཐའ་གཉིས་སྤང་བ་དྲང་སྲོང་ཆེན་པོའི་ལམ། །
དབེན་པའི་གནས་སུ་རྩེ་གཅིག་བསྒྲུབ་པར་དགོངས། །
ཡིད་འོང་ལྗོན་པའི་ཕྲེང་བ་དྲི་ལེན་གྱིས། །
ཡང་ཡང་གཡོ་བ་མ་བཟོད་འབྲས་བུའི་ཁུར། །
ལྕི་བས་ནོན་ལ་སྤུ་སྡུག་འདབ་ཆགས་རྣམས། །
གཡོ་བའི་གར་དང་བཅས་ཏེ་འཕྱ་བ་བཞིན། །
མར་རྒད་ཁུ་བས་བྱུགས་པའི་སྤངས་ལྗོངས་ངོགས། །
རི་དྭགས་གཞོན་ནུ་རྩེད་འཇོའི་ཟློས་གར་ལ། །
འདམ་སྐྱེས་ཁོང་ནས་འཛུམ་པའི་དོ་ར་དེར། །
རྩེ་གཅིག་ཡང་དག་འཇོག་ལ་གཞོལ་བར་བརྩམས། །
ཕུ་ཆུ་ལྷིང་ལྷིང་སྙན་པའི་སྒྲ་འབྱིན་ཅིང་། །
ཆུ་སྐྱེས་ལྡེམ་ལྡེམ་གཡོ་བའི་ལང་ཚོ་ལ། །
བུང་བ་ལིང་ལིང་འཁོར་བའི་མགྲིན་པའི་གླུ། །
དགེ་ལ་ཡང་ཡང་སྐུལ་བཞིན་རྣ་བར་སྙན། །
རྩྭ་དང་ལོ་མའི་སྤྱིལ་བུ་ཉམས་དགའ་བར། །
རྩ་བ་འབྲས་བུའི་ཟས་ཀྱིས་ཉེར་འཚོ་ཞིང་། །
བསམ་གཏན་བདེ་བའི་རོ་ལ་རྗེས་ཆགས་པའི། །
གྲུབ་པའི་དྲང་སྲོང་གཞན་བཞིན་མངོན་པར་མཛེས། །
དྲང་སྲོང་མཆོག་གི་བརྟུལ་ཞུགས་མ་སྨད་པས། །
དྲང་སྲོང་དཀའ་ཐུབ་ཅན་བཞིན་གནས་པ་འདིས། །
དྲང་དྲོང་མཆོག་གི་གཤེགས་པའི་ལམ་འདི་ཞེས། །
དྲང་བོའི་འཇུག་ངོགས་འགྲོ་ལ་མཚོན་པ་སྙམ། །
ཤུག་རི་ན་བཞུགས་སྐབས་སྔ་ཕྱིར་མགོན་པོའི་གཏོར་སྒྲུབ་ལན་གསུམ་བསྒྲུབས་པས་ཕྱི་ནང་གི་ཉེར་འཚེ་མཐའ་དག་ཞི་བའི་རྟེན་འབྲེལ་ཕུན་སུམ་ཚོགས་པ་བྱུང་གསུངས། དེ་ནས་ལོ་གསུམ་ལ་དམ་བཅའ་བྱས་ཏེ་རྡོ་རྗེ་རྣལ་འབྱོར་མའི་བསྙེན་ཆེན་སྦྱོར་བ་དངོས་མཇུག་གསུམ་མཐར་ཕྱིན་པར་མཛད་ཅིང་། བསྙེན་སྒྲུབ་སྦྲགས་མ་དང་བཅུ་ཆའི་སྦྱིན་སྲེག ལིང་ཀ་ལིའི་སྒྲུབ་པ་སོགས་ཚད་ལྡན་དུ་མ་མཛད། དེ་ཡང་འཕགས་ཡུལ་གྱི་བཎ་ཌི་ཏ་ཀུན་གྱི་གཙུག་གི་ནོར་བུ་གྲུབ་པའི་དབང་ཕྱུག་ནཱ་རོ་ཏ་བས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལས་དངོས་སུ་གསན་པའི་གདམས་པ་རྣམས། དེ་ཉིད་ལ་ཌོམ་བྷི་བ་ལ་སོགས་པ་མཁས་གྲུབ་ཀྱི་སློབ་མ་མང་དུ་ཡོད་པ་ལས། གཞན་སུ་ལའང་མ་གནང་བར་བལ་བོ་ཕམ་མཐིང་བ་སྐུ་མཆེད་ཁོ་ན་ལ་གནང་བ། དཔལ་ལྡན་ས་སྐྱ་བས་གསེར་ཆོས་ཆིག་བརྒྱུད་དུ་བྱས་ནས་རིམ་པར་བྱོན་པའི་གསང་ཆེན་སློབ་བཤད་ཀྱི་གདམས་པ་ཟབ་མོ་རྣམས་ལ་ཉམས་བཞེས་མཛད་པས། ཕྱི་ནང་གི་མཁའ་སྤྱོད་འགྲུབ་པའི་མཚན་མ་བརྟན་པོ་རྙེད། རྗེ་བཙུན་མ་ཉིད་ཀྱིས་མངོན་སུམ་དུ་བྱིན་གྱིས་རླབས་པས་རྟོགས་པ་ཁྱད་པར་ཅན་མང་དུ་བརྙེས།
དུར་ཁྲོད་དུ་བྱོན་པའི་ཚེ་ཡང་ཡུལ་ཉེར་བཞིའི་ཌཱ་ཀྐི་མ་རྣམས་སྤྲིན་བཞིན་དུ་འདུས་པའི་མཚན་མ་མངོན་སུམ་པ་མང་དུ་གཟིགས། སྒྲུབ་པ་མཐར་ཕྱིན་ནས་ཀུ་སུ་ལུའི་ཆས་སུ་ཞུགས་ཏེ་སེང་དབྱུག་ཐོགས་ནས་ཕྱོགས་དང་ཕྱོགས་མཚམས་དུ་མར་བྱོན་པས་རྟེན་འབྲེལ་གྱི་སྒོ་དུ་མ་འགྲིགས་པའི་ཚུལ་འདི་དག་ལ་ངོ་མཚར་བའི་གཏམ་བསྙད་པར་བགྱི་བ་མང་དུ་མཆིས་ནའང་རྗེ་འདིས་ཡོན་ཏན་མཐའ་དག་བུམ་ནང་གི་མར་མེ་ལྟར་སྦ་བར་མཛད་པའི་དབང་གིས་ཐུན་མོང་དུ་འབྲི་བར་མ་གནང་བས། དེ་ཙམ་ལས་གསལ་བར་མ་བྲིས་སོ། །འདི་ནི་འཕགས་ཡུལ་གྱི་གྲུབ་པའི་དབང་ཕྱུག་རྡོ་རྗེ་དྲིལ་བུ་བ་དང་། རྗེ་བཙུན་ཕམ་མཐིང་བ་སོགས་དང་། བོད་དུ་ས་སྐྱའི་དཀར་བོ་རྣམ་གསུམ་དང་ཚར་ཆེན་ཡབ་སྲས་སོགས་དང་ཀུན་ནས་མཚུངས་པའི་གྲུབ་བརྙེས་པའི་རྣམ་པར་ཐར་བ་སྟེ། ཕྱིས་ཀྱི་འགྲོ་བ་འདྲེན་པར་རློམ་པ་སུ་ལའང་འདི་ལྟ་བུའི་ངོ་མཚར་བསྙད་པར་བགྱི་བ་ཅུང་ཟད་ཀྱང་མ་ཐོས་སོ། །རྗེ་བཙུན་རྡོ་རིང་བས་ཚར་ཆེན་ལ་རྡོ་རྗེ་རྣལ་འབྱོར་མའི་དབང་གནང་སྐབས་ཁྱོད་ཀྱིས་འབད་རྩོལ་བྱས་ན་འདིས་མཁའ་སྤྱོད་དུ་འཁྲིད་པ་འདྲ། ཁྱོད་ལ་དབང་བསྐུར་རེས་ཀྱིས་མཚན་མ་ཁྱད་པར་ཅན་རེ་འོང་བར་འདུག་གསུངས་པ་ལྟར། རྗེ་འདི་ལའང་རྗེ་གསེར་ཁང་བ་རྡོ་རྗེ་འཆང་ཆེན་པོས་དབང་གནང་སྐབས་ངས་རྟེན་འབྲེལ་ལ་བརྟགས་ན་གསང་ཆེན་སློབ་བཤད་ཀྱི་གདམས་པ་ཟབ་མོ་འདི་ལ་བརྟེན་ནས་རང་གཞན་གྱི་དོན་རྒྱ་ཆེན་པོ་འགྲུབ་པ་འདྲ་ཞེས་ལུང་བསྟན་མཛད་ཅེས་ཞལ་ལས་དངོས་སུ་ཐོས་སོ། །
པད་མས་བརྒྱན་པའི་པད་མཚོ་ཉམས་དགའ་བར། །
ངང་བའི་ཚོགས་རྣམས་ངང་གིས་འདུས་པ་བཞིན། །
རྣལ་འབྱོར་མཆོག་ལ་རྣལ་འབྱོར་མ་རྣམས་ཀྱང་། །
ཐུགས་རྗེས་ཁྱབ་པའི་ཐུགས་ཀྱིས་རྟག་ཏུ་དགོངས། །
ས་འོག་ས་སྟེང་ས་བླ་སྤྱོད་པ་ཡི། །
ཉེར་བཞིའི་ཡུལ་ནས་ཞིང་སྐྱེས་ཌཱ་ཀྐི་རྣམས། །
འགྱུར་མེད་སེམས་ཀྱི་རྡོ་རྗེ་མཚོན་པའི་ཕྱིར། །
ཡིད་ཀྱི་ཤུགས་ལྟར་ས་གསུམ་ཁྱབ་པར་འཇུག །
དཔའ་བོ་དཔའ་མོ་དབང་ཕྱུག་མ་རྣམས་དང་། །
སྐལ་བར་མཉམ་པར་སྤྱོད་པའི་དཔལ་དེ་ནི། །
ལག་པའི་མཐིལ་ན་འདུག་ཀྱང་སྙིགས་མའི་འགྲོར། །
རྗེས་ཆགས་སྙིང་རྗེའི་རྒྱ་ལས་འདའ་མ་ནུས། །
རྒྱལ་བ་ངས་གསུང་སོ་སོར་ཐར་བ་ནི། །
གཉིས་འགྱུར་ཕྱག་གི་ཡུལ་ཞེས་བསྔགས་པའི་ཕྱིར། །
ཐར་འདོད་ཡོངས་ལ་གཅིག་ཏུ་འཚེངས་པའི་ལམ། །
ཚངས་སྤྱོད་བརྟུལ་ཞུགས་འབའ་ཞིག་གཅེས་པར་དགོངས། །
ཟབ་ལམ་རིམ་པ་ལྔ་ཡི་ཐེམ་སྐས་ལས། །
ལྷན་སྐྱེས་ཧེ་རུ་ཀ་ཡི་རོལ་གར་གྱིས། །
རིག་འཛིན་གྲོང་དུ་བགྲོད་པའི་དྲིལ་བུ་ཞབས། །
དུས་ཀྱི་མཐའ་འདིར་སླར་ཡང་བྱོན་པ་སྙམ། །
དེ་སྐབས་ཤིག་སྐུ་ཞབས་རྡོ་རྗེ་འཆང་ཆེན་པོས་གསུང་བྲིས་གནང་བ་ལྟར། ངེད་དང་ལྷན་ཅིག་ལོ་གསུམ་ལ་བསྙེན་པ་འདུག་རྩིས་གྱིས་ལ་ཤོག་ཅེས་བཀའ་གནང་བ་ལྟར། སྒོ་མེ་ཆོས་ལུང་གསེར་དགོན་ལ་བྱོན་ནས་སྐུ་མདུན་དུ་འཇལ་བས། ཐུགས་ཤིན་ཏུ་དགྱེས་པས་གསུང་འཕྲོས་མང་དུ་གནང་། ཉམས་རྟོགས་ཇི་ལྟར་འཁྲུངས་ཚུལ་སོགས་ཀྱི་བཀའ་འདྲི་ཞིབ་ཏུ་མཛད། སྐབས་འདིར་རྗེ་འདིས་ས་སྟེང་ན་དཀོན་པའི་དངོས་གྲུབ་ཀྱི་རྫས་ཁྱད་པར་ཅན་ཞིག་ཀྱང་ཕུལ་བར་མངོན། ང་ཉི་མ་ཁ་ཤས་ངལ་གསོས་རྗེས་སུ་བསྙེན་པ་བྱེད་དགོས་གསུངས། དེ་ནས་མི་རིང་བར་དཔོན་སློབ་གཉིས་ལྷན་ཅིག་འཁོར་ལོ་བདེ་མཆོག་དྲིལ་བུ་བ་དང་ནཱ་རོ་མཁའ་སྤྱོད་གཉིས་སྦྲེལ་བའི་བསྙེན་པ་ལ་ལོ་གསུམ་གྱི་བར་དུ་བཞུགས། དེའི་རིང་ལ་ཚེས་བཅུའི་མཆོད་པ་དང་བདག་འཇུག་ཚོགས་འཁོར་སྦྱིན་སྲེག་རྣམས་ཡར་ངོ་དང་མར་ངོའི་ཚེས་བཅུ་ལ་མ་ཆགས་པར་མཛད་ཅིང་། སྦྱོར་དངོས་མཇུག་གསུམ་མཐར་ཕྱིན་པར་གནང་། སྐབས་འདིར་ཐུན་མཚམས་རྣམས་སུ་རྡོ་རྗེ་འཆང་ཆེན་པོ་ཤིན་ཏུ་དགྱེས་པས། ཁོ་བོ་ལ་དངོས་ཉམས་རྨི་ལམ་ཇི་ལྟར་བྱུང་ཚུལ་འདྲི་བར་མཛད་ཅིང་། རྗེ་ཉིད་ལ་ཇི་ལྟར་བྱུང་བ་རྣམས་ཀྱང་མ་སྦས་པར་གསུང་བ་ཞིག་ཡོད་གསུངས་ཏེ། བླ་མའི་གསང་བ་གསུམ་གྱི་ཡོན་ཏན་ལ་ལྐོག་ཏུ་མ་གྱུར་བའི་རྣམ་ཐར་རྨད་དུ་བྱུང་བ་ཞིག་ཡིན་པར་སེམས་སོ། །
གནས་འདི་མཁའ་འགྲོ་འདུ་བའི་གནས་ཨེ་ཡིག་མཚོན་པའི་ཆོས་འབྱུང་དགུ་བརྩེགས་ཀྱི་རྣམ་པར་ཡོད་གསུངས་ནས་ས་གནད་རྣམས་སྟོན་པར་མཛད། སྒྲུབ་གནས་བྲག་ཕུག་དེ་དང་ཧ་ཅང་མི་རིང་བ་ཞིག་ན་དུར་ཁྲོད་གཉན་པོ་ཞིག་ཡོད་པ་དེར། སིནྡྷུ་རའི་སྒྲུབ་པ་བྱས་ནས་ངེད་གཉིས་འགྲོ་དགོས་ཅེས་གསུངས་ཀྱང་། ཨ་ལག་ཤ་ནས་གདན་འདྲེན་བྱས་པའི་དུས་ཀྱིས་གཏུགས་པས་ཕེབས་མ་ཐུབ་གསུངས། དེ་ནས་སྐུ་ཞབས་རྡོ་རྗེ་འཆང་ཆེན་པོ་ཨ་ལག་ཤ་ཝང་གིས་གདན་འདྲེན་བྱས་པའི་ཞབས་ཕྱིར་བྱོན། ཨ་ལག་ཤར་མཱ་བླ་མ་ཚང་དང་ཏཱ་བླ་མ་གཉིས་གཙོ་བྱས་གྲྭ་བ་འགའ་ལ་མཁའ་སྤྱོད་མ་བེ་བུམ་གྱི་ལུང་གནང་། སྐུ་ཞབས་རིན་པོ་ཆེ་ཐུགས་བྲེལ་ཆེ་བས་ཁྱོད་ཀྱི་འདི་རྣམས་ལ་བཅུ་ཆའི་སྐོར་གྱི་ལུང་ཐོན་གསུངས་པ་ལྟར། གྲྭ་བ་མང་བོ་ལ་བཅུ་ཆའི་སྐོར་གྱི་ལུང་ཚང་བར་གནང་། རྡོ་རྗེ་འཆང་ནས་རྡུལ་མཚོན་གྱི་དཀྱིལ་འཁོར་གཅིག་ལ་བརྟེན་ནས་དུས་འཁོར་དབང་ཆེན་ལན་གསུམ་གནང་བ་དང་། རྡོ་རྗེ་ཤུགས་ཀྱི་རྗེས་གནང་། མཁའ་སྤྱོད་མའི་དབང་། མགོན་པོ་སྙིང་ཞུགས་ཀྱི་རྗེས་གནང་། ཀྴེ་ཊ་བཱ་ལའི་རྗེས་གནང་། འཇིགས་བྱེད་དཔའ་བོ་གཅིག་པའི་དབང་དང་ལམ་རིམ་བདེ་ལམ་གྱི་ཁྲིད་དང་། [འཕྲུལ་འཁོར་དང་བཅས་པ་གསན་]ཞེས་གསུང་ཡང་གང་གི་ཡིན་པ་བཤད་མེད། སྐབས་ཤིག་ལྷ་རི་དགོན་ལ་ཕེབས་གྲྭ་བ་སུམ་ཅུ་ལྷག་ལ་བདེ་མཆོག་ལཱུ་ཨི་བའི་མངོན་དཀྱིལ་གྱི་ལུང་སོགས་གནང་། གསང་སྟབས་ཀྱིས་དོན་གཉེར་ཅན་བཅུ་ལྷག་ལ་མཁའ་སྤྱོད་མའི་དབང་དང་། མཁའ་འགྲོ་མ་རྣམས་ཀྱི་སྙིང་གི་ཐིག་ལེ་སྐུལ་བའི་གསང་བའི་མགུར་དབྱངས། མཁས་སྤྱོད་ཞལ་བཟང་བལྟ་བའི་སྨོན་ལམ། ཞིང་གི་སྨོན་ལམ་རྣམས་ཀྱི་ལུང་དང་ཁ་སྐོང་གི་སྦྱིན་སྲེག་དང་བཅུ་ཆའི་སྦྱིན་སྲེག་གི་ཕྱག་ལེན་རྣམས་ཞིབ་ཏུ་འཁྲིད་པར་མཛད།
དེ་ནས་ཚོ་ལྔའི་ཤུག་རིའི་དགོན་དུ་བྱོན་ནས་ཐུགས་དམ་གྱི་རིམ་པ་ལ་གཞོལ་བར་མཛད་ཅིང་། ཐུན་མཚམས་སུ་མཆོད་པ་མང་བོ་ཕུལ། སཙྪཱ་དང་སྐུ་འདྲ་མང་དུ་བཞེངས། ཞལ་ནས་སྐུ་ཞབས་ཆེན་པོ་ཆེ་ཡབ་སྲས་གང་དུ་བྱོན་ཡང་ཆོས་ཀྱི་འཁོར་ལོ་བསྐོར་ནས་བསྟན་འགྲོའི་དོན་འབའ་ཞིག་བསྒྲུབ་པ་ཡིན། བླུན་པོ་རང་རྩིས་ཅན་གང་ཡང་མ་བསླབ་ཅི་ཡང་མི་ཤེས་པ་བདག་ལྟ་བུ་གང་དུ་ཕྱིན་ཡང་ས་ཆུ་ལ་བེད་ཆོད་པ་ཞིག་བྱེད་དགོས་པས་སྐུ་འདྲ་བཞེངས་པ་དང་། སཙྪཱ་འདེབས་པ་མ་གཏོགས་གཞན་དོན་སྒྲུབ་རྒྱུ་མེད་ཅེས་ཁེངས་བསྐྱུང་བར་མཛད། དེ་ཡང་དབེན་པའི་གནས་རྣམས་སུ་རྣལ་འབྱོར་དབང་ཕྱུག་གི་རྣམ་ཐར་ལྟར། གོས་རྒྱབ་དྲོས་ཙམ་དང་། འཚོ་བ་དཀའ་ཐུབ་ལ་བརྟེན་ནས་ཉམས་བཞེས་མཛད་པས་རྟོགས་པ་ཕུན་དུ་ཕྱིན་པ་འཁྲུངས་ཏེ། འཆི་དྲོད་ཀྱི་གདེངས་ཐོབ་པ་ན་དོན་མེད་པའི་བྱ་བྱེད་མང་པོས་དལ་འབྱོར་ཆུད་ཟོས་སུ་བྱེད་པ་རྣམས་གཟིགས་པའི་ཚེ་སྙིང་རྗེ་འཁྲུངས་པའི་ཚུལ་ནི་ཞལ་ནས་འདི་ལྟར་གསུངས་ཏེ། བཅོམ་ལྡན་འདས་ཀྱིས། རང་གི་སེམས་ཀྱིས་ཆོག་ཤེས་པ། །སྐྱེ་བོ་དེ་ནི་མཐོ་རིས་འགྲོ། །ཕྱག་དར་ཁྲོད་ཀྱི་གོས་འཆང་ཞིང་། །གཡའ་བྲག་ཤིང་དྲུང་ལ་གནས་པ། །སྐྱེ་བོ་དེ་ནི་མཐོ་རིས་འགྲོ། །ལྷུང་བཟེད་གོག་པོ་གཅིག་དེ་དང་། །འབྲས་བུ་རྩ་བས་ཆོག་ཤེས་པ། །དེ་ནི་བདེ་བར་སངས་རྒྱས་བཞེད། །ཉི་མ་གཅིག་ལ་བསོད་སྙོམས་མཆོག །བླངས་ནས་སང་གི་མི་སེམས་པ། །ལྟོ་འགྲངས་ཙམ་གྱིས་ཆོག་ཤེས་པ། །དེ་ལྟ་བུ་ནི་དགེ་སློང་ཡིན། །གང་དག་གོས་མཆོག་རྣམས་སྤོངས་ཤིང་། །ཕྱག་དར་ཁྲོད་ཀྱི་ཆོག་འཛིན་ལ། །གང་དག་རིག་པར་ཟས་ཟ་བ། །དེ་ལྟ་བུ་ནི་དགེ་སློང་ཡིན། །དྲི་མེད་སྟན་གཅིག་ཟས་ཟ་དང་། །ཞིམ་པོའི་རོ་ལ་མི་ཆགས་པ། །དེ་ལྟ་བུ་ནི་དགེ་སློང་ཡིན། །གང་དག་ཚལ་དགོན་གཙུག་ལག་ཁང་། །དུར་ཁྲོད་དང་ནི་རྩྭ་བཏིང་བ། །ཡིད་ལ་དགའ་བར་བྱེད་པ་དག །དེ་ལྟ་བུ་ནི་དགེ་སློང་ཡིན། །ཞེས་དང་། རྗེ་བཙུན་མི་ལས། སྐྱིད་པ་གཉེན་གྱིས་མ་ཚོར་ཞིང་། །སྡུག་པ་དགྲ་ཡིས་མ་ཚོར་བར། །རི་ཁྲོད་འདི་རུ་འཆི་ནུས་ན། །རྣལ་འབྱོར་བསམ་པ་རྫོགས་པ་ཡིན། །ཞེས་གསུངས་པ་ལྟར། ཡུལ་གྱི་ཞེན་པ་སྤངས། གཉེན་གྱི་འབྲེལ་ཐག་བཅད། དམན་པའི་ས་བཟུང་། ཧྲུལ་བོའི་གོས་གྱོན། ལུས་སྲོག་ཐད་ལ་བོར། ལྟོ་གོས་གཏམ་ལ་གྱོང་སྐུར། འཚོ་བ་བྱ་འཚོལ་བྱི་འཚོལ་གྱི་ངང་ནས། གནས་གངས་ཁྲོད་གཡའ་ཁྲོད་ནགས་ཁྲོད་དུ་མར། དགེ་སྦྱོར་གང་ལྕོགས་རེ་བྱས་པས་བློ་བདེ་བ་ཡིན། ད་ན་ཚོད་རྒས་པའི་དུས་འདིར་གཞན་དག་ས་ལས་དང་ཤིང་ལས་སོགས་སྙིང་བོ་མེད་པའི་བྱ་བ་བྱེད་པ་མཐོང་ཚེ། འདི་རྣམས་གཏན་དུ་སྡོད་རྩིས་བྱེད་པ་འདི་ཤིན་ཏུ་འཁྲུལ་བ་རེད། འཆི་བ་མ་དྲན་པ་རེད།
དགེ་བའི་བཤེས་གཉེན་རེ་མ་བསྟེན་པས་ལན་པར་འདུག་སྙམ་དུ་སྙིང་རྗེ་བར་འདུག་གསུངས། དེ་ཡང་སྟོན་པ་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ། ཁྱོད་ཀྱིས་མཁན་པོ་དང་སློབ་དཔོན་བྱས་ནས། རབ་ཏུ་བྱུང་བ་དང་བསྙེན་པར་རྫོགས་པ་བྱས་ན་ང་ལ་བྱ་བ་བྱས་པ་ཡིན་ནོ། །ཞེས་གསུངས་པའི་བཀའ་རྗེས་སུ་བསྒྲུབ་པར་བཞེད་དེ། ཀ་རིང་དང་བཀྲ་ཤིས་དགེ་འཕེལ་གྱི་སྡོམ་པ་དོན་དུ་གཉེར་བ་མང་བོ་ལ་རབ་བྱུང་དང་བསྙེན་རྫོགས་བསྒྲུབ་པར་མཛད། གཞན་གྱིས་ཕུལ་བའི་དངོས་པོ་ཕྲན་བུ་ཡོད་པ་རྣམས་ཤུག་རིའི་དགོན་ལ་ཕུལ་ནས་བྱམས་པའི་སྟོང་མཆོད་བཙུགས། གཡར་ལས་ལ་སྟོང་སྐོར་རབ་བྱམས་པ་བཏང་ནས་བྱམས་པའི་སྟོང་མཆོད་བཙུགས། དེ་ནང་ཡུན་རིང་སྐུ་འཚམས་མཛད། སྐབས་ཤིག་ཉིད་ཀྱི་འཁྲུངས་ཡུལ་སྒོ་དམར་དུ་བྱོན། མགོན་པོ་རྒྱས་པའི་གཏོར་སྒྲུབ་དང་བྱམས་པའི་སྟོང་མཆོད་ཤིན་ཏུ་རྒྱས་པར་མཛད་ཅིང་། ལོ་རེ་བཞིན་ཆགས་མེད་དུ་འཛུགས་པའི་སྲོལ་བཏོད། དེ་ནས་ཁྲི་ལུང་དུ་རྡོ་རྗེ་འཆང་ཆེན་པོའི་སྐུ་མདུན་དུ་ཕེབས། མཇལ་བའི་ཚེ་ཁྱོད་སྒོ་དམར་དུ་སོང་བ་ངེད་ཀྱིས་ཐོས། སྒོ་དམར་བྱམས་ཆེན་གྱི་མདུན་དུ་སྟོང་མཆོད་རྒྱས་པ་དེ་ལྟ་བུ་བཙུགས་པ་ཤིན་ཏུ་ལེགས་ཅེས་དགྱེས་ཚོར་ཆེན་པོ་མཛད། སྔར་ནས་ཁྱོད་ཀྱིས་བྱམས་པའི་སྟོང་མཆོད་འདི་ལ་བརྟེན་ནས་འགྲོ་བ་མང་བོ་ལ་ཕན་ཐོགས་པར་འདུག་གསུངས་པ་དང་། སྐབས་འདིའི་གསུངས་རིས་ལ་དཔག་ན་དགོས་པ་ཆེན་པོ་ཞིག་མཁྱེན་པ་འདྲ། སླར་ཡང་ཤུག་རིར་བྱོན་ནས་བཅད་རྒྱ་དམ་པོ་མཛད་དེ་ཡུན་རིང་བཞུགས། སྐབས་ཤིག་སྐུ་ཞབས་རྡོ་རྗེ་འཆང་ཆེན་པོ་བྱ་ཁྱུང་དུ་བཞུགས་པ་ཐོས་པས། ཚོ་ལྔ་དང་བིས་མདོའི་ཕྱོགས་ཀྱི་རི་ཁྲོད་པ་ཉི་ཤུ་རྩ་ལྔ་དང་ལྷན་ཅིག་ཏུ་ཕེབས་ནས་སྐུ་མདུན་དུ་འཇལ་བས་དགྱེས་བཞིན་ཐུགས་ནང་གཤིན་པའི་གསུང་འཕྲོས་མང་དུ་མཛད།
ངས་ཁྱོད་རྒྱུན་དུ་རྩར་བཅད་ཀྱང་གང་དུ་ཡོད་སུས་ཀྱང་མ་ཚོར་བར་འདུག གང་དུ་བསྡད་པ་ཡིན་གསུངས་པས། ཤུག་རི་ནས་བཅར་རྒྱ་དམ་པོ་བྱས་ནས་བསྡད་ཚུལ་དང་གནས་དེར་མིའི་རྒྱུ་འགྲུལ་མེད་པས་ཤིན་ཏུ་འགོལ་བོ་ཡིན་ཚུལ་ཞུས་པས་ཐུགས་དགྱེས་དགྱེས་མཛད། དེ་ནས་སྐུ་ཞབས་རིན་པོ་དང་ལྷན་ཅིག་ཞུང་ཞན་ལྷ་ཆེན་དུ་ཕེབས་ཏེ་ཉི་མ་མང་བོའི་བར་དུ་མཆོད་པ་རྒྱ་ཆེན་པོ་ཕུལ། དེ་ནས་རིམ་བཞིན་ཁྲི་ཀའི་ཕྱོགས་སུ་ཕེབས་ནས་མཆོད་པ་མང་བོ་ཕུལ་ཏེ་མདོ་སྨད་ཀྱི་ཕྱོགས་འདིར་མཆོད་པ་བྱེ་བ་མང་བོ་འབུལ་བའི་སྲོལ་ཆེན་པོ་དར་བར་མཛད། སྐབས་ཤིག་རྡོ་རྗེ་འཆང་ཆེན་པོས་ཁྱོད་ཀྱིས་དྷཱི་ཚའི་ཆོས་མཛད་ལ་གཅོད་དབང་སོགས་བྱེད་པའི་བཀའ་གནང་བ་ལྟར། དྷཱི་ཚའི་ནང་སོ་ཚང་ལ་བྱོན་ནས་ཆོས་མཛད་དང་། དྷཱི་ཚའི་དགེ་རྒན་སོགས་ཁ་ཤས་ལ་མ་ཅིག་ཞི་དྲག་གཉིས་ཀྱི་དབང་དང་ཆོ་ག་རྣམས་ཀྱི་ལུང་གནང་། མངོན་དཀྱིལ་སོགས་ཆོ་ག་རྣམས་ཀྱི་འདོན་རྟ་སོགས་བླ་མའི་ཕྱག་ལེན་ལྟར་མ་ནོར་བར་བསླབ། སྒོ་མེ་མགོན་ཀྱཱ་རིན་པོ་ཆེའི་དཔོན་པོ་ཧོར་ལྡང་ཞབས་དྲུང་དང་རི་ཁྲོད་པ་ཁ་ཤས་ལ་མཁའ་སྤྱོད་མའི་སིནྡྷུ་རའི་དབང་སྐུར་ཆོ་ག་སོགས་ཀྱི་ལུང་གནང་། དེ་ནས་དྷཱི་ཚའི་ཆོས་མཛད་སོགས་དང་ལྷན་ཅིག་ཆུ་མིག་བརྒྱ་རྩར་བྱོན། ཆུ་མིག་ལ་འགྲོ་བའི་གཞུང་ཙམ་ལ། སྐུ་ཞབས་རིན་པོ་ཆེ་སྐུ་འབུམ་མཁན་པོས་སྐུ་འབུམ་ལ་གདན་འདྲེན་ཞུས་ནས་བྱོན་པའི་ལམ་དུ་ཁྱུང་རྒྱའི་བསམ་གཏན་གླིང་ནས། སྐུ་མདུན་པ་བྱམས་པ་དོན་གྲུབ་ལ་ལྷ་དར་ཞིག་དང་དོང་ཙེ་ཁྲོན་གསུམ་ཚོགས་རྫས་དང་བཅས་པ་སྐུར་ནས། ཁྱོད་ཆུ་མིག་གྲོལ་འཕྲལ་བསམ་གཏན་གླིང་དུ་ཤོག ངེད་ཀྱང་མྱུར་བར་བསམ་གཏན་གླིང་དུ་ཡོང་རྒྱུ་ཡིན་ཞེས་གསུང་སྐུར་བར་མཛད། ཆུ་མིག་གྲོལ་ནས་སྐུ་ཞབས་རིན་པོ་ཆེ་ཨ་རིག་གིས་གདན་འདྲེན་ཞུས་པས། དེ་ཕྱོགས་སུ་ཕེབས་སོང་བ་གསན་པས་མྱུར་བར་ཤུག་རིའི་རི་ཁྲོད་དུ་བྱོན་ནས་བཅད་རྒྱ་དམ་པོ་མཛད།
སྐབས་ཤིག་སྐུ་ཞབས་རྡོ་རྗེ་འཆང་ཆེན་པོས་རང་གི་གསུང་ལས་སྐྱེས་པའི་མཁས་ཤིང་གྲུབ་པའི་དགེ་བའི་བཤེས་གཉེན་དུ་མ་དང་། བླ་གོས་སེར་བོས་མཛེས་པའི་ཀུན་སྤང་འདུལ་བ་འཛིན་པ་བརྒྱ་ཕྲག་དུ་མའི་འཁོར་དང་བཅས་ཚོ་ལྔའི་ཕྱོགས་སུ་བྱོན་ནས་ཕྱོགས་ཐམས་ཅད་དུ་མཆོད་པའི་སྲོལ་ཆེན་པོ་ཕྱེས། དངོས་པོའི་གནང་སྦྱིན་མཛད་དེ་མཆོད་པའི་རྒྱུན་མང་དུ་བཙུགས། ཆོས་ཀྱི་འཁོར་ལོ་བསྐོར་ཏེ་འགྲོ་བ་དཔག་ཏུ་མེད་པ་སྨིན་གྲོལ་གྱི་ལམ་དུབཀོད། བླ་མ་རིན་པོ་ཆེ་ཤུག་རིའི་འཚམས་ཁང་དུ་ཕེབས་ནས་དེ་ཕྱོགས་ཀྱི་འགྲོ་བ་མང་བོ་ལ་འདོན་ཆོས་མང་དུ་སྩལ། སྔར་སྐུ་ཞབས་རྡོ་རྗེ་འཆང་ཆེན་པོས་ར་རྒྱའི་དགོན་དུ་མ་དྲོས་པའི་ལྷ་ཁང་བཞེངས་པའི་སྔོན་དུ། ཁྱོད་ཀྱིས་རྨི་ལམ་རྟོགས་ཤིགས་གསུངས་པ་ལ། རྨི་ལམ་དུ་ཕ་བོང་ཆེ་བ་གས་སྲུབ་མེད་པ་ཞིག་གི་སྟེང་ན་ལྷ་ཁང་བཞེངས་ཡོད་པའི་མདུན་ན། བཟའ་ཤིང་གི་སྡོང་བོ་འབྲས་བུས་དུད་པ་ཞིག་གི་ལོ་མ་དང་འབྲས་བུ་ཐམས་ཅད་ཀྱི་སྟེང་ན་ཨ་ཡིག་རང་སྒྲ་སྒྲོགས་པ་དང་བཅས་པ་ཞིག་འདུག་པ་རྨིས་པ་སྙན་དུ་གསོལ་བས། ཕྱིས་སུ་རྗེ་དེ་ཉིད་ར་རྒྱ་ནས་ཕྱིར་བྱོན་སྐབས་ལྷ་ཁང་བཞེངས་པའི་ས་གནས་ཁྱོད་ཀྱི་རྨི་ལམ་ཇི་ལྟ་བ་བཞིན་དུ་བྲག་གས་སྲུབ་མེད་པ་གཅིག་ཏུ་འདུག ལྗོན་ཤིང་དེ་ངེད་ཀྱི་དགེ་སྦྱོར་ལམ་དུ་སོང་བའི་ལྟས་ཤིག་ཡིན་པ་འདྲ་གསུངས། ཡང་སྐབས་ཤིག་སྐུ་ཚེའི་ཚད་བརྟག་པ་གྱིས་ཅེས་བཀའ་གནང་བ་ལྟར་བརྟག་པ་མཛད་པས། མནལ་དང་འོད་གསལ་འདྲེས་པའི་སྣང་བ་ལ། གོས་ཇུས་མའི་ལྭ་བ་གྱོན་པའི་མི་མཛེས་ཤིང་ཡིད་དུ་འོང་བ་ཞིག་གིས། རིན་པོ་ཆེའི་ག་ཌྱ་ལྟ་བུ་ཞིག་ཏུ་གསེར་གྱི་ཐུར་མ་མང་བོ་བཟུང་ནས་འདུག་པ་ལ། མི་བརྗིད་བག་ཅན་ཞིག་གིས་ལག་གཉིས་ཐལ་མོ་སྦྱར་ཏེ་ཐུར་མ་དྲུག་ཅུ་རེ་དགུ་བླངས་པའི་མཚམས་དེར་རླུང་འཚུབས་ཤིག་འཁྱིལ་ནས་ཅུང་མི་གསལ་བ་ལ་སླར་ཡང་བརྒྱད་ཅུ་གྱ་དགུའི་བར་བླངས་པའི་སྣང་བ་ཤར། རྡོ་རྗེ་འཆང་མདོ་སྨད་ཕྱོགས་སུ་བཞུགས་ན་བརྒྱ་ཅུའི་བར་བཞུགས་རྒྱུ་ཡིན་པ་འདྲ་ཞེས་ཞལ་ལས་ཐོས་སོ། །
རྗེ་བཙུན་ཙོང་བ་ཆེན་པོས་ངེད་ཀྱི་སྣང་བ་ལ་གཏད་པ་མེད་པས་རྟོགས་ལྡན་པ་ལ་འདྲི་དགོས་གསུངས་ནས། དོ་གལ་ཆེ་བ་ཐམས་ཅད་རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་ལ་བརྒྱུད་ནས་འཇམ་པའི་དབྱངས་ལ་ཞུ་བ་བཞིན་དུ། རྡོ་རྗེ་འཆང་ཆེན་པོས་ཀྱང་སྐུ་དོན་ཐམས་ཅད་རྗེ་འདི་ལ་འདྲི་བ་ཞིག་ཡོད་པར་འདུག་པས། འཕྲིན་ལས་ཇི་ལྟར་འབྱུང་བ་དང་སྐུ་ཚེ་ཕྱི་མ་དག་པའི་ཞིང་གནས་གང་དུ་འབྱོན་པ་སོགས་ལས་བརྩམས་པའི་ལུང་བསྟན་ངོ་མཚར་བ་མང་དུ་ཡོད་ཀྱང་ཤིན་ཏུ་གསང་བའི་གནས་ཡིན་པས་ཐུན་མོང་དུ་བསྒྲགས་པར་མ་ནུས་སོ། །སྐབས་ཤིག་ཏུ་སྐུ་ཞབས་རྡོ་རྗེ་འཆང་ཆེན་པོ་ལོ་རྡོ་རྗེ་བྲག་ཞིག་རལ་དུ་སོང་བ་ཐུགས་ཀྱིས་མ་བཟོད་པར་ཞིག་གསོས་ཀྱི་ལས་མགོ་བཟུང་ནས་དེར་བྱོན་པ་གསན་ནས་སྐུ་མདུན་དུ་བྱོན། ཉིན་གཅིག་སྐུ་མདུན་དུ་འབོལ་གདན་སུམ་བརྩེགས་ཤིག་བཏང་བའི་སྟེང་དུ་ཅིས་ཀྱང་སྡོད་གསུངས་ནས་ཤིང་ཏོག་སྣ་ཚོགས་སོགས་བཟའ་བཅའ་མང་བོ་བསྒྲིགས། རས་ཡུག་ཆེ་བ་ཞིག་དང་ལྷ་དར་ཆེ་ལེགས་ཤིག་གནང་ནས་སྔར་དང་མི་འདྲ་བའི་བཀུར་བཟོས་དང་བསླབ་བྱ་མང་དུ་མཛད། ཕྱི་ཉིན་སྐུ་ཞབས་རིན་པོ་ཆེ་ཆིབས་སྐྱེལ་ལ་བྱོན་པས། གསུང་དཔྱད་གཞི་ཅན་འགའ་ཞིག་གནང་ཞིང་། ཁྱོད་གནས་གཅིག་ཏུ་སྡོད་ཡུན་མ་རིང་གསུངས་ནས་སྤྱན་རས་ཀྱིས་ཡུན་རིང་བཙའ་བར་མཛད་པ་ནི་གསུང་གི་ཐ་མ་ཡིན་ཞིང་། དཔོན་སློབ་གཉིས་ཀས་ཕྱིན་ཆད་སྐུ་ཚེ་འདི་ལ་མི་འཇལ་བར་ཐུགས་ཀྱིས་མཁྱེན་པས་འབྲལ་མི་ཕོད་པར་མཛད་ཅིང་། སྤྱན་ཆབ་འདོན་པ་དང་ཐུགས་སྐྱོ་བའི་རྣམ་པ་ཡུན་རིང་མཛད། དེ་ནས་མར་ལམ་སྣང་རའི་ཆེན་ཧེ་ཧུ་དཀོན་མཆོག་ལ་སྒྲོལ་དཀར་གྱི་རྗེས་གནང་གནང་། དེ་ནས་ཤུག་རིར་བྱོན་ནས་འཚམས་ལ་བཞུགས། སྐབས་ཤིག་རྡོ་རྗེ་འཆང་མདོ་སྨད་ཀྱི་སྐུ་དངོས་ཀྱི་གདུལ་བྱ་རྫོགས་ནས་ཡུལ་དབུས་སུ་འབྱོན་པ་གསན་པས། ཨ་ལགས་ལྷ་ཐོ་ལ་ལྷ་དར་ཞིག་བསྐུར་ནས་སྐྱབས་འཇུག་ཞུས་པས་ཞལ་འཛུམ་པ་མཛད་ཅིང་། ངས་སེམས་ཀྱིས་ཤེས་གསུངས་ནས་འབྱོར་ལན་ལྷ་དར་དང་སྲུང་མདུད་ཕྱག་བྲིས་བཅས་གནང་བ་འབྱོར་བས་སེམས་ལ་ཤིན་ཏུ་སྨན་པ་བྱུང་གསུངས། དེ་ནས་སྐབས་ཤིག་རྡོ་རྗེ་འཆང་ཆེན་པོ་ཞིང་ཁམས་གཞན་དུ་གཤེགས་པའི་གཏམ་གསན་པས། བླ་མའི་ཡོན་ཏན་དང་བཀའ་དྲིན་རྗེས་སུ་དྲན་པས་སྐྱོ་བ་ཚད་མེད་འཁྲུངས་ཤིང་། བསྟན་འགྲོའི་དོན་འབའ་ཞིག་ཐུགས་ལ་བརྣག་པས་ཐུགས་ངལ་ཆེན་པོ་མཛད། ཉིན་མང་བོའི་བར་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་དུ་དམིགས་ནས་ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་འབུལ་བ་དང་། བདག་ཉིད་འཇུག་ཅིང་དབང་བླང་བ་སོགས་དགོངས་པ་རྫོགས་པའི་ཐབས་ལ་བརྩོན་པར་མཛད།
སྐྱེས་རབས་ལས། ཕན་པའི་ལན་དུ་མཆོད་པར་བྱ་བ་ནི། །བསྒོ་བའི་ཚིག་བཞིན་ཉམས་སུ་ལེན་པ་ཡིན། །གསུངས་པ་ལྟར། བླ་མའི་བཀའ་བཞིན་ཚེ་དང་སྒྲུབ་པ་སྙོམས་པ་འདི་ཁོ་ན་བླ་མའི་དགོངས་པ་རྫོགས་པའི་ཐབས་སུ་རྗེས་འཇུག་རྣམས་ལ་འདོན་པར་མཛད་དེ། ཞལ་ནས། བླ་མའི་ཐུགས་དགོངས་རྫོགས་ཕྱིར་དགེ་སྦྱོར་ཅི་ལྕོགས་རེ་བྱས་ཏེ། འདོད་ཆུང་ཆོག་ཤེས་བྱས། བྱ་བ་མི་མང་བར་རི་ཁྲོད་དབེན་པར་འཆི་བ་ལ་སྒུག་པ་ཡིན་གསུངས་ཏེ། འདི་ནི་གོ་དགོས་པའི་གདམས་པ་ཟབ་མོ་ཞིག་ཏུ་སྣང་ངོ་། །
འགྲོ་འདིའི་བསོད་ནམས་མར་ངོར་གྱུར་བ་ན། །
འགྲོ་བའི་ཉི་མ་ཆུ་ལྷའི་ཕྱོགས་སུ་གཞོལ། །
ཀྱེ་མ་སྲིད་གསུམ་སྐྱེ་དང་འཇིག་པ་ཡིས། །
གཡོ་བའི་ངེས་པ་འདི་ལ་སུ་ཡིས་འགོག །
ཇི་ལྟར་སྟོན་གྱི་ཆུ་འཛིན་ཡིད་འོང་རྣམས། །
མཁའ་ལས་བྱུང་སྟེ་མཁའ་ལ་འཐིམ་པ་བཞིན། །
དངོས་ཀྱི་མཛད་པ་ཡོངས་སུ་རྫོགས་པ་ནི། །
སྤྲུལ་བའི་སྐུ་ཡི་སྣང་བ་བསྡུ་བར་བརྩམས། །
ཟག་བཅས་སྒྱུ་མའི་ལུས་འདི་ཟུང་འཇུག་གི །
ཟ་མ་ཏོག་ཏུ་འོས་པ་མ་ཡིན་ཞེས། །
བེམ་ཆོས་ལས་འདས་ཡེ་ཤེས་སྒྱུ་མའི་སྐུ། །
མཁའ་ལ་སྤྱོད་པའི་གནས་སུ་ཡུད་ཀྱིས་གཤེགས། །
དེ་ཚེ་ཚིག་མདའི་ལམ་ཀུན་འགངས་པ་ཡི། །
དཔའ་བོ་མཁའ་འགྲོས་མཆོད་པའི་མདུན་བདར་ནས། །
མགོན་ཁྱོད་རིག་འཛིན་ཡོངས་ཀྱི་རྗེ་བོ་རུ། །
བཀུར་བའི་སྙན་གྲགས་སྲིད་པ་གསུམ་ན་འབར། །
བདེ་སྟོང་ཏིང་འཛིན་མཆོག་གི་རྒྱལ་ཐབས་ཀྱིས། །
ཕྱི་ནང་བདུད་བཞིའི་དཔུང་ཚོགས་ཀུན་བཅོམ་ཏེ། །
ཟུང་འཇུག་གོ་འཕང་མངོན་དུ་མཛད་དོ་ཞེས། །
བདག་ཅག་སྙིང་ལ་གདུངས་པ་ཇི་ལྟར་འཛིན། །
དེ་ལྟ་ན་ཡང་དགའ་ལྡན་བསྟན་པའི་མཚོ། །
དུས་ཀྱི་ཐན་པས་ཆེས་ཆེར་གདུངས་གྱུར་བ། །
བཤད་སྒྲུབ་ཆར་གྱིས་སྐྱོང་བའི་ཆོས་ཀྱི་སྤྲིན། །
གློ་བུར་ཆོས་ཀྱི་དབྱིངས་སུ་ཐིམ་པས་སྐྱོ། །
འཁོར་བ་ཆུ་སྲིན་འབྱུང་གནས་ཉམ་ང་བར། །
ལས་ཉོན་རླུང་ཤུགས་དྲག་པོའི་གཞན་དབང་གིས། །
ཐར་བའི་འཇུག་ངོགས་སྟོར་བའི་མགོན་མེད་རྣམས། །
སྒྲོལ་བའི་དེད་དཔོན་སུ་ལ་སྐྱབས་སུ་བསྟེན། །
དེ་ལྟར་ཡོན་ཏན་དྲན་པས་སྐྱོ་བ་དང་། །
བཀའ་དྲན་རྗེས་སུ་དྲན་པས་གུས་པ་དང་། །
སྒོ་གསུམ་བཀའ་བཞིན་སྒྲུབ་པའི་མཆོད་པ་རྣམས། །
ཕན་ཚུན་འགྲན་པ་བཞིན་དུ་འཕེལ་བར་འགྱུར། །
ཤུག་རི་ན་བཞུགས་སྐབས་འགའ་དྭགས་རིན་པོ་ཆེ་ལ་དབེན་ས་བའི་གསུང་གི་ཆོས་རྒྱལ་ནང་སྒྲུབ་ཀྱི་ལུང་གནང་། སྐུ་ཞབས་སྟག་ཀེ་ཚང་དང་ཨོ་བསོ་ཨ་ལགས་འཕྲིན་ལས་རྒྱ་མཚོ་དང་། ཨ་ལགས་ལཱུ་ཀྱ། རྫོང་དམར་སྨན་པ། རོང་བའི་དུས་འཁོར་བ་གཉིས་དང་རོང་བའི་རི་ཁྲོད་པ་སོགས་སྡེ་སྣོད་འཛིན་པ་མང་བོ་ལ་སྔ་ཕྱིར་རྡོ་རྗེ་རྣལ་འབྱོར་མའི་དབང་སོགས་ཟབ་ཆོས་མང་དུ་སྩལ། སྐབས་ཤིག་བཀྲ་ཤིས་དགེ་འཕེལ་དུ་ཕེབས་ནས་བྱུ་ཁྱུང་ནས་བྱོན་པའི་སྐུ་ཞབས་བདེ་ཡངས་ཚང་དང་། ཁྱོམ་ཚང་ཞབས་དྲུང་། དགེ་བཤེས་ཤིག་དང་རི་ཁྲོད་པ་ཁ་ཤས་ལ་མ་ཅིག་ཞི་ཁྲོ་གཉིས་ཀྱི་དབང་དང་ཆུ་མིག་གི་སྐོར་གྱི་ལུང་གནང་། བཀྲ་ཤིས་དགེ་འཕེལ་གྱི་དགེ་འདུན་པ་རྣམས་ལ་ཆོས་སྐྱོང་དྲེགས་པ་ལྕམ་སྲིང་གི་རྗེས་གནང་དང་བེའུ་བུམ་གྱི་ལུང་གནང་། རོང་བོ་ཁྲི་ཟུར་སྐུ་ཞབས་བིས་པ་ཚང་དང་རི་ཁྲོད་པ་འགའ་ཞིག་གིས་གསོལ་བ་བཏབ་སྟེ་རྡོ་རྗེ་རྣལ་སྦྱོར་མའི་སིནྡྷུ་རའི་དབང་དང་བེའུ་བུམ་གྱི་ལུང་། མགོན་པོ་སྙིང་བཞུགས་དང་དུར་ཁྲོད་བདག་པོའི་རྗེས་གནང་རྣམས་སྩལ། མེ་སྤྲུལ་ལོར་སྨིན་དྲུག་ཟླ་བའི་མཚན་གཅིག་མནལ་ལམ་དུ། ཐུགས་རྗེ་ཆེན་པོ་ངལ་གསོའི་སྐུ་མཛེས་ཤིང་ལྟ་བས་ཆོག་མི་ཤེས་པ་མཐོང་བ་ཙམ་གྱིས་དང་བ་འདྲེན་པ། འོད་པག་མེད་རིགས་བདག་ཏུ་བཞུགས་ཡོད་པ་འོད་ཀྱི་ཕུང་བོ་དང་བཅས་པ་ཞིག་ནམ་མཁའི་དབྱིངས་སུ་བཞུགས་པ། གློ་བུར་དུ་ནུབ་རིའི་ཕང་བར་ནུབ་ཏེ་མི་མངོན་པར་གྱུར་པས་ཤིན་ཏུ་ཕངས་བྱུང་བ། ཅིའི་ལྟས་ཡིན་སྙམ་དུ་དགོངས་པ་ན། མི་རིང་བར་རོང་བོའི་རྗེ་བཙུན་སྐལ་ལྡན་རྒྱ་མཚོའི་ཡང་སྤྲུལ་ངོ་མཚར་ཅན་ཞིག་བཞུགས་པ་སེམས་ཅན་གྱི་བསོད་ནམས་དམན་པས་གཟུགས་སྐུའི་བཀོད་པ་བསྡུ་བའི་ལྟས་སུ་གཟིགས་སོ། །
སྐབས་ཤིག་ཤུག་རི་དང་རོང་བོ་ཤིང་ལེ་ཁ་སོགས་མ་འཆམ་པར་འཐབ་རྩོད་བྱུང་བའི་རྒྱུ་རྐྱེན་གྱིས་གནས་དབེན་པ་ཞིག་ཏུ་འབྱོན་པར་བཞེད་པ་ན། ཀ་རིང་གི་ཐར་བ་གླིང་དང་བིས་ཏིང་དགེ་འཕེལ་གཉིས་ཀ་ནས་གདན་འདྲེན་བྱས་ཀྱང་དགེ་འཕེལ་དུ་བསུ་བ་སྔོན་ལ་འབྱོར་བས་ཁོང་རྣམས་ཀྱི་འདོད་མོས་ལྟར་བཀྲ་ཤིས་དགེ་འཕེལ་དུ་བྱོན་ནས་བཅད་རྒྱ་དམ་པོ་མཛད། ཕྱག་ཏུ་དངོས་པོ་གང་བྱུང་ཐམས་ཅད་རི་ཁྲོད་དེར་ཕུལ་ནས་བྱམས་པའི་སྟོང་མཆོད་བཙུགས། བིས་ཏིང་སྒར་བའི་གྲྭ་བ་ཕལ་ཆེར་ལ་བསྙེན་རྫོགས་བསྒྲུབས། དགེ་འཕེལ་སྒར་བའི་དགེ་འདུན་པ་རྣམས་ལ་མགོན་པོ་དང་ལས་གཤིན་ལྷ་མོ་གསུམ་གྱི་རྗེ་གནང་དང་ལུང་མང་བོ་གནང་། སྐབས་ཤིག་གོང་རི་མཁའ་འགྲོ་མ་ཚང་སྐུ་མདུན་དུ་ཕེབས་བཞེད་ཆེ་ཡང་རྐྱེན་དབང་དུ་མས་འབྱོན་མ་ནུས་པར་དེ་ཉིད་ཀྱི་སློབ་མ་རྫོང་དམར་སྨན་པ་[རྫོང་ལྟ་མཛད་ནས་]། དབང་བཞི་ངོ་སྤྲོད་སོགས་ཟབ་ཆོས་སྙན་བརྒྱུད་དུ་མ་ཞུ་བར་མཛད། སྐབས་ཤིག་ཀ་རིང་ཕྱོགས་ཀྱི་རི་དགོན་ཐམས་ཅད་འདུན་པ་གཅིག་དྲིལ་གྱིས་ཡུལ་ཕྱོགས་ཞབས་ཀྱི་བཅགས་ཏེ་ས་སྐྱའི་འབར་ཆེན་སོགས་རིམ་གྲོ་འགའ་ཞིག་གནང་དགོས་པའི་ཞུ་བ་ཕུལ་བས། དེར་བྱོན་ན་འཚུབ་ལྷུང་ཆེ་བར་གཟིགས་ནས་རེ་ཞིག་ཞལ་བཞེས་མ་གནང་། སླར་ཡང་ནན་གྱིས་ཞུ་བ་ཕུལ་བས། འོ་ན་ཁྱེད་ཀ་རིང་གི་ལུང་བ་ཕུ་མདོ་བར་གསུམ་གྱི་བྱ་དང་རི་དྭགས་གཅིག་ཀྱང་མི་གསོད་པའི་དམ་བཅའ་འབུལ་ནུས་ན་ཕེབས་ཅེས་ཞལ་གྱིས་བཞེས་པས་ཐམས་ཅད་དགའ་བཞིན་སྤྲོ་བཞིན་དུ་བྱ་དང་རི་དྭགས་མི་གསོད་པའི་དམ་བཅའ་ཕུལ་བས་དགྱེས་བཞིན་བྱོན་ནས་ས་སྐྱའི་འབར་ཆེན་རྒྱས་པ་ལན་ཆགས་གཏོར་མ་གྲངས་མེད་པ་བསྔོས། ཆོས་ར་ནས་འཇིགས་བྱེད་ཞི་བའི་སྦྱིན་སྲེག་སོགས་རིམ་གྲོ་གནད་སྨིན་མཛད། སྐྱེ་བོའི་ཁྲོམ་ཆེན་པོ་ལ་ཕྱག་དབང་དང་། བསྙེན་གནས་ཀྱི་སྡོམ་པ་འབོག་པ་དང་། ལས་འབྲས་ཀྱི་ཆོས་མང་དུ་གསུངས་ནས་ཐམས་ཅད་དད་པའི་གནས་ལ་བཀོད། སྐབས་དེར་དབུ་ཅུང་ཟད་བསྙུང་ཅིང་ཕྱིས་སྐབས་སྐབས་སུ་དབུ་སྙུན་དྲག་པོ་ཞིག་ཡོད་པའི་ཚུལ་མཛད་པ་ནི་ཀ་རིང་གི་སེམས་ཅན་རྣམས་ལ་ཕན་ཐོགས་པའི་རྟགས་རེད་ཅེས་ཞལ་ལས་ཐོས་སོ། །
དེ་ནས་བཟུང་སྟེ་དཔག་ཚད་དུ་མའི་ཁོ་ར་ཁོར་ཡུག་གི་ནགས་ཚུལ་དང་སྨན་ལྗོན་སུ་བྱ་དང་རི་དྭགས་བྱེ་བ་བརྒྱ་ཕྲག་སྲོག་གི་ཆད་པ་ལས་ཐར་ཏེ་འཇིགས་པ་མེད་པར་བག་ཡངས་སུ་རྒྱུ་བ་འདི་ནི་རྗེ་འདིའི་ཐུགས་རྗེ་འབའ་ཞིག་ཡིན་ནོ། །དེ་ཡང་བདག་ཉིད་ཆེན་པོ་འདི་ནི་ཀུན་ལ་སྙིང་རྗེ་ཆེན་པོ་ཉེ་རིང་མེད་ཅིང་། ཉམ་ཐག་པའི་འགྲོ་བ་ལ་ཕན་པར་གཟིགས་ནས་རང་གི་སྲོག་ལ་བབ་ཀྱང་གཞན་དོན་ལ་བརྩོན་པའི་གོ་ཆ་ནམ་ཡང་མི་ལྷོད་པ་འདི་ནི་སྲས་བཅས་རྒྱལ་བ་ཀུན་གྱིས་མགྲིན་གཅིག་ཏུ་བསྔགས་པར་འོས་པའི་རྣམ་པར་ཐར་བ་རྨད་དུ་བྱུང་བ་སྟེ། བཅོམ་ལྡན་འདས་ཀྱི་མདོ་སྡེ་རྣམས་སུ། ཆོས་གཅིག་དང་ལྡན་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལག་པའི་མཐིལ་ན་འདུག་གོ །གཅིག་པོ་གང་ཞེ་ན། སྙིང་རྗེ་ཆེན་པོའོ། །ཞེས་སོགས་རྣམ་གྲངས་དུ་མར་བསྔགས་པར་མཛད་ཅིང་། དབུ་མ་འཇུག་པ་ལས་ཀྱང་། གང་ཕྱིར་བརྩེ་ཉིད་རྒྱལ་བའི་ལོ་ཏོག་ཕུན་ཚོགས་འདིས། །ས་བོན་དང་ནི་སྤེལ་ལ་ཆུ་འདྲ་ཡུན་རིང་དུ། །ལོངས་སྤྱོད་གནས་ལ་སྨིན་པ་ལྟ་བུར་འདོད་གྱུར་བ། །དེ་ཕྱིར་བདག་གིས་ཐོག་མར་སྙིང་རྗེ་བསྟོད་པར་བགྱི། །ཞེས་སྙིང་རྗེ་ཆེན་པོ་ནི་དང་བོར་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུ་དང་། བར་དུ་སངས་རྒྱས་པར་བྱེད་པའི་ཆུ་ལྟ་བུ་དང་། ཐ་མར་འབྲས་བུ་སྨིན་པ་དང་མཚུངས་པར་གསུངས་པའི་ཕྱིར་དང་། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། སྟག་མོར་ལུས་སྦྱིན་པ་ལ་སོགས་པའི་བྱ་དཀའ་བའི་སྤྱོད་པ་རླབས་པོ་ཆེ་ཇི་སྙེད་ཅིག་མཛད་པ་ཐམས་ཅད་ཀྱང་སྙིང་རྗེ་ཆེན་པོའི་མཐུ་ཡིན་ཞིང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཐུ་ཆེན་རྣམས་ཡང་དག་པའི་མཐའ་ལ་མི་བཞུགས་པར་འཕྲིན་ལས་རྒྱུན་མི་འཆད་དུ་འབྱུང་བ་ཡང་སྙིང་རྗེ་ཆེན་པོའི་མཐུ་ཡིན་པའི་ཕྱིར། བརྒྱ་ལྔ་བཅུ་བ་ལས། འགྲོ་བ་འདི་དག་ཐམས་ཅད་ནི། །ཁྱད་མེད་ཉོན་མོངས་རྣམས་ཀྱིས་བཅིངས། །ཁྱོད་ནི་འགྲོ་བའི་ཉོན་མོངས་དག །དགྲོལ་སླད་ཡུན་རིང་ཐུགས་རྗེས་བསྡམས། །དང་བོར་ཁྱོད་ལ་ཕྱག་བགྱི་འམ། །འོན་ཏེ་གང་གིས་འཁོར་བར་ཁྱོད། །སྐྱོན་མཁྱེན་ཡུན་རིང་དེ་ལྟ་བུར། །བཞུགས་མཛད་ཐུགས་རྗེ་ཆེ་ལ་བགྱི། །ཞེས་འབྱུང་བ་ལྟར་རོ། །དེ་ལྟར་ཉམ་ཐག་པའི་ལུས་ཅན་ཇི་ཙམ་སྡུག་བསྔལ་གྱིས་མནར་བ་དེ་ཙམ་དུ་སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་བའི་རྣམ་པར་ཐར་བ་འདི་ནི། མངོན་ཤེས་དང་རྫུ་འཕྲུལ་དང་ནུས་པ་ལ་སོགས་པའི་ཡོན་ཏན་གྱིས་ཡོངས་སུ་སྙེམས་པ་རྣམས་ཀྱིས་ཀྱང་ཆ་ཙམ་ཡང་བསྒྲུན་པར་མི་ནུས་ན། དེང་སང་གི་འདྲེན་པར་རློམས་པ་འདོད་པའི་ཡོན་ཏན་གྱིས་དབྱེན་བཅོས་པའི་ཟབ་མོའི་གདམས་པ་མང་བོ་ཚོང་ཟོང་ལྟར་བྲིམས་ནས་རྙེད་པ་ཚོལ་བ་འབའ་ཞིག་ལྷུར་ལེན་ཅིང་། གཞན་ལ་ཕན་པའི་ཐབས་རྨི་ལམ་དུ་ཡང་མི་སེམས་པ་རྣམས་ཀྱིས་ནི་ཇི་ལྟར་ཡང་བསྒྲུན་པར་ནུས་པ་མ་ཡིན་ནོ། །
ཟང་ཟིང་འདུ་བཀོད་མང་བོའི་ཡོ་ལང་གིས། །
སྲེད་ལྡན་ཡིད་ལ་སྲེད་པ་སྤེལ་བའི་གཏམ། །
རྣམ་ཐར་མཆོག་ཏུ་གསང་མཐོར་སྒྲོག་བྱེད་པའི། །
ཚུལ་འདི་ཨེ་རན་ཌ་བཞིན་སྙིང་བོས་དབེན། །
སྡུག་བསྔལ་བྱེ་བས་མནར་བའི་ལུས་ཅན་ལ། །
ཕན་པར་གཟིགས་ན་དམྱལ་བའི་མེ་ཚོགས་ཀྱང་། །
བདུད་རྩི་ལྟ་བུ་བསིལ་བའི་དངོས་པོ་རུ། །
ཡོངས་སུ་གཟིགས་པ་སྙིང་རྗེ་ཆེན་པོའི་འཕྲུལ། །
སྙིང་ལ་བརྩེ་བྲལ་རྔོན་པའི་ཚོགས་རྣམས་ཀྱིས། །
མགོན་སྐྱབས་མེད་པའི་རི་སྐྱེས་གཞོན་ནུ་རྣམས། །
ཤིན་ཏུ་འཕང་བའི་སྲོག་དང་འབྲལ་བ་ཡི། །
ཟུག་རྔུས་སྙིང་ལ་གནད་དུ་ཕོག་པ་བཞིན། །
བཟོད་མེད་བརྩེ་བས་བསྐྱོད་པའི་ཐབས་མཁས་ཀྱིས། །
ཉམ་ངའི་གནས་ལས་སྲོག་ཆགས་བྱེ་བ་ཕྲག །
འཇིགས་པ་མེད་པའི་དབྱངས་ཀྱིས་དབུགས་འབྱིན་པའི། །
ཐུགས་རྗེའི་དབང་གྱུར་དེ་ལ་སྐྱབས་སུ་མཆི། །
སྐབས་ཤིག་གདན་ས་ཆེན་པོ་སྐུ་འབུམ་གྱི་ཚོགས་ཆེན་ཁྲི་བ་ཟི་ན་རིན་པོ་ཆེས་ཞུས་པ་ལྟར། རྗེ་བཙུན་མའི་སྐོར་ཆ་ཚང་གནང་། རྗེ་བཙུན་མའི་བཅུ་ཆའི་སྦྱིན་སྲེག་བྱེད་ཚུལ་ལྗགས་བསྒྲིགས་མཛད། སྐབས་ཤིག་བིས་ཏིང་སྒར་ལ་དངོས་པོའི་གནང་སྦྱིན་མཛད་ནས་ལོ་རེ་བཞིན་བྱམས་པའི་སྟོང་མཆོད་འབུལ་བའི་རྒྱུན་བཙུགས། སྒོ་དམར་སྒར་བས་གདན་འདྲེན་ཞུས་པ་ལྟར་བྱོན། བསྙེན་རྫོགས་མང་དུ་བསྒྲུབས། འདོན་ཆོས་དུ་མ་སྩལ་ཏེ་བག་ཡོད་པའི་གནས་ལ་བཀོད། ཚུར་ལམ་ཡི་སྒར་དུ་བྱོན་ཉིད་ཀྱི་སྦྱིན་བདག་སྨན་བླ་ལ་ཞལ་བཀོད་གནང་ནས་དགོན་དེར་མ་ཎི་དུང་ཕྱུར་ལོངས་པའི་འཁོར་ལོ་ལྔ་ཅུ་ཙམ་བསྐོར། གྲྭ་བ་སུམ་བརྒྱ་ཙམ་ལ་བདེ་མཆོག་མངོན་དཀྱིལ་གྱི་ལུང་གནང་། དེ་ནས་དགེ་འཕེལ་དུ་བྱོན་ནས་འཚམས་ལ་བཞུགས། སྐབས་ཤིག་ལཱ་མོ་བདེ་ཆེན་གྱི་ཁྲི་ཟུར་ལྷ་རིས་ཚང་དང་ཨོ་བསོའི་ཨ་ལགས་འཕྲིན་ལས་རྒྱ་མཚོ་དང་རི་ཁྲོད་པ་འགའ་ཞིག་བཅས་ཀྱིས་ཞུས་ངོར། གྲུབ་ཆེན་དྲིལ་བུ་ཞབས་ལུགས་ཀྱི་འཁོར་ལོ་སྡོམ་པ་ལྷ་ལྔ་དང་། ལུས་དཀྱིལ་གྱི་དབང་དང་ཆོ་ག་རྣམས་ཀྱི་ལུང་གནང་། བསྙེན་པ་བྱེད་ཚུལ་གྱི་ཕྱག་ལེན་ཐམས་ཅད་ཞིབ་ཏུ་ཁྲིད་པར་མཛད། དགེ་འཕེལ་དང་ལེ་བོ་དགོན་གྱི་སྒྲུབ་བྱ་མང་བོ་ལ་རབ་བྱུང་བསྙེན་རྫོགས་བསྒྲུབས། སྐུ་ཞབས་བིས་པ་ཚང་གིས་ཞུས་ཏེ་དགེ་འདུན་པ་མང་བོ་ལ་བླ་མ་མཆོད་པ་སོགས་འདོན་ཆོས་དུ་མ་གནང་། དེ་ཡང་བཤེས་སྤྲིངས་ལས། འཇིག་རྟེན་མཁྱེན་པ་རྙེད་མ་རྙེད་དང་། །བདེ་དང་མི་བདེ་སྙན་དང་མི་སྙན་དང་། །བསྟོད་སྨད་ཅེས་བགྱི་འཇིག་རྟེན་ཆོས་བརྒྱད་པོ། །བདག་གི་ཡིད་ཡུལ་མིན་པར་འགོ་སྙོམས་མཛོད། །ཅེས་གསུངས་པ་ལྟར། རྗེ་འདིའི་ཆོས་བརྒྱད་ཀྱི་འཁྲི་བ་མཐའ་དག་བཅད་ནས་དབེན་པར་སྒྲུབ་པ་འབའ་ཞིག་ལྷུར་ལེན་པར་མཛད་པའི་དབང་གིས། སློབ་མ་མང་དུ་འདུས་ནས་རྙེད་བཀུར་སྙན་གྲགས་སོགས་སྒྲུབ་པ་ལ་གཏན་ནས་མི་དགྱེས་ཤིང་། ཁྱད་པར་གསང་སྔགས་ཀྱི་གདམས་པ་རྣམས་དམ་དོགས་ཤིན་ཏུ་ཆེ་བར་མཛད། དེའི་རྒྱུ་མཚན་ཡང་སྔགས་ཀྱི་སྣོད་དུ་རུང་བའི་གདུལ་བྱ་ཤིན་ཏུ་དཀོན་ཞིང་། སྣོད་མིན་ལ་གསང་བའི་ཆོས་བཤད་ན་སེངྒེའི་འོ་མ་ས་སྣོད་དུ་བླུགས་པ་ལྟར་ཕན་པ་ལས་གནོད་ཆེ་བར་གཟིགས་ནས།
རྩ་རྒྱུད་ལས། གསང་བའི་མཚན་ཉིད་མཁའ་འགྲོ་མའི། །སྔགས་ནི་བག་མེད་པས་འདོད་ན། །དེ་ལ་ང་ནི་འདི་ལྟ་སྟེ། །མཁའ་འགྲོ་སྟོང་ཕྲག་དུ་མ་ཡིས། །ངན་པའི་བདག་ཉིད་ཅན་དེ་ཟ། །དམ་ཚིག་འཇོམས་ཤིང་ངན་སྤྱོད་དེ། །བྲམ་ཟེས་གསོད་པར་ཐེ་ཚོམ་མེད། །སྡིག་སྤྱོད་མོངས་པའི་བདག་ཉིད་ཅན། །བསླུས་གྱུར་ངན་པའི་བདག་ཉིད་དེ། །མཁའ་འགྲོ་མ་ཡིས་ཟོས་གྱུར་ཀྱང་། །དེ་ལ་ང་ནི་སྐྱོབ་མི་བྱེད། །གསང་བ་བ་ཡི་ནང་ན་ནི། །སྒྲུབ་པོ་དེ་ནི་ཕྱུགས་དང་འདྲ། །ཞེས་དང་། ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་བསྒྲོག་པ་བདུན་པ་ཡིན། །ཞེས་སྣོད་མིན་ལ་གསང་བ་བསྒྲགས་ན་རྩ་ལྟུང་དུ་ཡང་གསུངས་པས། སྔགས་ཀྱི་གདམས་པ་ཞུ་བ་བྱུང་ན་ཕྲལ་དུ་མི་གནང་བར། རེ་ཞིག་ཐུན་མོང་གི་གདམས་པ་ཕོག་སྟེ་དེས་རྒྱུད་དག་པར་གྱུར་ནས་དབང་གི་སྣོད་རུང་དུ་བྱས་ན། ཟབ་མོའི་གདམས་པ་རྣམས་འབོག་པར་མཛད་པའི་རིམ་པ་དེ་ལྟ་བུས་གདུལ་བྱ་བཀྲི་བའི་ཐབས་ལ་མཁས་པ་ཡིན་ནོ། །
སྣ་ཚོགས་ཤིང་རྟའི་སྣ་ཚོགས་འོད་ཀྱིས་འཇིག་རྟེན་ཀུན་ཏུ་སྣང་བྱེད་ལྟར། །
སྣ་ཚོགས་ཐབས་ཀྱིས་སྣ་ཚོགས་འགྲོ་བའི་རེ་བ་ཡོངས་སུ་རྫོགས་བྱེད་ཅིང་། །
རྒྱ་ཆེན་ཁུར་གྱིས་རྒྱ་མཚོའི་གོས་ཅན་ནམ་ཡང་ངལ་བར་མི་འགྱུར་བཞིན། །
རྒྱལ་སྲས་རྒྱ་མཚོའི་རྒྱལ་སྲས་སྤྱོད་པའི་ཁུར་ཆེན་མ་ལུས་བདག་གིར་བཞེས། །
མི་མཐུན་གྲང་བའི་རེག་པ་མཐར་བྱེད་པ། །
ལྷག་བསམ་དཔྱིད་ཀྱི་དཔལ་མོ་ལས་འོང་བའི། །
ལེགས་བཤད་ཀུ་མུད་རྒྱས་པའི་དུས་སྟོན་གྱིས། །
སྐལ་བཟང་སྙིང་ལ་སིམ་པ་ཅི་ཡང་འཕེལ། །
མི་མཁས་མཁས་པར་རློམ་པར་མ་ཡིན་ཞིང་། །
མ་གྲུབ་གྲུབ་པའི་རྫུ་ལ་བརྟེན་མིན་པར། །
ལེགས་བཤད་བཤད་པའི་འགྲོ་བའི་རེ་སྐོང་ཁྱོད། །
མ་ལུས་ལུས་ཅན་ཀུན་གྱི་སྐྱབས་སུ་འོས། །
སྐབས་འདིར་ཁོ་བོ་ཅག་སྔོན་ནས་རྗེ་འདིའི་གྲགས་པ་རྨད་དུ་བྱུང་བ་ཡང་ཡང་རྣ་བར་ཟོན་པས་མོས་པ་ཁྱད་པར་ཅན་ཡོད་གནས་ཀྱིས་བསྐལ་བས་རེ་ཞིག་ཞལ་འཇལ་བ་མ་བྱུང་། ས་ལུག་ལོར་ཆུ་དང་ལམ་འཕྲང་སོགས་བགྲོད་པར་དཀའ་བའི་ངལ་བ་ལ་མ་ལྟོས་པར་དགེ་འཕེལ་དུ་ཕྱིན། ཞབས་རྡུལ་སྤྱི་བོས་བསྟེན་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར། ཟབ་རྒྱས་ཀྱི་གདམས་པ་དུ་མ་དགྱེས་བཞིན་སྩལ་བས་ཡིད་ཀྱི་རེ་བ་ཡོངས་སུ་རྫོགས་པར་མཛད་པའི་བཀའ་དྲིན་ནི་བྱང་ཆུབ་ཀྱི་བར་དུ་ཡང་ཞལ་བར་དཀའ་བའི་རང་བཞིན་ནོ། །བིས་མདོ་ཕྱོགས་ཀྱི་རི་ཁྲིད་པ་ཞིག་དང་དགེ་འཕེལ་གྱི་དགེ་འདུན་པ་དུ་མ་དང་། སྔགས་པ་གཅིག་སོགས་ལ་མ་ཅིག་ཁྲོས་མ་ནག་མོའི་དབང་དང་། ནམ་མཁའ་སྒོ་འབྱེད་ཀྱི་དབང་གནང་། བིས་མདོ་དགོན་གྱི་ལྷ་ཞིས་སྤྲུལ་བའི་སྐུ་དང་རྡོ་བིས་ལུ་ཀྱཱ་ཞབས་དྲུང་སོགས་ལ་རྡོ་རྗེ་རྣལ་འབྱོར་མའི་སིནྡྷུ་རའི་བྱིན་རླབས་མཛད། བིས་ཏིང་གི་འཇལ་བ་མང་བོར་ཕྱག་དབང་དང་བསྙེན་གནས་ཀྱི་སྡོམ་པ་འབོག་པ་དང་། གདུགས་དཀར་སྒྲོལ་མ་སོགས་ཀྱི་ལུང་གནང་སྟེ་ཡིད་ཚིམ་པར་མཛད། རབ་བྱམས་པ་བློ་བཟང་དཔལ་ལྡན་གྱིས་ཞུས་ནས་མང་བོ་ལ་ཐར་མདོའི་ལུང་གནང་། དམག་གསར་སྐུ་སྐྱེས་ཀྱིས་ཞུས་ནས་བསྙེན་ཆེན་སྐོར་གྱི་ཁྲིད་གནང་། ལུག་གི་ལོར་བཅད་རྒྱའི་སྐབས་ཤིག་མནལ་དང་འོད་གསལ་འདྲེས་པའི་སྣང་བ་ལ་སྐུ་ཞབས་རྡོ་རྗེ་འཆང་ཆེན་པོ་རྡོར་དྲིལ་བསྣམས་ནས་ཁྲི་མཐོན་པོ་ཞིག་ལ་བཞུགས། སྐྱེས་པ་གཞོན་ནུ་ལང་ཚོ་དར་ལ་བབ་པ་མང་བོ་དང་། བུད་མེད་གཞོན་ནུ་མ་མང་བོ་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་ཉིད་ཀྱི་མདུན་ན་གྲར་བསྒྲིགས་ནས་གར་སྟབས་ཤིག་ཤིག་བྱེད་པ། སླར་ཡང་ནམ་མཁར་འཕགས་ནས་ཡུན་རིང་གླུ་སྣ་ཚོགས་བྱས་པའི་སྣང་བ་ཤར་གསུངས།
སྤྲེལ་གྱི་ལོར་སྒོ་དམར་ནས་གདན་འདྲེན་བྱས་པ་ལྟར་བྱོན། ཉིད་ཀྱིས་ཞལ་བཀོད་མཛད་དེ་སྒོ་དམར་རི་དགོན་ཐམས་ཅད་ཀྱི་རིམ་གྲོར་ས་སྐྱའི་དྲག་འབར་རྒྱས་པ་བསྔོས། དེ་ནས་རོང་བོའི་ཁྲི་ཟུར་སྐུ་ཞབས་བིས་པ་རིན་པོ་ཆེས་གདན་དྲངས་ཏེ་རོང་བོའི་དགོན་ཆེན་དུ་ཕེབས། ལུགས་གཉིས་ཀྱིས་མངོན་པར་མཐོ་བ་སྐུ་ཞབས་རོང་བོ་ཚང་དང་། སྐུ་ཞབས་འཇིགས་མེད་ཚང་། སྐུ་ཞབས་བིས་པ་ཚང་། རོང་བོ་དགོན་ཚང་། ཆུ་དམར་ཚང་། སྒོ་དམར་ཚང་། སྒྱོ་ཚོང་ཚང་། ཐུའུ་མོ་ཚང་། སོགས་མཆོག་སྤྲུལ་དུ་མ་དང་། མདོ་སྔགས་རབ་འབྱམས་སྨྲ་བ་མང་བོ་དང་། དགེ་འདུན་པ་མང་བོ་དད་པས་འདུས་པ་ལ་ཚེ་མདོའི་ལུང་དང་བླ་མ་མཆོད་པ། རྟེན་འབྲེལ་བསྟོད་པ། འདུལ་བ་རྒྱ་མཚོའི་སྙིང་བོ་སོགས་འདོན་ཆོས་མང་དུ་སྩལཏེ་རེ་བ་ཡོངས་སུ་བསྐངས། དོན་གཉེར་ཅན་དུ་མ་ལ་རྡོ་རྗེ་རྣལ་འབྱོར་མའི་དབང་དང་བདེ་མཆོག་བསྙེན་ཡིག་སོགས་དང་། རྗེ་ཉིད་ཀྱིས་མཛད་པའི་རྗེ་བཙུན་མའི་སྦྱིན་སྲེག་སོགས་ཟབ་རྒྱས་མང་དུ་སྩལ། འཇམ་དབྱངས་ཀུན་གཟིགས་དང་ཆོས་པ་རིན་པོ་ཆེའི་སྐུ་གདུང་སོགས་ཀྱི་མདུན་དུ་མཆོད་པ་རྒྱ་ཆེན་པོ་ཕུལ་ཏེ་བསྟན་པ་རྒྱས་པའི་སྨོན་ལམ་མཛད། སྐབས་དེར་རོང་བོ་དགོན་དུ་གདན་འདྲེན་པའི་ཞུ་བ་ཕུལ་ཡང་ཐུགས་བྲེལ་གྱིས་འབྱོན་མ་ནུས་པར་དགེ་འདུན་པ་རྣམས་ལ་མང་ཇའི་ཐེབས་སོགས་གནང་། སྔགས་མང་དབུ་མཛད་སྐལ་བཟང་གིས་གདན་འདྲེན་ཞུས། ལྷ་ཁང་སྡེ་བའི་སྐྱེས་ཕོ་མོ་རྣམས་ལ་མ་ཎི་དམིགས་བརྩེ་མ་སྒྲོལ་དཀར་སོགས་ཀྱི་ལུང་དང་། བསྙེན་གནས་ཀྱི་སྡོམ་པ་ཕོགས་ཏེ་ལོ་རེ་བཞིན་སྙུང་གནས་ཆགས་མེད་དུ་འཛུགས་པའི་སྲོལ་གཏོད། དེ་ནས་ཡི་སྒར་དུ་ཕེབས། དགེ་འདུན་པ་རྣམས་ཀྱིས་བསུ་བ་བྱས་ནས་སྤྱི་ཁང་དུ་ཕེབས། ལུང་མང་བོ་གནང་། དངོས་པོ་གནང་སྦྱིན་དང་བཅས་པའི་བྱམས་པའི་སྟོང་མཆོད་བཙུགས། ལམ་བར་དུ་སེར་རྒྱ་དང་ཁ་སོ་སོགས་ཀྱི་སྐྱེས་ཕོ་མོ་མང་བོ་ཞལ་འཇལ་དུ་འོང་བ་རྣམས་ལ་མ་ཎི་དམིགས་བརྩེ་མ་སོགས་ཀྱི་ལུང་གནང་ནས་ཡིད་ཚིམ་པར་མཛད། དེ་ནས་རིམ་བཞིན་བིས་ཐང་དགོན་དུ་ཕེབས། སྐབས་ཤིག་ལུང་རྟོགས་བསྟན་པའི་མངའ་བདག་བིས་མདོའི་ཁྲི་ཟུར་དཔལ་ལྡན་ཚང་ལ་ནཱ་རོ་མཁའ་སྤྱོད་མའི་དབང་དང་སྒྲོལ་མའི་རྗེས་གནང་ལས་ཚོགས་དང་བཅས་པའི་ལུང་སོགས་དགྱེས་བཞིན་སྩལ། སྐབས་ཤིག་བིས་ཐང་གི་མཆོད་རྟེན་ཉམས་གསོ་བྱེད་ཚེ། ཁོང་ནས་ཨ་རྒའི་ཆོ་ག་དང་རབ་གནས་གནང་བའི་སྐབས་སུ་མཆོད་རྟེན་གྱི་སྟེང་དུ་གདུགས་ཕུབ་པ་བཞིན་འཇའ་ཚོན་གྱི་གུར་ཁྱིམ་དང་དེ་ལས་འཇའ་འོད་ཀྱི་དྲ་བ་ཕྱོགས་མཚམས་རྣམས་སུ་འཕྲོས་པ་སོགས་ཤིན་ཏུ་ངོ་མཚར་བའི་ལྟས་མང་བོ་ཀུན་གྱི་མིག་གིས་མངོན་སུམ་མཐོང་བས་ཐམས་ཅད་ཀྱི་རྒྱུད་ལ་དད་གུས་ཤུགས་དྲག་འཕེལ་ཞིང་། བྱ་དང་རི་དྭགས་སོགས་མི་གསོད་པའི་དམ་བཅའ་ཡང་ཕུལ་བས་ཐུགས་ཤིན་ཏུ་དགྱེས་པར་མཛད། དེ་ནས་དགེ་འཕེལ་དུ་བྱོན་ནས་ཐུགས་དམ་ཟབ་མོས་དུས་འདའ་བར་མཛད་དེ་བསྟན་པ་དང་འགྲོ་བའི་ཕན་བདེའི་རྩ་ལག་དམ་པ་ཞབས་པད་རྡོ་རྗེའི་རང་བཞིན་དུ་འཚོ་ཞིང་གཞེས་པ་འདིའོ། །
དེ་ཡང་བླ་མ་དམ་པ་འདི་ཉིད་ཀྱི་ཐུགས་དམ་གྱི་རིམ་པ་སྤྲོས་བཅས་སྤྲོས་མེད་ཀྱི་ཉམས་བཞེས་ཤིན་ཏུ་མང་བོ་ཞིག་མཆིས་པ་རྣམས་སྦས་བའི་ཚུལ་འབའ་ཞིག་མཛད་པས་ཇི་བཞིན་རྟོགས་པར་དཀའ་ནའང་། ཉིད་ཀྱི་ཞབས་དྲུང་དུ་རྒྱུན་དུ་འཁོད་པའི་ཉེ་གནས་ཀྱིས་ཡང་ཡང་གསོལ་བ་བཏབ་པས་རགས་རིམ་ཞིག་གསུངས་པ་ནི། མཚན་མོ་ཆ་དྲུག་ཏུ་བྱས་པའི་གཅིག་ལས་མི་གཟིམས་པར་ལྡང་བའི་རྣལ་འབྱོར་གྱིས་བཞེངས་ཏེ། སྐྱབས་འགྲོ་གང་མང་དང་དེ་ནས་ཁྲུས་མཛད་དེ་བརྒྱ་རྩ་བསྔོ་བ། བླ་མཆོད་དང་འབྲེལ་བའི་མཆོད་པ་ཕུལ་ནས་སེམས་བསྐྱེད་ཆོ་གས་འཛིན་པར་མཛད། འཁོར་ལོ་སྡོམ་པ་དང་རྗེ་བཙུན་རྣལ་འབྱོར་མའི་རིམ་གཉིས་ཀྱི་རྣལ་འབྱོར་ལ་ཡུན་རིང་བོ་ཐུན་བསྲིངས་ནས་བསྒོམས་པའི་ཐུན་གྲོལ་མཚམས་རྗེ་བཙུན་མའི་མཆོད་པ་མདོར་བསྡུས་ཕུལ། དེ་ནས་ཚབ་བཞེས་འཕྲལ་བདེ་མཆོག་རྩ་རྒྱུད་དང་གཞན་ཞལ་འདོན་གྱི་རིམ་པ་འགའ་ཞིག་གསུངས། དེ་རྗེས་ལམ་རིམ་ཆེ་ཆུང་དང་བློ་སྦྱོང་སོགས་དཔེ་གཟིགས་མཛད། དེ་ནས་བདེ་མཆོག་དང་འབྲེལ་བའི་བླ་མའི་རྣལ་འབྱོར་སྙན་བརྒྱུད་མ་དང་། མགོན་པོ་སྙིང་ཞུགས་ཀྱི་གདམས་པ་ལ་ཉམས་བཞེས་མཛད། དེ་ནས་སཙྪཱ་དང་སྐུ་འདྲ་ཅི་མང་བཞེངས། ཉིན་གུང་མ་ལོན་ཙམ་དེར་ཕུད་མཆོད་བཞེངས་ནས་རྟེན་འབྲེལ་བསྟོད་པ་དང་། དཀོན་མཆོག་རྗེས་དྲན་སོགས་དང་ལག་མཆོད་གསུངས་ནས་ནང་གི་སྦྱིན་སྲེག་གི་ཚུལ་དུ་ཟས་ཀྱི་བྱ་བ་མཛད། གུང་ཚིགས་ཟིན་ནས་ལྷག་མགྲོན་ལ་ཆང་བུ་བསྔོ་བ་དང་བསྔོ་བ་དང་ཡོན་སྦྱོངས་སོགས་གསུངས་ནས་ཡི་དམ་གྱི་སྒོམ་བཟླས་ཡུན་རིང་བོའི་བར་མཛད། དེ་ནས་སྐོར་རྟེན་ལ་སྐུ་གཟུགས་དང་གླེགས་བམ་སོགས་བཞག་སྟེ་སྐོར་བ་མང་དུ་མཛད། འཇིགས་བྱེད་གསུངས་ནས་མགོན་ཆོས་སོགས་ཆོས་སྐྱོང་རྣམས་ཀྱི་གཏོར་བསྔོས་དང་མྱུར་མཛད་མ་ཅི་མང་གསུངས། དེ་ནས་ར་སྟོད་བླ་མ་རིན་པོ་ཆེས་མཛད་པའི་ས་བཅད་ཀྱི་སྟེང་ནས་བྱང་ཆུབ་ལམ་གྱི་རིམ་པའི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ཤར་སྒོམ་མཛད། དེ་ནས་ལྟུང་བཤགས་ཚར་གསུམ་དང་བཟང་སྤྱོད་བདེ་སྨོན་སོགས་སྨོན་ལམ་དུ་མ་གསུངས། སླར་ཡང་རྗེ་བཙུན་མའི་སྒོམ་བཟླས་ཡུན་རིང་མཛད་ཅིང་། ནམ་སྟོད་ལ་ལུས་སྦྱིན་རྒྱས་པ་དང་གཏོང་ལེན་གྱི་དམིགས་པ་ཅི་མང་དང་། མཚན་མོ་ཕལ་ཆེར་རྫོགས་རིམ་གྱི་ཉམས་བཞེས་གནང་། ཉིན་མཚན་དུས་དྲུག་ཏུ་ཐུན་དྲུག་གི་རྣལ་འབྱོར་ཆགས་མེད་མཛད། འདི་དག་ནི་ཉིན་ཞག་ཕྲུག་གཅིག་གི་ཐུགས་དམ་ཆགས་མེད་ཀྱི་རིམ་པ་ཡིན་ལ།
ཡར་མར་ཚེས་བཅུ་ལ་ཚེས་བཅུའི་མཆོད་པ་དང་ཚོགས་འཁོར་དང་སྦྱིན་སྲེག་བདག་འཇུག་རྣམས་ཀྱང་ཆགས་མེད་མཛད། སྤྲོས་བཅས་ཀྱི་ཞལ་འདོན་འགའ་ཞིག་མ་གཏོགས་སྒྲ་བཅས་སུ་མི་མཛད་ཅིང་། ཡི་དམ་གྱི་ལྗགས་བསྙེན་གནང་བའི་གྲངས་ཀྱང་གསལ་བར་མི་གསུངས་པས་ཞིབ་ཏུ་མ་ངེས་ཀྱང་། སྐུ་ཞབས་རྡོ་རྗེ་འཆང་དང་ལྷན་གཅིག་གསེར་དགོན་དུ་བཞུགས་སྐབས་ནས། ཨོཾ་གསུམ་མ་དུང་ཕྱུར་སོང་ཡོད་གསུངས་པ་ལ་དཔག་ན། བཟླས་པའི་གྲངས་ཁོ་ན་ཡང་མཐའ་ཡས་པ་ཞིག་སོང་བར་མངོན་ནོ། །ཞལ་ནས། ངེད་ལ་རྟོགས་པའི་ཡོན་ཏན་དུ་རློམ་པ་གང་ཡང་མེད། འོན་ཀྱང་བླ་མའི་བཀའ་དྲིན་གྱིས་ངན་འགྲོར་མི་ལྟུང་བའི་གདེངས་ཙམ་ཡོད་གསུངས་ཏེ། གསུང་འདི་འཕྲལ་སྣང་ལ་ཁེངས་སྐྱུངས་པ་ལྟ་བུར་སྣང་ཡང་། གསུང་རབ་ཀྱི་གནད་ཤེས་པ་ཞིག་གིས་བརྟག་ན་རྟོགས་པ་མཐོན་པོར་སླེབས་པའི་གསུང་དུ་སྣང་སྟེ། མཛོད་ལས། བཟོད་ཐོབ་ངན་འགྲོར་མི་འགྲོའོ། །ཞེས་སྦྱོར་ལམ་བཟོད་པ་ཐོབ་ནས་ངན་འགྲོར་མི་འགྲོ་བར་གསུངས་པ་ནི་ས་བོན་གཉེན་པོས་བཅོམ་པ་མིན་གྱི། རྐྱེན་མ་ཚང་བས་ཡིན་ལ། ངན་འགྲོར་འཁྲིད་པའི་ས་བོན་གཉེན་པོས་བཅོམ་པ་ནི་མཐོང་ལམ་ནས་ཡིན་ཏེ། འཇུག་པ་ལས། དེ་ཚེ་དེ་ཡི་ངན་འགྲོའི་ལམ་རྣམས་མཐའ་དག་འགག་པར་འགྱུར། །དེ་ཚེ་དེ་ཡི་སོ་སོའི་སྐྱེ་བོའི་ས་རྣམས་ཐམས་ཅད་ཟད། །ཅེས་དང་། ཀུན་བཏུས་ལས་ཀྱང་། ངན་འགྲོའི་ཕུང་ཁམས་སོགས་མཐོང་སྤང་དུ་བཤད་པའི་ཕྱིར་རོ། །རིགས་པ་འདིའི་ཐུན་མོང་མི་ཡིན་པ་ལྟར་ན། ཟུང་འཇུག་གི་ཡ་གྱལ་དོན་གྱི་འོད་གསལ་མངོན་དུ་གྱུར་བར་བསྒྲུབ་ནུས་པ་ཡིན་པས། གསུང་འདི་ལ་དཔྱད་ན་གོ་རྒྱུ་ཆེན་པོ་ཞིག་སྣང་ངོ་། །རྡོ་རྗེ་འཆང་ཆེན་པོའི་རྣམ་ཐར་དུ། ཐུགས་དམ་གྱི་ཚེ་དང་གཟིམས་ཀྱི་སྐབས་རྣམས་སུ་རྫོགས་རིམ་གྱི་རྟོགས་པ་ཁྱད་པར་ཅན་བརྙེས་པའི་ལག་རྗེས་དུ་མ་ཡོད་པར་གསུངས་པ་ཐམས་ཅད་རྗེ་འདི་ལ་ཡང་མངའ་བ་ཡིན་ལ། མདོར་ན་བསྟོད་པ་བརྒྱ་ལྔ་བཅུ་བ་ལས། ཁྱོད་ཀྱི་ཡོན་ཏན་རྒྱུ་རྣམས་ལ། །མངོན་དགྱེས་འབྲས་བུ་རྣམས་ལ་མིན། །སྒྲུབ་པ་བཟང་བོ་འདི་ཉིད་ཀྱིས། །ཁྱོད་ཀྱི་ཡོན་ཏན་ཕུན་སུམ་ཚོགས། །ཅེས་གསུངས་པ་ལྟར། གོང་དུ་སྨོས་པ་བཞིན་དུ་ཐུན་མོང་མིན་པ་ལམ་གྱི་རྒྱུ་ཚོགས་ཡོངས་སུ་རྫོགས་པ་མ་ཚང་བ་མེད་པར་བསྒྲུབས་པས། འབྲས་བུ་མངོན་པར་རྟོགས་པའི་ཡོན་ཏན་རྒྱ་མཚོ་ལྟ་བུ་ལ་དབང་འབྱོར་བས། གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པའི་རྣམ་པར་ཐར་བ་རྨད་དུ་བྱུང་བའོ། །
རྣམ་དག་ཁྲིམས་ཀྱི་ཉི་མ་འོད་པོ་ཆེས། །
ཉེས་སྤྱོད་མུན་པའི་ཚོགས་རྣམས་རྒྱང་བསྲིངས་ནས། །
ཤིན་སྦྱངས་གེ་སར་རྡུལ་མང་འཛག་པ་ཡི། །
ཏིང་འཛིན་པདྨོ་བརྒྱ་ཕྲག་ཅིག་ཅར་འཛུམ། །
ཡན་ལག་བཞི་བའི་གཡུལ་ངོ་མ་བཤམས་ཤིང་། །
སྲ་ཞིང་རྣོ་བའི་གོ་མཚོན་མི་ལྡན་ཡང་། །
ཤེས་རབ་ཟབ་མོའི་རིགས་སྔགས་འབའ་ཞིག་གིས། །
མཐར་འཛིན་རྨོངས་པའི་དགྲ་སྡེ་རྨག་མེད་བཅོམས། །
རླབས་ཆེན་སྤྱོད་པ་རྒྱ་མཚོར་འཇུག་པའི་གཞི། །
རྨད་བྱུང་བྱང་ཆུབ་སེམས་ཀྱི་གྲུ་བོ་ཆེ། །
བྱམས་དང་སྙིང་རྗེའི་བ་དན་གཡོ་བ་ཅན། །
རྒྱལ་སྲས་དེད་དཔོན་ཁྱོད་ཀྱི་བདག་གིར་བཞེས། །
རྒྱལ་སྲས་གདེང་ཅན་བྱེ་བས་ཉེར་བསྟེན་ཅིང་། །
དཔག་ཡས་ཡོན་ཏན་རིན་ཆེན་འབྱུང་བའི་གནས། །
ཕྱིན་དྲུག་སྤྱོད་པ་རྒྱ་མཚོའི་འཇིང་བརྒལ་ཏེ། །
དོན་གཉིས་ནོར་བུའི་གླིང་དུ་བདེ་བར་ཕྱིན། །
རིང་ནས་འདྲིས་པའི་མཚན་དཔེའི་ཟླ་རིས་ནི། །
ཟབ་མོའི་ལམ་གྱིས་བྱི་དོར་བགྱིས་པ་ལས། །
སྣོད་བཅུད་དག་པ་ལྷ་ཡི་འཁོར་ལོ་རུ། །
སྒྱུ་མའི་སྤྲུལ་བའི་ལོ་ལང་བཞིན་དུ་གཟིགས། །
གཟུང་འཛིན་རླུང་གི་རྒྱུ་བ་སྦྱིན་མའི་བུ། །
གཉིས་སྤང་ལམ་དུ་བཞུས་ཤིང་ཐིམ་པ་ལས། །
བརྟན་གཡོའི་ཆོས་ཀྱི་རང་བཞིན་ཟླ་བའི་མ། །
མ་ལུས་བདེ་ཆེན་འབར་བའི་ཞལ་དུ་དྲངས། །
གྲངས་མེད་བསྐལ་བར་བགྲོད་པའི་ས་དང་ལམ། །
དཔག་ཡས་ཆུ་གཏེར་བཞི་ཡི་སྐ་རགས་ཅན། །
ཐབས་མཁས་གོམ་པ་གང་གིས་རབ་གཞལ་ནས། །
ཟུང་འཇུག་རྣམ་པར་རྒྱལ་བའི་ཁྲི་ལ་འགྱིང་། །
འཕྲོག་བྱེད་རལ་བ་གསིག་པའི་གད་རྒྱངས་སྒྲས། །
སྡེ་དང་བཅས་པའི་རི་དྭགས་ཟིལ་གྱིས་གནོན། །
སྒྲིབ་གཉིས་གཡུལ་ལས་རྒྱལ་བའི་ངོ་མཚར་འདིས། །
གྲུབ་རིགས་ཕལ་གྱི་སྙེམས་པ་འཕྲོགས་མིན་ནམ། །
སྙན་ཚིག་བེཊྱར་རྒྱུད་མངས་ལས་དྲངས་ཏེ། །
རྟོགས་བརྗོད་དབྱངས་སུ་ལེན་ནོ་སྒྲ་མཁན་དག །
དད་པས་མངོན་པར་རྒྱས་པའི་འདྲེན་བྱེད་ཀྱང་། །
གང་གི་ཐུགས་རྗེའི་དྲིན་ལ་གཏོད་པར་བྱེད། །
གོང་དུ་བཤད་པ་དེ་དག་གི་དོན་བསྡུ་ན། དང་བོར་ལམ་གྱི་རྩ་བ་བཤེས་གཉེན་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ནས་ཐོས་པ་རྒྱ་ཆེན་པོ་མཛད་ཅིང་། ཐོས་པའི་དོན་རྣམས་བྱང་ཆུབ་ལམ་གྱི་རིམ་པའི་སྒོ་ནས་ཉམས་ལེན་གྱི་རིམ་པར་བསྒྲིགས་ཏེ། དབེན་པའི་རི་ཁྲོད་རྣམས་སུ་དཀའ་ཐུབ་དུ་མས་སྒྲུབ་པ་ལྷུར་མཛད་པས། ཡང་དག་པའི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་རྒྱུད་ལ་འཁྲུངས་པ་ན། རྡོ་རྗེ་ཐེག་པའི་ལམ་སྤྲེལ་ནས་ཉམས་ལེན་མཛད་པས། རིམ་གཉིས་ཀྱི་རྟོགས་པ་ཁྱད་པར་ཅན་མཐའ་ཡས་པ་མངོན་དུ་གྱུར་ཏེ། སྐལ་བ་དང་ལྡན་པའི་སྐྱེ་བོ་མང་བོ་ལ་རང་རང་གི་སྐལ་བ་དང་འཚམས་པའི་ཆོས་ཀྱི་འཁོར་ལོ་བསྐོར་ནས་སྨིན་གྲོལ་གྱི་ལམ་ལ་བཀོད་པར་མཛད་པའི་སྒོ་ནས་རང་གཞན་གྱི་དོན་རྒྱ་ཆེན་པོ་སྒྲུབ་པར་མཛད་པ་ནི་རྣམ་པར་ཐར་བའི་སྙིང་བོ་བསྡུས་པ་ཡིན་ནོ། །
ཁྱབ་བདག་ཧེ་རུ་ཀའི་ངོ་བོ་རྗེ་བཙུན་བློ་བཟང་རྒྱ་མཚོ་དཔལ་བཟང་བོའི་དགུང་ལོ་དོན་བདུན་ཡན་གྱི་ངོ་མཚར་བའི་རྣམ་པར་ཐར་བ་མདོ་ཙམ་བརྗོད་ཟིན་པའོ། །
སླར་ཡང་སྨྲས་པ།
རྡུལ་བྲལ་མཁའ་ལ་ཆུ་འཛིན་གསར་བའི་ཚོགས། །
གཏིང་ཟབ་རྒྱ་མཚོའི་འཇིང་ལས་རིན་ཆེན་བཞིན། །
རྟོག་པ་མེད་པར་འགྲོ་བའི་མོས་པ་དང་། །
མཚམས་པར་འཇུག་པའི་སྒྱུ་འཕྲུལ་མཆོག་འདི་རྨད། །
རབ་འབྱམས་ཞིང་གི་རྒྱལ་བ་རྒྱ་མཚོ་ཡིས། །
དམུ་རྒོད་གདུལ་དཀའི་ལུས་ཅན་འདི་དག་རྣམས། །
རྒྱལ་སྲས་གཞན་གྱིས་འདུལ་བར་མི་ནུས་ཅེས། །
མཐུ་ཆེན་ཁྱོད་ནི་སྙིགས་མའི་མགོན་དུ་བསྔགས། །
དེ་ཚེ་སེམས་དཔའ་སྟོང་གི་བྱ་བའི་ཁུར། །
འདེགས་བཟོད་སྙིང་སྟོབས་དཔུང་བ་བརྟན་པོ་ཡིས། །
བཤད་སྒྲུབ་རྣམ་པར་རྒྱལ་བའི་རུ་མཚོན་ནི། །
སྙིགས་མའི་རླུང་གིས་འགྱེལ་བ་མེད་པར་བསྒྲེངས། །
དེང་དུས་ཐོས་དང་བསམ་པའི་ཁུར་འཛིན་རྣམས། །
ཟབ་རྒྱས་གདམས་པའི་སྙིང་བོ་ཡིན་བཞིན་ནོར། །
གསུང་རབ་རྒྱ་མཚོའི་འཇིང་ལས་མ་རྙེད་པར། །
ཚིག་འཁྲིའི་ཝུ་བ་ཙམ་ལ་སྙིང་བོར་རེ། །
བླང་དོར་འབྱེད་པའི་བློ་མིག་ལྡོངས་བཞིན་དུ། །
ཐུབ་བསྟན་འཛིན་པར་རློམ་པ་ཕལ་མོ་ཆེ། །
ཆགས་སྡང་འདབ་ཟུང་བསྐྱོད་པའི་ཟློས་གར་གྱིས། །
ཕྱོགས་ལྷུང་མུན་པའི་ལམ་དུ་གྱི་ནར་འཁྱམས། །
མགོན་ཁྱོད་ཟབ་དོན་ཡིད་བཞིན་དབང་གི་རྒྱལ། །
ཐོས་དང་བསམ་པས་བྱི་དོར་ལེགས་བགྱིས་ནས། །
རྩེ་གཅིག་སྒྲུབ་པའི་རྒྱལ་མཚན་རྩེར་བཀོད་པས། །
དངོས་གྲུབ་འདོད་པ་འཇོ་བའི་གྲུ་ཆར་གྱིས། །
ཟག་མེད་ཆོས་ཀྱི་ལོངས་སྤྱོད་རབ་རྒྱས་ཤིང་། །
ཕན་བདེའི་སྣང་བ་འབར་བའི་གཟི་བྱིན་གྱིས། །
དུས་ཀྱི་སྨག་རུམ་མ་ལུས་རིང་དུ་བསྐྲད། །
མཁའ་སྤྱོད་ཞིང་གི་རྡོ་རྗེ་བཙུན་མོ་ཡིས། །
བྱང་ཆུབ་ཡན་ལག་ནུ་འབུར་གཡོ་བ་ལས། །
ཡེ་ཤེས་འོ་མའི་རྒྱུན་གྱིས་རྟག་བསྐྱངས་པས། །
མངོན་པར་རྟོགས་པའི་ལང་ཚོ་ཆེ་ཆེར་འབར། །
དེ་ཕྱིར་དུས་ཀྱི་མཐའ་དང་མི་འཚམས་པའི། །
གྲུབ་པའི་གྲགས་སྙན་རྔ་གསང་སྟོང་གི་སྒྲ། །
སྲིད་པ་གསུམ་གྱི་ཁོངས་ལས་རབ་བརྒལ་ཏེ། །
མ་ལུས་རྒྱལ་བ་དགྱེས་པའི་རོལ་མོར་གྱུར། །
དེ་ལྟར་མཁས་བཙུན་བཟང་བོའི་གྲགས་སྙན་གྱིས། །
ཕྱོགས་ཀྱི་དཔལ་མོའི་རྣ་ལུང་མཛེས་བྱེད་པ། །
རྡོ་རྗེ་འཆང་དབང་མི་ཡི་ཟློས་གར་མཁན། །
དེ་ཡི་མཛད་པའིམཐའ་ནི་སུ་ཡིས་དཔོག །
འོན་ཀྱང་རང་གཞན་དད་པ་སྤེལ་བ་དང་། །
ཐམས་ཅད་མཁྱེན་པའི་འཇུག་ངོགས་མཚོན་པའི་ཕྱིར། །
ཡོན་ཏན་ཆུ་གཏེར་ཆེ་ལས་བུམ་གང་ཙམ། །
རྣམ་དཔྱོད་ཕྱུར་བུའི་བགོ་སྐལ་ཉིད་དུ་བླངས། །
དོན་གྱི་ལང་ཚོ་དར་བའི་ལུས་བཟང་བོ། །
སྙན་འགྱུར་མཛེས་པར་བྱེད་པའི་རྒྱན་མང་བོས། །
སྦུད་པའི་ལེགས་བཤད་དཔལ་མོ་མིག་ཡངས་མ། །
དཔྱོད་ལྡན་སྙིང་ལ་དགའ་བ་བསྐྱེད་ཕྱིར་རྒྱུ། །
གང་གི་ཞབས་པད་གཙུག་ཏུ་ལེགས་བསྟེན་ན། །
དངོས་གྲུབ་མ་ལུས་ཚེ་འདིར་སྦྱིན་མཛད་པ། །
ཁྱབ་བདག་བླ་མའི་ངོ་མཚར་མཛད་པའི་གཏམ། །
རྗོད་པའི་ལམ་འདིར་ཁོ་བོ་སྐལ་བཟང་སྙམ། །
ཚུལ་དེར་སྒོ་གསུམ་ངལ་བ་ལས་བྱུང་རྣམ་པར་དཀར། །
ཁ་བ་དུང་དང་མུ་ཏིག་དྲི་མེད་ལྟར་དཀར་བ། །
དེ་ནི་རབ་འབྱམས་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དང་། །
མ་ལུས་སྲིད་པའི་གདུང་བ་སེལ་བའི་བདུད་རྩིར་གྱུར། །
ཁྱད་པར་བདག་གི་མགོན་པོ་མཆོག་དེའི་ཞབས་པད་ནི། །
མི་འགྱུར་གཡུང་དྲུང་རྟག་པའི་རང་བཞིན་རྡོ་རྗེར་ཁྲི། །
བསྐལ་བརྒྱར་གཡོ་མེད་ཆོས་ཀྱི་འཁོར་ལོ་ལེགས་བསྐོར་བས། །
ས་འདི་ཨོ་ཌ་ཡ་ནའི་དཔལ་ཡོན་འཛིན་གྱུར་ཅིག །
བདག་ཀྱང་དེང་ནས་ཚེ་རབས་འཕྲེང་བ་ཐམས་ཅད་དུ། །
ལུས་ངག་ཡིད་ཀྱིས་ཁྱོད་མཉེས་འབའ་ཞིག་ལྷུར་བྱེད་ཅིང་། །
མགོན་པོ་ཁྱོད་ཀྱི་གསང་བ་གསུམ་གྱི་མཛོད་བཟུང་ནས། །
ལུས་ཅན་མ་ལུས་ཡང་དག་ལམ་དུ་དབུགས་འབྱིན་ཤོག །
ཕན་བདེའི་འབྱུང་གནས་བློ་བཟང་རྒྱལ་བའི་རང་ལུགས་ཉི་ལྟར་གསལ། །
དགེ་འདུན་སྡེ་རྣམས་བཤད་སྒྲུབ་དབྱར་གྱི་ཆུ་གཏེར་བཞིན་དུ་འཕེལ། །
མཆོག་གསུམ་བླ་མར་འཛིན་པའི་ས་དབང་ཆབ་སྲིད་དབུ་རྨོག་བཙན། །
འཇིག་རྟེན་ཀུན་ཏུ་བཀྲ་ཤིས་རྫོགས་ལྡན་གསར་བས་ཁྱབ་གྱུར་ཅིག །
ཅེས་ཁྱབ་བདག་ཧེ་རུ་ཀའི་ངོ་བོ་རྗེ་བཙུན་བླ་མ་དམ་པ་བཀའ་དྲིན་མཚུངས་མེད་བློ་བཟང་རྒྱ་མཚོ་དཔལ་བཟང་བོའི་རྟོགས་པ་བརྗོད་པ་ངོ་མཚར་གྲུབ་པའི་གཏམ་སྙན་ཐུབ་བསྟན་མཛེས་རྒྱན་ཞེས་བྱ་བ་འདི་ནི། ལུང་རྟོགས་བསྟན་པའི་མངའ་བདག་རོང་བོའི་ཁྲི་ཟུར་སྐུ་ཞབས་བོས་པ་རིན་པོ་ཆེ་སོགས་སློབ་མ་མང་བོས། རྗེ་ཉིད་ལ་སྔ་ཕྱིར་གསོལ་བ་བཏབ་ཅིང་། ཁྱད་པར་དུ་སྐུ་མདུན་པ་དགེ་སློང་བློ་བཟང་རྒྱ་མཚོས་ནན་ཏན་ཆེན་པོས་གསོལ་བ་ཡང་ཡང་བཏབ་པས། རྒྱས་པར་གསུང་དུ་མ་བཞེད་ཀྱང་། ཐུན་མོང་གི་མཛད་པ་ཐོར་བུ་འགའ་ཞིག་གསུངས་པ་གཞི་བྱས། ངག་སྒྲོས་ཁུངས་བཙུན་རྣམས་ཀྱིས་ཟུར་བརྒྱན་ཏེ། རྣམ་ཐར་དུ་སྒྲིག་དགོས་ཅེས་སྡེ་སྣོད་འཛིན་པ་དམག་གསར་སྐུ་སྐྱེས་བསྟན་འཛིན་རྒྱ་མཚོ་དང་། ཉེ་གནས་དགེ་སློང་བློ་བཟང་རྒྱ་མཚོ་རྣམ་གཉིས་ཀྱིས། ལྷ་རྫས་སེར་བོ་དྲི་མེད་སོགས་ཀྱི་སྐྱེས་དང་བཅས་ཏེ་ཡང་ཡང་སྐུལ་མ་གནང་བ་དང་། རང་ཉིད་མཆོག་ཏུ་དད་པས་ཀྱང་མཚམས་སྦྱར་ཏེ། རྗེ་བཙུན་བླ་མ་དམ་པ་དམིགས་མེད་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ཀྱི་བཀའ་དྲིན་ཁོ་ནས་འཚོ་བའི་བྷུ་སུ་ཀུ་འདུ་ཤེས་གསུམ་པ། འཇམ་དབྱངས་དགེ་བའི་དཔལ་ལམ་མིང་གཞན་མོག་ཀྱཱ་མཁན་སྐྱེ་མིང་བས། དྲག་པོ་ཞེས་ལྕགས་ཕོ་སྤྲེའུའི་ལོ། དུས་འཁོར་བའི་ལུགས་ལ་ཆར་ལྡན་གྱི་དུས་ཀྱི་ཉིན་མོར་བྱེད་པ། ཀརྐ་ཊའི་ཁྱིམ་སྤྱོད་པའི་དམར་ཕྱོགས་ཀྱི་རྒྱལ་བ་དང་བོ། ཡ་ཎའི་དབྱངས་རཱ། གསལ་བྱེད་བྲཱ། འདོད་ཡིན་རོ། དབྱངས་འཆར་བའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་བོ། དབྱངས་ཨའུ། གསལ་བྱེད་ག འདོད་ཡོན་གཟུགས། གཉིས་ཀ་མཐུན་པར་འབྱུང་བ་མེ། དར་རྒུད་ལང་ཚོ། རེས་གཟའ་འོད་ཟེར་བདུན་པ། རྒྱུ་སྐར་མོན་གྲུ། སྦྱོར་ཆུང་དངོས་གྲུབ། སྦྱོར་ཆེན་སྐལ་བཟང་། འཕྲོད་ཆེན་ཀུན་དགའ་སོགས་ཕུན་སུམ་ཚོགས་པའི་ཉིན། སྒྲུབ་སྡེ་ཆེན་པོ་བསམ་གཏན་བཀྲ་ཤིས་ཆོས་འཕེལ་གླིང་དུ་གྲུབ་པར་བགྱིས་པས། ཡི་གེ་བ་ནི་དགེ་སློང་དོན་གྲུབ་གྱིས་བགྱིས་པ་ཛ་ཡན་དུ། སརྦ་མངྒ་ལཾ། །
ཨོཾ་སྭ་སྟི། ཇི་ལྟ་ཇི་ལྟར་མ་རིག་འཐིབས་པོར་བྱིངས་པས་འགྲོ་བ་ཤིན་ཏུ་ཉོན་མོངས་པ། །
དེ་ལྟ་དེ་ལྟར་གང་གི་ཐུགས་ནི་སྙིང་བོའི་འཆིང་བ་དམ་པོར་བཅིངས་གྱུར་བས། །
འགྲོ་བ་འདོན་པའི་དོན་ཆེན་ཁུར་དུ་བཞེས་པའི་སྙིང་སྟོབས་རྨད་དུ་བྱུང་བ་བདག་གི་མགོན། །
དམིགས་མེད་སྙིང་རྗེའི་བདག་ཉིད་ཡོན་ཏན་ཚོགས་ཀྱིས་བླ་མར་གྱུར་བ་དེ་ལ་འདུད། །
ཡིད་ཀྱི་མཁའ་ལ་དབང་བོའི་གཞུ་རིས་བཞིན། །
ཁྱོད་སྐུ་ཀུན་རྟོག་པིར་གྱིས་ཡང་ཡང་བྲིས། །
རྨད་བྱུང་ཡོན་ཏན་དྲན་པའི་ཟླ་ཟེར་གྱིས། །
དབང་མེད་ལག་པའི་པད་མོ་སྙིང་ཀར་ཟུམ། །
ཆུ་ཀླུང་བདག་པོ་ཆུ་ཡིས་མི་ངོམས་ཤིང་། །
སྲེག་བཟའ་འབར་བ་སྲེག་བྱས་ངོམས་པ་མེད། །
འདོད་ལྡན་འདོད་པའི་གཏམ་གྱིས་མི་ངོམས་ཏེ། །
བློ་ལྡན་རྣམས་ནི་ཕུལ་བྱུང་གཏམ་གྱིས་མིན། །
དེ་ཕྱིར་དཔྱོད་ལྡན་སྐྱེ་བོའི་སྙིང་གི་དཔལ། །
སྐལ་བཟང་རྣ་བ་བདུད་རྩིའི་ཡོལ་གོ་རུ། །
སྒྲུབ་བྱེད་ཆེན་པོ་རྣམས་ཀྱི་ཡོན་ཏན་གྱི། །
རང་བཞིན་བརྗོད་པ་ད་དུང་སྤྲོ་བ་སྐྱེས། །
གང་ཞིག་མང་དུ་ཐོས་པའི་ཕ་རོལ་སོན། །
ཐོས་དོན་བསམ་པས་གདམས་པའི་མཆོག་ཏུ་གཟིགས། །
བསམ་དོན་བསྒོམས་པས་ཡོན་ཏན་མཆོག་བརྙེས་པ། །
དེ་ནི་ཐར་འདོད་རྣམས་ཀྱི་འདྲེན་པར་འོས། །
བདེན་གཉིས་གནས་ཚུལ་ཇི་བཞིན་གཟིགས་པས་མཁས། །
སྡོམ་གསུམ་ཚུལ་ཁྲིམས་རྣམ་པར་དག་པས་བཙུན། །
རིན་ཆེན་བྱང་ཆུབ་སེམས་མཆོག་འབྱོངས་པས་བཟང་། །
གང་ཡིན་དེ་ནི་ལྷར་བཅས་འགྲོ་བའི་མགོན། །
འདིར་སྣང་ཆོས་བརྒྱད་འཕྱོན་མའི་རྫུ་བག་གིས། །
མང་ཐོས་རྒན་པོ་རྣམས་ཀྱང་སླུ་བྱེད་ན། །
ཁྱེད་བློ་གཞོན་ནུ་ཉིད་ནས་ངེས་འབྱུང་གིས། །
གཅིག་ཏུ་སྒྲུབ་ལ་དགྱེས་པ་འདི་རྨད་དོ། །
ཐུབ་པའི་ལེགས་བཤད་ཀུན་གྱི་གཅེས་པའི་ནོར། །
རྟེན་ཅིང་འབྲེལ་འབྱུང་ཟབ་མོའི་རིགས་ལམ་ནས། །
ཆོས་ཉིད་རྗེན་པར་གཟིགས་པས་ཆོས་ཅན་ཀུན། །
སྒྱུ་མའི་རོལ་བར་ཤར་འདི་དེ་བས་རྨད། །
བློ་མཆོག་རྣམས་ཀྱི་ཐུན་མོང་མིན་པའི་ཆོས། །
སྙིང་རྗེ་ཆེན་པོས་ཐུགས་རྒྱུད་བརླན་པའི་མཐུས། །
སྤྱོད་ལམ་ཐམས་ཅད་གཞན་ཕན་རོ་གཅིག་པའི། །
ཚུལ་འདི་རྒྱལ་བ་ཡིས་ཀྱང་བསྔགས་པའི་ཡུལ། །
ཁྱད་པར་ཟབ་ལམ་མྱུར་བའི་མཐར་ཐུག་པ། །
དཔག་ཡས་བསོད་ནམས་སྡུད་པའི་རྨད་པོ་ཆེ། །
སྟོང་ཉིད་སྙིང་རྗེའི་འཇུག་ངོགས་ཡངས་པ་ནས། །
རྡོ་རྗེའི་ཕོ་བྲང་བགྲོད་ལ་ཆེས་ཆེར་རིངས། །
རྒྱ་མཚོའི་རྡུལ་བཞིན་བགྲང་ཡས་ཕོ་ཉ་མོ། །
ནམ་མཁའི་ཁམས་བཞིན་ཕྱོགས་མཐའ་བྲལ་བར་འཇུག །
ཨུ་དུམ་ཝ་ར་བཞིན་དུ་རྙེད་དཀའ་ཡང་། །
རྙེད་ན་ཡུད་ཀྱིས་གྲུབ་པ་མཆོག་ལ་སྦྱོར། །
ལུས་ལ་གནད་དུ་བསྣུན་པའི་རྟེན་འབྲེལ་ལ། །
དབང་འབྱོར་བརྟུལ་ཞུགས་སྤྱོད་པའི་རྣལ་འབྱོར་ལ། །
ཞིང་དང་ལྷན་སྐྱེས་ཡེ་ཤེས་ཌཱ་ཀིའི་ཚོགས། །
སྤྲིན་བཞིན་འདུ་བའི་ངོ་མཚར་འདི་རྨད་བྱུང་། །
ཕྱི་ཡི་མཁའ་སྤྱོད་དབང་མོས་དགྱེས་ཞལ་འཛུམ། །
ནང་གི་མཁའ་སྤྱོད་གཏུམ་མོས་བདེ་ཆེན་འབར། །
གསང་བའི་མཁའ་སྤྱོད་འོད་གསལ་གཉུག་མའི་སེམས། །
མངོན་འགྱུར་མཁའ་སྤྱོད་གྲུབ་པའི་གཏམ་དེ་སྙན། །
བྱི་རུའི་འཁྲི་ཤིང་གཡོ་འདྲའི་རྒྱལ་ཡུམ་མས། །
རྣམ་ཀུན་མཆོག་ཏུ་བདེ་བའི་དཔལ་བྱིན་པའི། །
ངོ་མཚར་མཆོག་འདིས་དཀར་བོ་གསུམ་སོགས་ཀྱིས། །
མཁའ་སྤྱོད་གྲུབ་པའི་གཏམ་དེ་ཕྲ་མོར་བྱས། །
དཔལ་ལྡན་ནཱ་རོ་ཏཱ་བའི་ཐུགས་ཀྱི་བཅུད། །
མཁའ་སྤྱོད་གསང་བའི་མྱུར་ལམ་འདི་སྟེན་པས། །
ཚོགས་གཉིས་རིན་ཆེན་ཐེམ་སྐས་ལ་འཛེགས་ནས། །
སྐལ་བཟང་དཔག་ཡས་མཁའ་སྤྱོད་གནས་སུ་སོང་། །
དེ་ཚེ་ས་འདི་སྟོངས་པར་འགྱུར་སྙམ་ནས། །
ཡིད་སྲུབས་བཞིན་གྱི་པདྨོ་ཟུམ་པ་དང་། །
ལྷན་ཅིག་དཀར་ཕྱོགས་སྐྱོང་བའི་ལྷ་རྣམས་ཀྱིས། །
རབ་དགའི་ཀུ་མུད་རྒྱས་པའི་འཛུམ་གར་རྒོད། །
དེ་ལྟའི་དོན་ལྡན་གཏམ་གྱི་ཨུཏྤལ་ཚོགས། །
སྡེབ་ལེགས་གསེར་གྱི་སྲད་བུར་བསྟར་བའི་ཚེ། །
ཕྲེང་རྒྱུད་མཁན་འདི་དཔའ་བོའམ་དགེ་བའི་དབང་། །
ཡིན་ཞེས་མཁས་རྣམས་ཐེ་ཚོམ་འཔྱངས་ཐག་འཛིན། །
འདི་ནི་ཐར་ལམ་གསལ་བའི་སྒྲོན་མེ་སྟེ། །
བྱིན་རླབས་གྲུ་ཆར་གཡོ་བའི་ཆོས་ཀྱི་སྤྲིན། །
དངོས་གྲུབ་སྒོ་བརྒྱ་འབྱེད་པའི་ལྡེ་མིག་སྟེ། །
ཐར་འདོད་སྙིང་གི་བདུད་རྩི་མཆོག་ཀྱང་ཡིན། །
དེ་ཕྱིར་འགྲོ་ལ་སྨན་པའི་ལྷག་བསམ་དང་། །
དགེ་བའི་བཤེས་ལ་གུས་པའི་དད་པ་སོགས། །
བསྔགས་འོས་ཡོན་ཏན་དུ་མའི་མཛོད་འཛིན་པ། །
རབ་འབྱམས་སྨྲ་བ་བློ་བཟང་དཔལ་ལྡན་དང་། །
སྡོམ་བརྩོན་དགེ་སློང་བསམ་གཏན་རྒྱ་མཚོ་སོགས། །
དད་ལྡན་མང་བོས་མཐུན་པའི་རྐྱེན་སྦྱར་ཏེ། །
འཛད་མེད་པར་གྱི་མཆོད་སྦྱིན་སྒོ་བརྒྱ་ཕྱེ། །
ཞུས་ཆེན་རིག་གནས་རྒྱ་མཚོར་མཁྱེན་པའི་སྤྱན། །
མཁའ་ལྟར་ཡངས་པ་བསྟན་འཛིན་རྒྱ་མཚོ་དང་། །
ཡི་གེའི་འདུ་བྱེད་དབུ་མཛད་སྐལ་བཟང་སྐྱབས། །
བརྐོས་མཁན་དགེ་སློང་བློ་བཟང་ནོར་བུ་དང་། །
བློ་བཟང་བསྟན་དར་དགེ་སླང་སྙན་གྲགས་བཅས། །
ཟླ་ལྟར་དཀར་བའི་ལྷག་བསམ་ཟོལ་མེད་ཀྱིས། །
སོར་མོའི་འཕྲུལ་ལས་བཀོད་ལེགས་པར་དུ་བསྒྲུབས། །
འདིར་འབད་དགེ་བ་ཇི་སྙེད་ཐོབ་པ་དེས། །
བསྟན་དང་ལུས་ཅན་ཡོངས་ཀྱི་ཕན་བདེའི་སྲོག །
དཔལ་ལྡན་བླ་མའི་ཞབས་པད་བསྐལ་བ་བརྒྱར། །
འགྱུར་མེད་རྡོ་རྗེའི་ཁམས་སུ་བརྟན་གྱུར་ཅིག །
གཅིག་ཏུ་འགྲོ་ལ་སྨན་པའི་གྲིབ་བསིལ་ཅན། །
རིས་མེད་གྲུབ་མཐའི་ནགས་ཀློང་ཡངས་པའི་ངོགས། །
དགེ་ལྡན་རང་ལུགས་བྲང་འགྲོའི་སྙིང་བོ་ནི། །
སྲིད་མཐའི་བར་དུ་མི་ཉམས་འཕེལ་བར་ཤོག །
མདོ་སྔགས་བསྟན་པའི་ཡང་སྙིང་འོ་མའི་མཚོ། །
བཤད་སྒྲུབ་རླབས་འཕྲེང་སྟོང་གིས་འཕྱུར་བ་ལ། །
ངུར་སྨིག་འཛིན་པ་ངང་བའི་ཁྱུ་འཁྲིགས་པས། །
འཛིན་མའི་ཁྱོན་འདིར་དགེ་ལེགས་སྟེར་བར་ཤོག །
གླེགས་བམ་འདི་ཉིད་མཐོང་དང་ཐོས་པ་དང་། །
དྲན་དང་རེག་པའི་ལུས་ཅན་མ་ལུས་པ། །
སྣང་ཤས་གདོན་གྱི་དབང་དུ་མི་འགྱུར་བར། །
ཐེག་མཆོག་རིགས་ཀྱི་ནུས་པ་སྨིན་པར་ཤོག
རྣམ་ཐར་འདི་ཉིད་འཆད་དང་སྤེལ་བ་དང་། །
ཚུལ་བཞིན་རྗེས་སུ་སློབ་པ་དེ་དག་ལ། །
གང་གི་མཐུ་ལས་འབད་པ་ཆུང་ངུས་ཀྱང་། །
ཉམས་དང་རྟོགས་པའི་མྱུ་གུ་འཕེལ་བར་ཤོག །
ཚུལ་འདིར་ངལ་བ་བགྱིས་པའི་སྐྱེ་བོ་རྣམས། །
དམ་ཆོས་བསྒྲུབ་པའི་འགལ་རྐྱེན་ཀུན་ཞི་ཞིང་། །
མཐུན་རྐྱེན་ཚེ་དང་བསོད་ནམས་འབྱོར་བ་སོགས། །
དབྱར་གྱི་ཆུ་གཏེར་བཞིན་དུ་འཕེལ་བར་ཤོག །
འཁོར་བའི་ངང་ཚུལ་མཐོང་པའི་ངེས་འབྱུང་དང་། །
བྱམས་དང་སྙིང་རྗེས་དྲངས་པའི་བྱང་ཆུབ་སེམས། །
སྲིད་པའི་རྩ་བ་གཅོད་པའི་ཤེས་རབ་སོགས། །
འཕགས་པའི་ནོར་གྱིས་རྟག་ཏུ་འབྱོར་བར་ཤོག །
ནམ་ཞིག་སྒྱུ་མའི་སྐྱེས་ཆེན་འདེགས་པའི་ཚེ། །
བླ་མ་མཆོག་དང་དབྱེར་མེད་རྗེ་བཙུན་མ། །
མངོན་སུམ་བྱོན་ནས་གསུང་གིས་དབུགས་དབྱུང་སྟེ། །
མཁའ་སྤྱོད་རིག་འཛིན་དྲུང་དུ་འཁྲིད་པར་ཤོག །
ཡུལ་ཕྱོགས་འདིས་མཚོན་འཇིག་རྟེན་ཐམས་ཅད་དུ། །
ནག་པོའི་ཕྱོགས་ཀྱི་བསམ་སྦྱོར་ཀུན་ཞི་ཞིང་། །
དཀར་ཕྱོགས་སྐྱོང་རྣམས་མཐུ་སྟོབས་རབ་རྒྱས་ཏེ། །
ས་སྟེང་རྫོགས་ལྡན་གསར་བས་ཁྱབ་གྱུར་ཅིག །
ཚོགས་གཉིས་ཡོངས་སུ་རྫོགས་པའི་མཁའ་དབྱིངས་ནས། །
འཕྲིན་ལས་འགག་པ་མེད་པའི་ཟླ་སྣང་འབུམ། །
འགྲོ་ཁམས་རྒྱ་མཚོའི་མོས་ངོ་དང་འགྲོགས་པས། །
རྣམ་དཀར་ཟད་མི་ཤེས་པའི་བཀྲ་ཤིས་ཤོག །
ཅེས་པ་འདི་ནི་མདོ་སྔགས་རིག་གནས་རྒྱ་མཚོར་དྲི་མ་མེད་པའི་མཁྱེན་སྤྱན་པདྨའི་འདབ་ལྟར་ཡངས་ཤིང་། གཅིག་ཏུ་སྒྲུབ་པ་ལ་གཞོལ་བའི་སྤོང་བ་པ་དམག་གསེར་སྐུ་སྐྱེས་བསྟན་འཛིན་རྒྱ་མཚོས་ཐུགས་ཁུར་བཞེས་ཏེ། རྣམ་ཐར་འདི་ཉིད་པར་དུ་སྒྲུབ་པའི་རྩོལ་བ་མང་དུ་མཛད་ཅིང་དགེ་བའི་བཤེས་གཉེན་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་པ་ལ་གཞོན་ནུ་ནོར་བཟང་དང་མཚུངས་པའི་རབ་འབྱམས་སྨྲ་བ་བློ་བཟང་དཔལ་ལྡན་དང་། དགེ་སློང་བསམ་གཏན་རྒྱ་མཚོ་རྣམ་གཉིས་ཀྱིས་དོང་ཙེ་ཆོན་ལྔ་བཅུ་དང་འབུལ་བགྱིས་ཐོག དགེ་སློང་བློ་བཟང་རྒྱ་མཚོ་སོགས་དད་ལྡན་མང་བོས་ཞལ་འདེགས་ཕུལ་བ་རྣམས་ཀྱིས་མཐུན་རྐྱེན་སྦྱར་ཏེ། བིས་ཐང་དགོན་དུ་པར་དུ་བསྐྲུན་སྐབས། པར་བྱང་སྨོན་ཚིག་རྒྱས་པ་ཞིག་དགོས་ཚུལ་བྱུང་བ་ལྟར། རྒྱལ་ཁམས་མྱུལ་བའི་བན་དྷེ་དགེ་བ་དཔལ་གྱིས་སྦྱར་བ་དགེ་ལེགས་འཕེལ་བར་གྱུར་ཅིག །སརྦ་མངྒ་ལཾ། །
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn