ཁྱེད་གསུང་ལེགས་ལམ་སྩོལ་བའི་དོན་བཞིན་དུ། །སྒྲུབ་པར་ཞུ་འོ་ཐུགས་རྗེས་དགོངས་པར་མཛོད། །

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-04-25 21:15:31     རྩོམ་པ་པོ།   སྙན་དགོན་སྤྲུལ་སྐུ།    ཀློག་ཐེངས།  

           བསྐལ་མང་ལེགས་པར་བྱས་པའི་འབྲས་བུ་ཆེ། །དགེ་ལེགས་འབུམ་གྱི་གཟི་འབར་བཀའི་ཅོད་པཎ། །སྤྱི་བོར་བཅིངས་པའི་གུས་འབངས་མྱུ་གུ་ཡིས། །ཐག་རིང་ཡུལ་ནས་སྙན་ཚིག་ཞུ་བ་འབུལ། །སྤྲོས་པ་མི་མངའ་གཉིས་སུ་སྣང་མེད་པའི། །དོན་དམ་མཁའ་ལ་ཁྱེད་དང་རྒྱལ་བ་ཀུན། །བཀའ་བགྲོས་མེད་བཞིན་རོ་གཅིག་ལྷུན་གྲུབ་པ། །དེ་འདྲ་སེམས་ཚེ་བསྙུན་འདྲི་ཇི་ལྟར་འོས། །འོན་ཀྱང་ཐུབ་རྣམས་ཐུགས་རྗེའི་འཛུམ་དཀར་ཆེ། །ལྷན་ཅིག་རྒོད་པའི་གསུང་གི་འོད་ཟེར་ནི། །ངུར་སྨྲིག་འཛིན་པའི་གར་དུ་སྣང་བ་ཡི། །དྲང་བའི་དོན་བཞིན་སློབ་ཐས་འདི་ལྟར་ཞུ། །མཐའ་ཡས་ཚོགས་གཉིས་ཆུ་གཏེར་ལས་འཁྲུངས་ཤིང་། །ཤིན་ཏུ་དུལ་བའི་བཀྲག་བརྒྱ་འབར་བ་ཡི། །ཁྱོད་སྐུ་རབ་མཛེས་པུཎྚ་རི་ཀའི་དངོས། །ཐུབ་བསྟན་སྐྱེད་ཚལ་རྒྱན་དུ་བཞེས་ལགས་སམ། །རིག་པའི་ཚ་ཟེར་འབུམ་དང་འགྲོགས་པ་ཡི། །ལེགས་བཤད་སྣང་བ་མི་ཟད་སྤྲོས་གྱུར་ཏེ། །ཐུབ་དགོངས་མཐའ་དག་ལག་མཐིལ་རྫས་བཞིན་དུ། །གསལ་བྱེད་གསུང་གི་དབང་ཕྱུག་བདེ་ལགས་སམ། །རིག་དང་གྲོལ་བའི་ནོར་བུའི་ཆ་བྱད་འབུམ། །ཐོགས་ཏེ་ཐེག་མཆོག་སེམས་ཀྱི་རྩེ་བརྒྱའི་འཕྲུལ། །སྙིགས་མ་ལྷ་མིན་དཔུང་ལ་ངོམ་པ་ཡི། །ཐུགས་རྗེའི་སྤྱན་སྟོང་ལྡན་པ་བདེ་ལགས་སམ། །ཐེག་མཆོག་ལོངས་སྤྱོད་སྤྲིན་གྱིས་འཁོར་ཡུག་ཀུན། །རྫོགས་པར་བརྒྱན་པའི་ཆོས་སྐུའི་ལྷ་ལམ་ནས། །རྣམ་འདྲེན་སྟོང་བཞིན་སྤྲུལ་བསྒྱུར་འགོག་མེད་པའི། །ཡབ་རྗེ་སྐུ་བཞིའི་དབང་ཕྱུག་བདེ་ལགས་སམ། །འདི་ན་ཁྱོད་ཀྱི་བྱིན་རླབས་ཟེར། །འཕོས་པས་དགེ་བློ་མ་དོར་བཞིན། །ཕུང་ལྔའི་ལྗོན་པ་འཚེ་བྲལ་ཏེ། །གསོལ་ འདེབས་དབྱངས་ཀྱིས་འཚོ་བའི་སྐབས། །འཚམས་ཞུ། ཆེད་དུ་གུས་ཕྱག་བཅས་གསོལ་བ་འདེབས་པར། མ་འདྲེས་འགྲོ་བའི་མཛའ་བཤེས་ཟླ་མེད་པ། །ཕྱོགས་བཅུའི་རྒྱལ་རྣམས་ལེགས་མོད་བདག་གི་ནི། །སྐྱབས་གནས་ཁྱེད་ལས་གཞན་དུ་མ་དམིགས་པས། །རྒྱལ་རྣམས་ཁྱོད་ཀྱི་ངོ་བོར་འདུས་སམ་སྙམ། །དེ་ཕྱིར་ཁྱོད་ཀྱི་གསུང་གི་ཟུར་ཙམ་ཡང་། །སྒྲུབ་པའི་སྐལ་བཟང་ཚོགས་ཀྱིས་སྒྲུབ་དགོས་ན། །འབད་པ་མེད་པར་གསུང་གི་བདུད་རྩི་ཉིད། །སྤྱི་བོར་ཐོབ་པ་ད་རེས་ཙམ་ལགས་ཀྱང་། །སྙིགས་མ་ལས་ཀྱང་ཆེས་སྙིགས་དུས་ཀྱི་མཐའི། །སེམས་ཅན་མི་སྲུན་སྤྱོད་པ་དམུ་རྒོད་ཅིང་། །རྐྱེན་ངན་ཐུབ་པའི་རྣལ་འབྱོར་སྟོབས་ཞན་པས། །ཁྱོད་གསུང་སྒྲུབ་ལ་བདག་ནི་ལས་ཀྱིས་ནོངས། །འདི་སྣང་གུ་དོགས་སྣ་ཚོགས་བྱ་བའི་དཔྱ། །བསྡུས་ཀྱང་མི་ཆོག་སྤོས་རྒྱས་རི་མོའི་རྗེས། །བཅད་དེ་གུ་ཡངས་དབེན་ཚལ་བླ་མའི་དྲུང་། །སྙོག་པའི་བསོད་ནམས་བདག་ལ་ཡོད་དམ་ཅི། །ཉམ་ཆུང་དང་པོའི་ལུས་ཅན་བདག་འདྲ་ལ། །རྐྱེན་དང་བསྲེ་བའི་སྤྱོད་པ་ག་ལ་ཡོད། །གནས་བརྟན་ནགས་སུ་བགྲེས་པའི་དཀའ་ཐུབ་ལ། །འགྲན་པའི་སྐལ་བ་བདག་ལ་ཡོད་དམ་ཅི། །ངེས་འབྱུང་ཡིད་ཀྱིས་དྲངས་བའི་བྱང་སེམས་དང་། །ཟུང་འབྲེལ་ཡང་དག་ལྟ་བ་ཆེས་དཀའ་ཡང་། །བཅོས་མའི་པིར་གྱིས་རྟོག་ངོར་ལམ་གཙོ་གསུམ། །སོས་དལ་འདྲི་བའི་བསོད་ནམས་ཡོད་དམ་ཅི། །བརྗིད་ལྡན་རྫ་རིའི་ན་བུན་གོས་གྱོན་ཏེ། །ལྷུང་ལྷུང་ཕུ་ཆུས་ཤོག་ཅེས་འབོད་འདྲའི་མདངས། །མཐོང་ཚེ་ཡིད་ཀྱི་རི་དྭགས་མི་བཟོད་པར། །རི་ལ་འཁོར་བ་ཆོས་ཤིག་ཡིན་ནམ་ཅི། །རབ་ཡངས་ནེའུ་སེང་མེ་ཏོག་རབ་མང་གིས། །མཛེས་པའང་མཐོང་ཚེ་ཁྱེད་དང་འཕགས་པའི་ཚོགས། །མངོན་སུམ་དམིགས་ཏེ་མཆོད་པའི་ལེགས་བྱས་འབྲས། །གུ་ཡངས་སྨོན་པ་ནམ་ཞིག་བདག་གིས་འགྲུབ། །ཁྱོད་གསུང་ཉི་འོད་ཕྲ་མོ་ལྷུང་པ་ཡིས། །དགེ་སྡིག་གཟུགས་བརྙན་རགས་རིམ་སྨྲ་ཤེས་མོད། །ཁྱོད་ཞབས་མཉེས་པ་གསུམ་ཀྱིས་བསྟེན་བྱས་ནས། །གདར་ཤ་ཆོད་པ་བདག་གིས་ནམ་ཞིག་གོ །ཞི་དྲག་མཛད་པའི་ད་བར་བསྐྱངས་ནའང་། །རང་གི་ངོས་ནས་གཡེང་བས་ཁྱེར་བ་ཡིས། །ཁྱེད་འདྲར་འཕྲད་པའི་དོན་པོ་མ་རྙེད་པ། །ད་ལྟ་བདག་གིས་མངོན་སུམ་བཞིན་དུ་མཐོང་། །འགྱོད་པའི་བསྡུས་པས་ཡིད་ཀྱི་ཁྱེའུ་ཆུང་ནི། །ཉིན་བཞིན་ཁྱེད་ཀྱི་གམ་དུ་སྙོག་མོད་དེ། །རྣམ་རྒྱལ་དགེ་ལེགས་སྟོང་ལྡན་འདིར་འཁྲི་ནས། །ཁྱེད་གསུང་ཁུར་དུ་ལྕི་ནས་ཡང་ཡང་བཤོལ། །བདག་འདྲའི་རྩི་རྐྱང་བསྡོམ་པའི་ཀ་བ་ཡིས། །ཐུབ་བསྟན་བ་གམ་འདེགས་པ་ཆེས་དཀའ་བས། །བྱིན་རླབས་འོད་བརྒྱ་འབར་བ་ཁྱེད་ཀྱི་ཞལ། །མིག་གི་བདུད་རྩི་བྱེད་པ་དོན་ཆེ་སྙམ། །དེ་སླད་སྤོས་ཀྱི་གླང་བོ་ཆེན་པོའི་ཁུར། །བྱི་བའི་རྒྱབ་ནས་ཕོག་སྟེ་བླ་དཔོན་ཉུང་། །ལྷ་ལྡན་ཆོས་ཀྱི་ཁང་བཟང་ལས་བྱུང་སྟེ། །དབང་ཆེན་ཡུལ་གྲུར་ཆོས་སྲིད་མེ་བཞིན་བོར། །བདག་ཀྱང་འདོད་པ་མེད་དང་ཆོག་ཤེས་པས། །འཁར་བའི་གྲོགས་སྦྲན་ལོང་ཡོད་རྟ་ཞོན་ཏེ། །གང་དུ་ཁྱེད་ཀྱི་དགྱེས་ཞལ་ངོམ་པ་དེར། །སླེབ་པའི་བདག་རྐྱེན་བདག་ལ་མི་གནང་ངམ། །དབང་ཆེན་སྟོད་ཀྱི་སྐྱེ་བོ་སྟོང་ཕྲག་བཞི། །ལྷག་ཙམ་རིགས་ལྡན་དྲག་པོ་བསྒྲོལ་བ་ཡི། །སྐལ་བཟང་ཐོབ་པའི་ལྷན་ཅིག་བྱེད་རྐྱེན་གྱིས། །ཁྱེད་ཐུགས་དགྱེས་པ་བདག་གིས་བསྒྲུབ་ཟིན་དགོངས། །སྐྱབས་གཅིག་ཁྱེད་ཉིད་ཁོ་ནར་རེ་བ་བདག། །ཅི་བྱེད་དེ་བསྒྲུབ་འགྲོ་སྡོད་ཐམས་ཅད་ཀུན། །ཁྱེད་གསུང་ལེགས་ལམ་སྩོལ་བའི་དོན་བཞིན་དུ། །སྒྲུབ་པར་ཞུ་འོ་ཐུགས་རྗེས་དགོངས་པར་མཛོད། །གསེར་སྦྲུལ་གནམ་ལོ་མཛེས་པ་འདིའི་ཁོངས་སུ། །ཕྱོགས་དེའི་བསྟན་འགྲོའི་དོན་ཆེན་ལེགས་མཛད་ནས། །རྟ་མཆོག་གསར་ཚེས་ལྷན་ཅིག་དགྱེས་བརྩེའི་སྒོས། །བཀྲ་ཤིས་ཞབས་ཟུང་རྣམ་རྒྱལ་པདྨོར་ཕེབས། །སླད་མར་ཡོན་ཏན་ནོར་བུའི་འབྱུང་གནས་མཆོག། །འགྲོ་བའི་འདྲེན་པ་སྲིད་ཞིའི་གཙུག་རྒྱན་ཆེ། །ཁྱེད་ཀྱི་ཞབས་པད་བདག་སོགས་སྤྱི་བོའི་ཁྲིར། །བསྐལ་བ་རྒྱ་མཚོར་རྟག་ཏུ་བརྟན་པར་ཞུ། །མཚན་དཔེའི་ཁོ་ལག་རྫོགས་པའི་བདེ་གཤེགས་ཞལ། །མ་ལུས་ཀྱིས་ཀྱང་མཚོན་དུ་མི་བཏུབ་པའི། །བསོད་ནམས་མེ་ཏོག་ཕོག་པའི་རྡོ་རྗེའི་སྐུ། །གཡོ་མེད་ཆོས་ཀྱི་ཁྲི་ལ་བརྟན་པར་ཞུ། །མ་རིག་མུན་པ་སེལ་བའི་ཉི་མ་དང་། །ཕན་བདེའི་འོད་དཀར་འགྱེད་པའི་ཟླ་བ་ཆེ། །འདོད་དགུའི་ཡིད་བཞིན་འཇོ་བའི་དཔག་བསམ་ལྗོན། །ཁྱེད་ཞབས་བསྟན་འགྲོའི་རྒྱན་དུ་བརྟན་པར་བཞུགས། །དེ་སྐད་ཞུ་ཡིག་རྟེན་གྱི་ལྷ་རྫས་བཅས། །རྣམ་རྒྱལ་དགེ་ལྡན་ཉིད་དང་འདབས་འབྱོར་བའི། །བཀྲ་ཤིས་ཆོས་དུང་དཀར་མོའི་དོ་ར་ནས། །གུས་འབངས་ཆུང་ངུ་མྱུ་གུས་དད་ཕྱག་བཅས། །ཟླ་ཚེས་ལ་ཕུལ་བའི་ཞུ་ཡིག་ལེགས།། །།

རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།