​ཆབ་ཤོག་དད་པའི་ཕོ་ཉ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-04-25 21:08:15     རྩོམ་པ་པོ།   སྙན་དགོན་སྤྲུལ་སྐུ།    ཀློག་ཐེངས།  

      ༄༅། །ལྷ་ལྡན་དུ་རྗེ་བཙུན་ཆོས་ཀྱི་རྒྱལ་པོ་འཇམ་དཔལ་རོལ་བའི་བློ་གྲོས་དཔལ་བཟང་པོའི་ཞབས་དྲུང་དུ་ཕུལ་བའི་ཆབ་ཤོག་དད་པའི་ཕོ་ཉ་ཞེས་བྱ་བ་བཞུགས་སོ། །རིགས་ལྔའི་དཀྱིལ་འཁོར་འཁོར་ལོ་མཐའ་ཡས་པ། །སྤྲོ་ཞིང་བསྡུ་བའི་རྣམ་འགྱུར་འཛིན་པ་ཡི། །བདེ་ཆེན་ཆང་གིས་མྱོས་པའི་རྡོ་རྗེ་ཅན། །བླ་མ་ཧེ་རུ་ཀ་དཔལ་མཆོག་གི་དྲུང་། །ལོག་པའི་འཛིན་སྟངས་གཅིག་གིས་ཉེས་བརྒྱའི་གཞིར། །བསྒྱུར་བའི་རགས་སེམས་གཡོ་བའི་རྣམ་འགྱུར་ཅན། །དབང་བཞིའི་ཆུ་བོས་བཀྲུས་པའི་སྐལ་བ་ཡི། །སྲིད་མཐའ་འཛིན་པ་དེ་ཡིས་གུས་ཕྱག་བཅས། །ཤེས་དང་ཤེས་བྱ་གཅིག་པའི་རྡོ་རྗེའི་སྐུ། །དྲང་དོན་ངུར་སྨྲིག་འཛིན་པའི་རྣམ་རོལ་གྱིས། །ཁམས་དྲུག་གནད་དུ་གཅུན་པའི་བདེ་ཆེན་དང་། །རོ་གཅིག་སྐུ་ཡི་དཀྱིལ་འཁོར་བདེ་ལགས་སམ། །ཆེས་ཕྲའི་རླུང་གི་རང་གདངས་སྒྱུ་མའི་སྐུར། །སྨིན་ཀྱང་སྒྲ་ཚིག་གཡོ་བའི་འདུ་བྱེད་ཀྱིས། །ཟབ་རྒྱས་དབྱངས་སུ་འདོམས་པའི་ཆོས་ཀྱི་རྔ། །སྐལ་བཟང་ལྷ་བརྒྱའི་དཔྱིད་དུ་བདེ་ལགས་སམ། །རྟོག་ཚོགས་གཡོ་བྱེད་བཅས་པའི་སེམས་ཀྱི་གཡའ། །ཐབས་ཀྱིས་བསལ་བའི་གཉུག་མའི་མེ་ལོང་དུ། །སྐུ་གསུམ་དཀྱིལ་འཁོར་རྫོགས་པའི་གསང་བའི་ཐུགས། །བཅོས་མའི་འདྲ་འབག་རྣམ་པར་བདེ་ལགས་སམ། ། འདི་ན་གསང་བའི་དམ་ཚིག་རྭ་བ་རུ། །ཀུན་རྟོག་འཆུན་པར་དཀའ་ཡང་བཅོས་མའི་ལམ། །མོས་པ་ལམ་དུ་བྱེད་བཞིན་ཁྱོད་བསྒོམ་ཏེ། །འདུ་ཁམས་སྒྱུ་མའི་གླང་པོ་འཚོལ་བའི་སྐབས། །འཚམས་ཞུ། བགྲང་ཡས་རྒྱལ་བ་རྣམས་ཀྱི་ཐུགས་བསྐྱེད་ཀྱི། །རགས་གཟུགས་བླ་མའི་རྣམ་རོལ་ཁྱོད་བྱིན་གྱིས། །བདག་བློ་རིང་དུ་བསྐྱངས་ཡང་རྟོགས་པའི་རྩི། །མཁའ་དབྱིངས་པདྨོར་གྱུར་པས་ཆེས་ནོངས་མོད། །མདོ་རྒྱུད་གཞུང་ལུགས་བྱེ་བའི་བརྗོད་བྱའི་དོན། །དོན་དམ་རྣམ་པར་ངེས་དང་རྟེན་འབྲེལ་སྒོ། །ཁྲག་ཁྲིག་གྲངས་ཀྱིས་མི་མཚོན་ཇི་སྙེད་པ། །ཀུན་བྱང་གཉིས་སུ་དྲིལ་བའི་སྤང་བླང་དང་། །དང་པོ་གལ་ཆེ་གང་ལ་འཇུག་པའི་སྒོ། །བར་དུ་གལ་ཆེ་གང་གི་གཞུང་ཤིང་དང་། །ཐ་མར་གལ་ཆེ་གང་ཞིག་མངོན་བྱེད་པའི། །ཐེག་ཆེན་ལམ་སྲོག་བྱང་སེམས་ཡིན་ཚུལ་དང་། །ངོ་བོ་རྒྱ་ཆེ་ཐབས་ཀྱི་རྟོགས་རིགས་དང་། །རྣམ་པ་གཏིང་ཟབ་དཔག་དཀའི་ཤེས་རབ་གཉིས། །རྫོགས་བྱེད་ཐེག་པ་གསུམ་དང་གྲུབ་མཐའ་བཞིའི། །ལམ་ལ་ཚིག་སྤྱིའི་ངེས་པ་ལམ་ཙམ་རྙེད། །འདོད་ཆགས་ལམ་དུ་བྱེད་པའི་ཐབས་ཤེས་སྟོབས། །རིམ་རྙེད་ཆགས་ཅན་གདུལ་བའི་ཟབ་གསལ་ལམ། །ཕྱི་རྒྱུད་གསུམ་གྱི་ཞིབ་ཆ་མི་ཤེས་ཀྱང་། །གསང་བའི་ཐེམ་སྐས་ཉིད་དུ་མཁྲིག་ཚུད་ལགས། །གཉིས་སྤྲོད་ཆགས་པའི་རྣམ་འགྱུར་བདེ་ཆེན་དུ། །བྱེད་པའི་རིགས་ཅན་རྫོགས་པར་འདུལ་བ་ལ། །ཐ་མལ་ཆོས་གསུམ་སྐུ་གསུམ་དུ་འཁྱེར་བའི། །གསང་བའི་གསང་བ་གསང་ཆེན་དངོས་གཞི་འདིར། །རིམ་པ་གཉིས་དང་དེ་ཡི་གྲངས་ངེས་དང་། །གོ་རིམ་མཆོག་ལ་དགོས་གལ་ཆེ་ལུགས་སོགས། །སྨིན་གྲོལ་གཉིས་ཀྱི་ཁོང་ནས་འཚོལ་བའི་ཚུལ། །ཁྱེད་ཀྱི་བྱིན་རླབས་སྟོབས་ཀྱིས་ལམ་ཙམ་ཤར། །བསྒྲུབ་བྱ་ཀུན་གྱི་མཐར་ཐུག་བདེ་ཆེན་གྱི། །གཡོ་བ་རྡོ་རྗེའི་ལུས་སུ་གྲུབ་པ་ཡི། །རགས་པའི་བེམ་ཆོས་ཟད་པའི་ཟུང་འཇུག་ལ། །ཐམས་ཅད་གཞོལ་ཞིང་འབབ་སྙམ་ངོ་མཚར་སྐྱེས། །མདོ་སྔགས་གཉིས་དང་སྔགས་རྒྱུད་རྣམ་བཞི་དང་། །གསར་རྙིང་གྲུབ་མཐའི་དགོངས་བཞེད་ཐམས་ཅད་ཀུན། །དངོས་བརྒྱུད་རིམ་གྱིས་ཆུ་ཕྲན་རྒྱ་མཚོ་བཞིན། །འདུ་བར་ཤེས་ཏེ་ཕྱོགས་འཛིན་སྤྲོས་པ་ཡལ། །ཁྱད་པར་རང་གཞན་མཁས་བླུན་ཕལ་མོ་ཆེ། །སྒྲོ་སྐུར་གཞིར་འཛིན་སྔ་འགྱུར་རྫོགས་པ་ཆེ། །ཟབ་གསང་མན་ངག་ནོར་བུའི་གན་མཛོད་དུ། །ཤེས་པའི་བློ་གྲོས་ཁྱེད་ཀྱི་བྱིན་མཐུས་རྙེད། །ཀུན་ཉོན་སྤྲོས་པས་མ་བསླད་ཀ་དག་གཤིས། །བཅོས་མའི་གཟའ་གཏད་བཤིག་སྟེ་བརྐྱང་བའི་ངང་། །ཀུན་རྟོག་རང་སར་ཟད་པའི་ཁྲེག་ཆོད་ལ། །མ་རྒྱུད་རྒྱ་མཚོའི་བརྗོད་དོན་ཇི་སྟེ་མེད། །རིག་གདངས་ཐབས་ཀྱིས་གཅུན་པའི་ཆོས་སྐུའི་མདངས། །རིགས་ལྔའི་ཚོམ་བུར་རིམ་ཤར་སྣང་བཞིའི་ལམ། །ལྷུན་གྲུབ་ཐོད་རྒལ་ཟབ་མོའི་ཉེ་ལམ་ལ། །ལོངས་སྐུའི་ཉེར་རྒྱུ་དངོས་སྟོབས་རིགས་པས་གྲུབ། །དེས་ན་རིགས་པས་ཤོད་པའི་ཆོས་ཆོས་མིན། །ཐ་སྙད་ཐ་དད་ཙམ་དང་ལུང་ཙམ་གྱིས། །བཟང་ངན་འབྱེད་པའི་ཕྱོགས་རེའི་ཤེས་རབ་དེ། །ཆོས་སྤོང་ཁུར་གྱིས་དུབ་པ་ཡང་ཡང་མཐོང་། །འོན་ཀྱང་དབང་པོའི་ན་ཚོད་ཆེས་སྨིན་པའི། །འཇུག་ངོགས་ཐེག་པའི་རྩེ་རྒྱལ་ཉིད་ཡིན་པས། །གང་ཟག་འགའ་ལ་ཆིག་ཐང་བཞིན་གསུངས་ཀྱི། །བསྟན་པ་སྤྱི་རུ་སྦས་པའི་ནོར་བུར་ཤེས། །འཇམ་མགོན་རྒྱལ་བ་གཉིས་པའི་བཀའ་སྲོལ་གྱི། །རིམ་པ་ལྔ་སོགས་གསང་ཆེན་ཆོས་ཀྱི་ཕྱོགས། །སྐལ་བཟང་ཀུན་གྱི་འཇུག་ངོགས་ཉིད་ཡིན་ཞིང་། །མན་ངག་ཀུན་གྱི་འཐུས་ཀ་རྫོགས་པར་མཐོང་། །དེ་སླད་རིས་མེད་གྲུབ་མཐར་དག་སྣང་དང་། །འཇམ་མགོན་རིང་ལུགས་འདི་ལ་ཡིད་ཆེས་ཀྱི། །དད་པ་ཅུང་ཟད་སྐྱེ་བའི་རྣམ་དཔྱོད་སྒོ། །རྙེད་དེ་སྐལ་བཟང་ཐོབ་པ་ཁྱོད་ཀྱི་དྲིན། །དེ་ལྟ་ན་ཡང་བདག་བློ་སྲིན་བུའི་མེས། །ཆོས་མིན་མུན་པ་སེལ་བར་མི་ནུས་ཤིང་། །དམ་ཆོས་དྲོད་ཀྱིས་སྐྱོང་བར་མི་ནུས་པས། །ཡོན་ཏན་དཀྱིལ་འཁོར་རྫོགས་པའི་ཉིན་བྱེད་ཁྱོད། །སྡིག་སྤྱོད་ཁོ་ནས་འཚོ་བའི་སྲིན་པོའི་གླིང་། །ཆོས་མིན་ཆོས་ལྟར་བཅོས་པའི་གོ་ལོག་ཡུལ། །གདུལ་བའི་ཐུགས་བསྐྱེད་གྲུབ་པ་ཇི་བཞིན་དུ། །དུས་ལས་མི་བསྙེལ་ཕྱོགས་འདིར་ཕེབས་པར་ཞུ། །བསྟན་པའི་རྩ་བ་སོ་སོར་ཐར་བ་ཡི། །ལག་ལེན་བརྒྱ་རྩའི་ལས་ཀྱི་ནན་ཏན་ཡང་། །ཁྱོད་གཅིག་མེད་ན་འབྱུང་བར་མི་འགྱུར་བས། །བསྟན་པའི་བདག་པོ་མྱུར་དུ་ཕེབས་པར་ཞུ། །རྩ་བའི་ལུང་དོན་བཤད་པའི་སྡེ་བཞི་ཡི། །དགག་སྒྲུབ་གནང་བའི་བསླབ་པ་ཕྲ་མོའི་ཆ། །ཡིད་ཆེས་ལུང་གིས་དཔོག་པ་ཆེས་དཀའ་བས། །སྟོན་པའི་ཞལ་འཚབ་མྱུར་དུ་ཕེབས་པར་ཞུ། །བྱང་ཆུབ་སེམས་སྦྱོང་བརྒྱུད་པའི་ཆུ་བོ་གཉིས། །ཨ་ཏི་ཤ་ནས་འདྲེས་པའི་བཀའ་གདམས་ལུགས། །སྨོན་འཇུག་ཆོ་ཀས་འབོག་མཁན་མི་བཞུགས་པས། །ཐེག་མཆོག་དགེ་བའི་བཤེས་ཁྱོད་ཕེབས་པར་ཞུ། །རླབས་ཆེན་ཕྱིན་དྲུག་སྤྱོད་པའི་ཁོག་སྲོང་བར། །བྱམས་ཆོས་ལྔ་དང་རིགས་ཚོགས་དྲུག་སོགས་ཀྱི། །ཤིང་རྟ་ཆེན་པོའི་གཞུང་ལུགས་ཆེས་དགོས་པས། །མཁས་པའི་དབང་པོ་ཁྱོད་ཉིད་ཕེབས་པར་ཞུ། །སྐལ་བཟང་སྔགས་ཀྱི་ཐེག་པར་འཇུག་པའི་སྒོ། །རྒྱུད་སྡེ་རྣམ་བཞིའི་དབང་གི་ཆུ་བོ་ཡིས། །སྐུ་བཞིའི་ས་བོན་བསྐྲུན་ནུས་ཆེས་དཀོན་པས། །རྡོ་རྗེ་འཆང་དབང་ཁྱོད་ཉིད་ཕེབས་པར་ཞུ། །ལམ་སྲོག་དམ་ཚིག་ཟབ་མོའི་རྨིང་བཏིང་དང་། །རྒྱུད་སྡེ་སྤྱི་དང་བྱེ་བྲག་བླ་མེད་ཀྱི། །དཀྱིལ་འཁོར་རྒྱ་མཚོའི་ལས་ཀྱི་བྱེད་པོ་རུ། །རྡོ་རྗེ་སློབ་དཔོན་མཆོག་ཁྱོད་ཕེབས་པར་ཞུ། །མདོར་ན་དམ་པ་སྔ་མས་བོར་བ་ཡིས། །དམ་ཆོས་སྣང་བ་བྲལ་བའི་ཡུལ་ངན་འདི། །ད་ལྟ་ཁྱོད་ཀྱིས་བདག་གིར་མ་མཛད་ན། །ཕྱིས་འབྱུང་བསྟན་པའི་ན་ཚོད་ཇི་ལྟར་སྨིན། །དེ་ཕྱིར་དབུས་གཙང་དག་པའི་ཞིང་ཁམས་ཞེས། །མིང་དོན་མཐུན་ལ་ཡོད་སྣོན་མི་དགོས་པས། །བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའི། །ཕྱོགས་འདིར་ཆིབས་ཀྱིས་ཁ་ལོ་བསྒྱུར་བར་ཞུ། །གོ་ལོག་སྡིག་པའི་མུན་པ་སངས་བ་དང་། །མདོ་སྔགས་བསྟན་པའི་ཉི་མ་ཤར་བའི་བར། །ཁྱོད་ཀྱི་ཞབས་པད་རྡོ་རྗེའི་ཁྲི་འཕང་ལ། །བརྟན་པར་བཞུགས་པའི་ཐུགས་བསྐྱེད་གནང་བར་ཞུ། །དེ་སྐད་གསོལ་བ་བཏབ་པའི་ཞུ་ཚིག་ཉིད། །ལྷ་རྫས་དཀར་པོས་འདེགས་རྟེན་དང་བཅས་ཏེ། །རྣམ་རྒྱལ་དགེ་མཚན་ལྡན་པའི་གཙུག་ལག་ཁང་། །འཛིན་པའི་གུས་སློབ་དྷརྨ་སཱ་ར་ནས། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་དང་བཅས་ཏེ་ཕུལ་བའི་ཞུ་ཡིག་ལགས་སོ།། །།

རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།