སྙིང་ནས་ཆོས་ཤིག་སྒྲུབ་འདོད་ན། །ངོ་ལྐོག་མེད་པར་བླ་མ་བསྟེན། །
བླ་མ་ལ་ཕྱག་འཚལ་ལོ། །སྙིང་ནས་ཆོས་ཤིག་སྒྲུབ་འདོད་ན། །ངོ་ལྐོག་མེད་པར་བླ་མ་བསྟེན། །ཅི་གསུང་སེམས་ཀྱི་བཅུད་དུ་ལོངས། །དུས་རྒྱུན་སྤྱན་མིག་ཡར་བལྟས་ཏེ། །ཐང་ལྷོད་མེད་པར་དཔེ་ཆར་ལྟོས། །གཅིག་ཤེས་གཉིས་ཤེས་རྒྱུད་ལ་སྦྱོར། །གཞུང་བཟང་རེ་རེའི་ཚིག་གི་ཆའང་། །ཡང་ཡང་ཐོན་ལ་བློ་ལ་ལོངས། །དོན་ལ་གཞན་ལ་འདྲི་རྟོག་དང་། །རྩོད་པས་གདར་ཤ་ཨེ་ཆོད་ལྟོས། །རྩ་བ་སྙིང་རྡོ་ཨི་ཐི་བ། །བསྲུང་སྡོམ་ཡིན་པས་ཤིན་ཏུ་གཟོབ། །ཉིན་རེ་བཞིན་ཡང་རྟོག་དཔྱོད་དང་། །ལོ་ཟླ་རེ་བཞིན་འཚོ་སྐྱོང་མཛོད། །དེ་ལྟར་བྱས་ན་མི་འགྱང་བར། །མང་ཐོས་ཚུལ་ཁྲིམས་ལྡན་པ་རེ། །འོང་ནས་རང་གི་དོན་འགྲུབ་ཅིང་། །གཞན་གྱིས་བསྔགས་པའི་གནས་སུ་འགྱུར། ། དེ་མིན་མདོ་ཤོར་བྱེད་འདོད་ན། །དམ་སྡོམ་གར་སོང་ཆ་མེད་ལ། །སློབ་གཉེར་ཡ་ལི་ཡི་ལེ་གྱིས། །ལྟོག་མུག་འཁྱག་གསུམ་མྱོང་བཞིན་དུ། །ནམ་ཟླ་ཟད་ཟད་སྡུག་སྒུར་མཛོད། །ཁ་མང་གྱོད་གྱི་གླེང་འདྲེ་དང་། །ལག་མང་ཡོ་བྱད་བཅག་གྲུམ་གཞི། །བློ་མང་གཏད་སོ་མེད་པ་ཡིས། །རྒྱུན་པར་རང་སྡུག་རང་ཉོ་མཛོད། །དགེ་འདུན་འདུས་པའི་ལྷ་གྲྭལ་ནས། །ཕྱི་མའི་ལམ་རྒྱགས་ཆོས་མ་འགྲུབ། །འཇིག་རྟེན་མི་ཡི་བཟའ་གྲྭལ་ནས། །ཚེ་འདིར་དགོས་པའི་སྐལ་མི་དབང་། །དེ་འགྲུབ་འདི་འགྲུབ་མེད་པ་ཡིས། །སྐྲ་དཀར་ཚེམས་ཀྱི་ཟེའུ་འབྲུ་འཐོར། །ལུས་ཀྱི་མེ་ཏོག་བཀྲག་ཉམས་ཏེ། །དཀོན་མཆོག་མཉེས་པའི་མཆོད་རྫས་མིན། །གྲོགས་མཆེད་དགའ་བའི་མཛེས་རྒྱན་མིན། །རང་ལྟོ་སྦྲང་མ་ཙམ་འཚོ་བའི། །ལོངས་སྤྱོད་ནོར་གྱི་སྦྲང་རྩི་མེད། །འདི་མེད་ཕྱི་མ་མེད་པ་ཡི། །གཉིས་མེད་ཁྱི་རྒན་འཁྱམ་པོ་གཉིས། །གང་མཛད་འདམ་ཁ་རང་ལ་ཡོད། །དེ་ལ་ཐུགས་ཀྱིས་རྟོག་དཔྱོད་མཛོད། །ཞལ་གདམས་སྙན་མོ་ངས་མི་ཤེས། །ཟབ་མོའི་གདམས་པ་ང་ལ་མེད། །གནའ་བོའི་བླ་རྒན་རྒྱུད་དྲང་རྣམས། །རྩུབ་མོའི་ཁ་ཏ་བྱེད་སྲོལ་བཞིན། །ང་ཡང་ཅུང་ཟད་སྨྱོས་པའི་གཏམ། །རྣ་བར་འབབ་ན་དེ་འདྲ་ལགས། །དེང་སང་དུས་ཀྱི་མར་གཤམ་ན། །མི་ངན་རང་རྒྱུས་མ་ལོན་རྣམས། །བསླུ་ཚིག་ངོ་བསྟོད་ལ་དགའ་ཡང་། །ངོ་བསྟོད་དོན་མེད་ཡིན་པས་བཞག། །ཚིག་པ་ཟ་ན་མཐོལ་ལོ་བཤགས། །དྷརྨ་སཱ་རས་བྲིས་པ་དགེ་ལེགས་འཕེལ། དགེའོ།། །།
འཇམ་དབྱངས་ཆོས་ཀྱི་ཁང་བཟང་དམ་པ་རུ། །བསྟན་པའི་རྒྱལ་མཚན་འཛིན་པའི་བཤེས་གཉེན་དྲུང་། །འདི་ཕྱི་དགེ་བའི་བསོད་ནམས་ཟོང་གི་ཕྲེང་། །ཅི་དགར་སྤེལ་བཞིན་སོས་དལ་སྡོད་པ་དང་། །ཏིག་ཏིག་རིགས་སྔགས་ཀློག་པའི་ས་འོག་གི །རི་དྭགས་དྲང་སྲོང་རང་ཤོང་ཕུག་པའི་སྒོར། །མཇུག་མས་རྔ་ཡབ་གཡོ་བཞིན་རྒྱུ་བ་ལ། །བསོད་ནམས་མིན་པ་གསོག་བཞིན་རྒྱུ་བ་གཉིས། །གང་ཞིག་ཕྱག་བཞེས་མཛད་པའི་འདམ་ཁ་སྟེ། །ཆུ་ནང་པདྨ་གསར་བའི་རྗེས་འགྲོ་བའི། །པདྨའི་ཐ་སྙད་འཛིན་པ་ཁྱོད་ལ་ཡོད། །དེ་སླད་རྣམ་དཔྱོད་རལ་གྲིའི་སོ་ཕྱུང་ཤིག། །
བླ་མ་མཁྱེན། རང་ཉིད་མི་མཐོང་གཞན་རྣམས་མཐོང་བ་ཡི། །བློ་གྲོས་མིག་གིས་རེ་ཞིག་བལྟས་པ་ན། །མཚར་དགུ་མི་མཐོང་མཚང་དགུ་མཐོང་ནས་ནི། །བུ་གཅེས་སྟོར་བའི་རྔ་མོང་བཞིན་དུ་ངུ་། །ཐུགས་རྗེས་གཟིགས་སམ་བླ་མ་རིན་པོ་ཆེ། །༡གནའ་ཞིག་ལུས་ནི་རྒ་བས་ནོན་པ་བཞིན། །མཐོང་རྒྱ་ཆེ་བས་རྣམ་དཔྱོད་དར་བར་བརྩི། །ད་ནི་ལུས་བློ་ལྷན་ཅིག་རྒ་བ་ཡིས། །རྒུད་ཅེས་རྒན་ལ་འཕྱ་བའི་རྒྱང་འཕེན་སླེབ། །མུ་སྟེགས་ལས་ཀྱང་ཡང་སྟེགས་འདི་ལ་ལྟོས། །༢ ལུས་སེམས་བསྐྱེད་པའི་ཕ་མ་སློབ་དཔོན་ལ། །གཙོ་བོར་བྱེད་པ་གནའ་བོའི་ལུགས་སྲོལ་ཏེ། །ན་ཚོད་མཉམ་དང་བཞིན་མདངས་སུ་ལེགས་ལ། །ཡ་དཔེར་འཛིན་པ་ད་དུས་ངན་པའི་གཤིས། །དུས་ཚོད་འདི་འདྲར་དམ་པ་སུ་ལ་འགྲིམས། །༣ཆོས་མཐུན་གྲོགས་ལ་ཆོས་ཀྱི་མཆེད་ཟེར་ཏེ། །ཕྱོགས་རིས་སྤངས་པ་དམ་ཚིག་ཅན་གྱི་སྲོལ། །ངན་སྤྱོད་བྱེད་ལ་བློ་གྲོས་མཐུན་པའི་ཚེ། །མཛའ་གཅུགས་ཆེ་བ་མདོ་ཤོར་རྣམས་ཀྱི་ལུགས། །ཚོགས་མཆོག་དགེ་འདུན་སུ་ཡིས་བསྟེན་ཚུལ་ཤེས། །༤ཀྱེ་མ་བླ་མ་སངས་རྒྱས་དངོས་ཞིག་གིས། །གསུང་སྒྲོས་དམ་དུམ་ཡིད་ལ་བཅང་གྱུར་ཏེ། །ཕྱོགས་རིས་མེད་པར་ཕན་པའི་བློ་འཆང་ཡང་། །སྐལ་ངན་རྣམས་ལ་ཁྱི་ལ་དར་ཟབ་བཞིན། །ད་ནི་སུ་ལ་ཇི་ལྟར་ཕན་པར་ནུས། །༥ཕན་པའི་བསླབ་བྱ་ཤ་ཚའི་གྲོས་ཀྱི་གཏམ། །རྣམ་དཔྱོད་ཅན་ལ་རིན་ཐང་ཆེ་མོད་དེ། །བསོད་ཆུང་ཤེས་རབ་དམན་ལ་ཟློས་ན་ཡང་། །མི་བཟོད་ཁོང་ཁྲོའི་རྡུལ་ནི་ལྡང་བའི་གཞི། །སྨན་ལ་དུག་དུ་འཁྲུལ་བ་འདི་འདྲར་ལྟོས། །༦ལུགས་གཉིས་སྤྱོད་པ་གང་དང་འཕྲད་མ་ཐག། །འཕྲལ་དུ་མངོན་ཚན་ཆེ་བས་འབར་ན་ཡང་། །དེ་མ་ཐག་ཏུ་འདོར་བས་ཡུན་ཐུང་བ། །དེང་སང་སྐྱེ་བོ་རྩྭ་ཡི་སྒྲོན་མེ་འདྲ། །འབར་ཡུན་ཐུང་དང་སྣང་ནུས་ཆུང་ལ་ལྟོས། །༧གཤིས་བཟང་དཀར་འཇམ་འོ་མ་ལྟར་སྣང་བས། །ཡ་རབས་སྤྱོད་ལ་ནན་གྱིས་བཅུག་པ་ན། །ཡོན་ཏན་མར་མེད་ཉེས་སྤྱོད་དྲི་ངན་ཅན། །དེང་སང་སྐྱེ་བོ་བོང་བུའི་འོ་མ་འདྲ། །བཅོས་གྱིན་རང་གཤིས་ངན་པ་མངོན་ལ་ལྟོས། །༨ཕར་ལ་དྲིན་གྱིས་ཅི་ཙམ་བསྐྱངས་གྱུར་ཏེ། །མི་གྲྭལ་ཆུད་པ་དེ་ཙམ་ང་རྒྱལ་ནས། །ཚུར་ལ་དྲིན་ཅན་མ་ཡི་སྤུ་བཏོག་པའི། །དེང་སང་སྐྱེ་བོ་སྐྱ་ཀའི་ཕྲུ་གུ་འདྲ། །ཕན་པའི་དྲིན་ལན་ལོག་པས་འཇལ་ལ་ལྟོས། །༩དམ་པའི་བཤེས་དང་གྲོགས་ཀྱི་ལྗོན་པ་ལ། །རེ་ཞིག་འཁྲིལ་ཡང་རང་གཤིས་ཡང་པས་ན། །གྲོགས་ངན་རླུང་གིས་གཡང་སར་འཕེན་ངེས་པ། །དེང་སང་སྐྱེ་བོ་ཤིང་ལོ་རུལ་བ་འདྲ། །ཟླ་ཤས་སོང་ནས་དམའ་སར་ལྷུང་ལ་ལྟོས། །༡༠ཕུག་གི་འདོད་དོན་འདི་དང་འདི་འདྲའི་སླད། །འཕྲལ་གྱི་བྱ་བ་འདི་དང་འདི་རྩོམ་ཞེས། །རྣམ་པར་དཔྱོད་པའི་བློ་སེམས་བྲལ་བ་ཡི། །དེང་སང་སྐྱེ་བོ་མི་ཡི་རོ་དང་འདྲ། །གཞན་གྱིས་གར་བསྒྱུར་འགྱེལ་བའི་ཚུལ་ལ་ལྟོས། །༡༡ཀྱེ་མ་ཀྱེ་ཧུད་སྐྱབས་གནས་དཀོན་མཆོག་གསུམ། །འདི་འདྲའི་མི་ངན་སྐྱེས་པའི་དུས་ངན་འདི། །ཕྱུགས་ངན་ནམ་ཟླ་ངན་པས་བཅོམ་པ་ཡི། །དུས་ངན་ལས་ནི་བརྒྱ་འགྱུར་ངན་པས་ན། །བྱིན་རླབས་མཐུ་དཔུང་བསྐྱེད་ཅིག་སྙིང་རྗེའི་མགོན། །
རྩོམ་སྒྲིག་པ། མང་ར་བ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn