སྣོད་རྣམ་པ་གསུམ་གདམས་པར་སྒྲོག་པའི་ཆོས་ཀྱི་གཏམ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2023-04-18 21:31:39     རྩོམ་པ་པོ།   སྙན་དགོན་སྤྲུལ་སྐུ།     ཀློག་ཐེངས།  

          བྱིན་རླབས་གཏེར་ཆེན་བླ་མ་དམ་པའི་ཞབས། །སྤྱི་བོའི་རྒྱན་དུ་ཅོད་པཎ་ལྟར་བཅིངས་ནས། །སྐལ་བཟང་གྲོགས་དེའི་ཞལ་ངོ་མི་ལྡོག་སླད། །མཁས་པའི་གསུང་འགའ་རྗེས་ཟློས་ཚུལ་དུ་ཞུ། །ཀྱེ་ལགས་ཆོས་ཀྱི་གནད་བརྒྱ་འགག་བསྡུས་ཚེ། །འཆི་བ་དྲན་ནས་འདི་སྣང་ཞེན་ལོག་དང་། །ཉེས་དམིགས་དྲན་ནས་འཁོར་བ་སྤོང་འདོད་དང་། །སེམས་ཅན་དྲན་ནས་གཞན་དོན་བྱེད་འདོད་གསུམ། །མེད་ཐབས་མེད་པར་མཁས་པ་རྣམས་ཀྱིས་གསུངས། །དེ་ཕྱིར་བློ་ལྡོག་བཞི་དང་བྱང་ཆུབ་སེམས། །སྙིང་གི་ཟེའུ་འབྲུར་བཅིང་བའི་ཉམས་ལེན་གྱིས། །ཆོས་དང་རང་རྒྱུད་རྡོ་རུས་གཏུག་ན་ལེགས། །སྣང་སྟོང་འགལ་མེད་ཕན་ཚུན་གྲོགས་ཤར་བའི། །ཀླུ་དབང་རང་ལུགས་ཟླ་བས་བཀྲལ་བ་དེ། །གང་ན་སུ་ལ་ཡོད་པ་གཟུ་བོས་བློས། །དཔྱད་དེ་ཤེར་ཕྱིན་རིགས་སྔགས་བགྲངས་ན་ལེགས། །ཐུན་མོང་ལམ་གྱི་རྟ་ལ་མ་བཞོན་པར། །ཐུན་མིན་སྔགས་ཀྱིས་ལམ་རིང་གཅོད་འདོད་ནས། །འོད་གསལ་རིག་པའི་མིག་དེ་ཕྱེ་རློམ་ཡང་། །དོན་གནས་འོང་བ་དཀའ་བས་བཞག་ན་ལེགས། །བྱང་ཆུབ་སེམས་ཀྱིས་བཅོས་མིན་སྨིན་པའི་རྒྱུད། །མོས་གུས་སྲོག་ཏུ་བཟུང་བའི་བླ་རྣམ་སྒོས། །སེམས་རིག་ཕྱེ་བའི་ཟང་ཐལ་ལ་བཟླ་ཡིས། །ཆོས་སྐུའི་རང་ཞལ་མཇལ་ན་ཤིན་ཏུ་ལེགས། །དེ་སྐད་གསོལ་འདི་རང་ལ་མེད་གྱུར་ཅིང་། །ཁྱེད་ལ་གྲུབ་ཟིན་སྒྲུབ་པ་ཡིན་ལགས་ཏེ། །ལྷ་ཡི་བྱ་བཞིན་གསལ་འདེབས་ཙམ་དུ་ནི། །སྤྲང་བན་དྷརྨ་སཱ་ར་ཞེས་བྱས་སྨྲས། །དགེའོ།།

      བླ་མའི་ཞབས་པད་གཙུག་ཏུ་བསྟེན། །དལ་འབྱོར་སྙིང་པོ་ལེན་འདོད་བསྐྱེད། །མི་རྟག་དྲན་པས་ལོང་མེད་སོམས། །ཕྱི་མ་ངན་འགྲོའི་སྡུག་བསྔལ་སྒོམས། །སྐྱབས་གསུམ་གཙུག་གི་ནོར་བུར་མཆོད། །ལས་འབྲས་བླང་དོར་ཞིབ་མོ་གྱིས། །འཁོར་བའི་སྡུག་བསྔལ་ཡང་དང་ཡང་། །མདོ་སྡེ་ལས་གསུངས་ངེས་པ་ཡིས། །ཐར་འདོད་བློ་སྣ་ཤུགས་དྲག་པོས། །སོ་ཐར་ཚུལ་ཁྲིམས་གཙང་མ་མཛོད། །རྒྱུ་འབྲས་མན་ངག་བདུན་དང་ནི། །བདག་གཞན་མཉམ་དང་བརྗེ་བའི་བློས། །རྙེད་དཀའ་རིན་ཆེན་བྱང་ཆུབ་སེམས། །ཡང་ཡང་ཡིད་ཀྱི་ཟེའུ་འབྲུར་མཛོད། །སེམས་བསྐྱེད་དེ་དང་མཐུན་པ་ཡི། །རྒྱལ་བའི་སྲས་ཀྱི་སྤྱོད་པ་ཡང་། །ཕྱིན་དྲུག་བསྡུ་བཞི་ཉིད་ལགས་པས། །སློབ་འདོད་ཐུགས་དམ་མཐིལ་དུ་གྱིས། །ཁྱད་པར་བྱིང་རྒོད་བྲལ་བ་ཡི། །ཏིང་འཛིན་བརྟན་པོའི་བཞོན་པ་ལ། །གནས་ལུགས་རྟོགས་པའི་ཤེས་རབ་ཀྱི། །རིག་པའི་སྐྱེས་བུས་བཞོན་པར་མཛོད། །དེ་ཚེ་དམིགས་གཏད་མེད་པ་ཡིས། །སྟོང་པ་ཁས་ལེན་བྲལ་བཞིན་དུ། །ཐ་སྙད་ཕར་བཏགས་ཙམ་ཉིད་དུ། །འཁོར་འདས་རྟེན་འབྱུང་འཐད་པ་ལགས། །དེ་ནས་ཟབ་མོ་རྡོ་རྗེ་ཐེག། །ཚོགས་གཉིས་འདུམ་ལ་འཕྲུལ་ཆེ་བས། །རྡོ་རྗེ་སློབ་དཔོན་མཉེས་པའི་སྒོས། །རིམ་གཉིས་སྨིན་གྲོལ་ཉམས་བཞེས་མཛོད། །རང་གི་མ་མྱོང་རྒྱ་གར་གཏམ་བཞིན་དུ། །དམ་པའི་གསུང་སྒྲོས་རྣ་བར་བྱང་བ་འགའ། །དམ་པའི་རིགས་ཅན་ཁྱོད་ཐུགས་གསལ་འདེབས་སླད། །ལྷ་ཡུལ་བྱ་བཞིན་དྷརྨ་སཱ་རས་སྨྲས།། །། 

  བླ་མ་ཕྱག་འཚལ་ལོ། །དལ་འབྱོར་མི་ལུས་ཐེག་མཆོག་དགེ་བའི་བཤེས་སོགས། །དམ་ཆོས་མཐུན་རྐྱེན་བཟང་པོའི་རྟེན་འབྲེལ་འགྲིགས་ཀྱང་། །བློ་གྲོས་ཆོས་ལ་གོམས་པ་ཅི་ཡང་མེད་པར། །བློ་ངན་ཆོས་ལ་དྲེད་པ་ང་འདྲའི་ཁ་ན། །ཐུགས་རྒྱུད་ཆོས་ལ་བསྐུལ་བའི་གདམས་པའི་བདུད་རྩི། །མོ་གཤམ་ལ་ནི་བུ་བཞིན་ཡོད་པ་མིན་མོད། །འོན་ཀྱང་ཞལ་ངོ་མི་བཟློག་ཚིག་བཅད་དུམ་ཆོད། །བརྩོན་པའི་ཉམས་སད་དགོངས་ན་ལོས་འབུལ་ལགས་སོ། །གདམས་ངག་མཁན་པོ་རྫོགས་པའི་སངས་རྒྱས་ལགས་ཏེ། །ལྷ་དང་བཅས་པའི་འཇིག་རྟེན་གང་དུ་ཉུལ་ཀྱང་། །བདེན་གཉིས་རེས་འཇོག་མེད་པར་མངོན་སུམ་གཟིགས་པས། །ཁོང་ལས་མཁས་པ་སུ་ཡང་ཡོད་ཚོད་མི་འདུག། །ཐར་བའི་ལུས་ཟུངས་གསོ་བའི་གདམས་ངག་སྨན་ཆེན། །དྲི་མ་མེད་པའི་སྡེ་སྣོད་རྣམ་གསུམ་ཡིན་པ། །མང་ཐོས་ཁྱེད་འདྲའི་ཐུགས་ལ་སྔར་ནས་གྲུབ་ན། །འཆལ་པོ་ང་འདྲའི་ཁ་དེ་གཙེས་པས་ཅི་ཕན། །འདུལ་བའི་མེ་ལོང་ངོས་ལ་གཟིགས་རྟོགས་མཛོད་དང། །སྡོམ་ཁྲིམས་བཞིན་རས་དག་གམ་མ་དག་ཤེས་ཀྱི། །མ་དག་བཞིན་དུ་ཅི་མི་སྙམ་དུ་བཞུགས་ན། །སྡེ་བཞི་ལུང་ཡང་གདམས་ངག་མ་སོང་ལགས་སོ། །བྱིང་རྒོད་རྙོག་པ་སེལ་བའི་མདོ་སྡེའི་ནོར་བུ། །སེམས་ཀྱི་རྫིང་བུར་ཡང་དང་ཡང་དུ་བཀོད་དེ། །དགེ་བའི་དམིགས་རྣམ་བསྐྱངས་བ་ཁྱེད་ལ་ཡོད་ན། །མདོ་སྡེ་ལས་གཞན་གདམས་ངག་ཅི་ཞིག་དགོས་ཏེ། །རྣ་བའི་བུ་གར་ཐོས་ཐོས་བསེར་བུ་མང་ཡང་། །ཐུགས་ཀྱི་གོར་མོར་སྲ་སྙི་སྔར་བཞིན་ལགས་ན། །ང་འདྲར་མ་ཟད་རྫོགས་པའི་སངས་རྒྱས་གསུངས་ཡང་། །ཟབ་མོའི་གདམས་པར་ཤར་བ་མེད་པ་ལགས་སོ། །གང་སྣང་སྣང་ཚུལ་རང་སྤྱིའི་མཚན་ཉིད་སྒོ་ནས། །ཀུ་ཤའི་རྩེ་ལྟར་མ་འདྲེས་སོ་སོར་བཀྲ་བས། །རིལ་པོར་འཛིན་པའི་ལྷན་སྐྱེས་བློ་ངན་འགོག་པའི། །གདམས་ངག་ཐོང་སོ་རྣོན་པོ་མངོན་པ་ཡིན་ན། །གདམས་ངག་དེ་ཚོ་ཐུགས་ལ་ཐེབ་པ་ཡོད་ན། །བདག་མེད་ལྟ་བའི་ནོར་བུ་བྱི་དོར་བྱས་ཏེ། །བསླབ་པ་གཉིས་ཀྱི་དར་ཤམས་རྩེ་ལ་བཀོད་ནས། །བསྟན་པའི་རྒྱལ་མཚན་བསྒྲེང་པ་སྐྱིད་དགུའི་ཡང་རྩེ། །སྡེ་སྣོད་ཐོས་པ་མང་ཡང་བསམ་པ་ཉུང་ལ། །སྡོམ་གསུམ་བླང་བ་མང་ཡང་བསྲུང་བ་དཀོན་པའི། །སྡུག་དྲེད་ང་འདྲ་ཡིན་ན་གྲོང་མཐའི་ཁྱི་བཞིན། །མ་རབས་ངན་དགུ་སྤུངས་བའི་ཕུང་པོ་ལགས་སོ། །སྡེ་སྣོད་གསུམ་འདི་གདམས་པར་ཤར་བའི་ཉམས་ལེན། །བློ་བཟང་རྒྱལ་བའི་དབང་པོའི་ཕྱག་བཞེས་ལགས་ཏེ། །ཁྱེད་ཀྱང་སྙིང་ནས་ཆོས་ལ་སྤྲོ་བ་ཡིན་ན། །ཐེག་མཆོག་ཆོས་མཛོད་འབྱེད་པའི་ལྡེ་མིག་བཟང་པོ། །མགོན་པོ་ཨ་ཏི་ཤ་ཡི་ཕྱག་ནས་བྱུང་འདིས། །ཆོས་ཀྱི་རྒྱལ་པོའི་གསུང་རབ་གཏེར་ཁ་ཕྱེས་ཏེ། །བློ་གྲོས་ན་ཚོད་བསྐྱེད་དུ་བསྲིང་ན་ལགས་པ། །རང་ལ་མེད་ཀྱང་གསལ་འདེབས་སླད་དུ་ཞུས་སོ། །དེ་སྐད་སྡེ་སྣོད་འཛིན་པ་གང་གི་སྙན་དུ། །ཚིག་དང་དོན་གྱི་ཉམས་ལྡན་སྙན་དངགས་མཆོད་སྤྲིན། །འབུལ་རྒྱུས་ཕོངས་ཡང་སྡེ་སྣོད་རྣམ་པ་གསུམ་པོ། །གདམས་པར་སྒྲོག་པའི་ཆོས་གཏམ་ཙམ་ཞིག་བྱས་སོ། །དྷརྨ་སཱ་རས་གུས་པས་ཕུལ། དགེའོ།། །།

རྩོམ་སྒྲིག་པ། མང་ར་བ།

                   གསལ་འདེབས།

                           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                                                                            དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།