སྤྲུལ་བའི་སྐུ་མཐུ་སྟོབས་ལགས་ལ་གསལ་འདེབས་སུ་སྨྲས་པ།
བླ་མ་རྗེ་བཙུན་ཆེན་པོས་བཀའ་དྲིན་དྲན་ཏེ། །ཡང་ཡང་གདུང་ཤུགས་དྲག་པོས་གསོལ་བ་བཏབ་ནས། །བུ་ཁྱོད་ཆོས་ལ་བློ་ཁ་ཕྱོགས་པ་ཡིན་ན། །དྲན་ཚོད་ཚིག་གསུམ་ཞུའོ་སྙིང་ལ་ཆོངས་དང་། །འཁོར་བའི་གནས་འདིར་སྡུག་བསྔལ་འཛད་མེད་འཕྲང་རིང་། །གཉེན་པོ་བསླབ་གསུམ་མིན་པ་གང་གིས་ནམ་ཡང་། །མི་ཆོད་ལམ་ཆེན་ཉུལ་བའི་འོ་སྐོལ་སོ་སྐྱེ། །རང་སྡུག་རང་གིས་ཤེས་ན་ཤེས་ཚོད་ཡིན་ན། །མི་ཤེས་འཕྲལ་གྱི་སོ་ཚིས་འདི་གས་ཕུང་སྟེ། །ཡང་ཡང་ངན་སོང་འཁྱམས་པ་ད་སྔའི་འགྲོ་ལུགས། །ད་དུང་ཚེ་འདིའི་ཆགས་སྡང་བློ་ཕུག་བཅུག་ན། །སྡིག་པའི་བང་མཛོད་གསོག་ལས་ཅི་ཡང་མེད་དོ། །ཨ་ཀྱེ་མཐུ་སྟོབས་ལགས། ཅི་ཡང་མེད་དོ། །ངེས་པར་མེད་དོ། །མི་ལུས་བཟང་པོ་འདི་འདྲ་ཐོབ་པ་ལགས་ཏེ། །དགྲ་འདུལ་གཉེན་སྐྱོང་ལོངས་སྤྱོད་གསོག་སྲུང་ལས་ཀས། །ཉིན་མཚན་སྦྲེལ་བའི་མུ་ལ་འཆི་བདག་ཁོ་རང་། །གློ་བུར་སླེབ་ཏེ་བཙན་ཁྲིད་བྱེད་རྒྱུ་ཡིན་ན། །བཟློག་མེད་གཤིན་རྗེའི་ཞགས་པས་ཁེར་ཁྲིད་བྱེད་ཚེ། །མིག་གཉིས་མཆི་མ་སྒར་རེ་གསོན་ལ་འཕྲང་ཀྱང་། །སྡོད་ཐབས་མེད་པར་འགྲོ་ན་དམ་ཆོས་ནོར་བུ། །སེམས་ཀྱི་སྐུད་པར་བརྒྱུས་པའི་ལམ་རྒྱག་དགོས་འདུག །ཨ་ཀྱེ་མཐུ་སྟོབས་ལགས། ཤིན་ཏུ་དགོས་འདུག། །ངེས་པར་དགོས་འདུག། །གལ་ཆེན་ཚེ་རབས་གཏན་གྱི་སྐྱིད་སྡུག་འདོར་ལེན། །ད་རེས་དལ་འབྱོར་ཐོབ་དུས་མི་བསྒྲུབ་ནམ་བསྒྲུབ། །སྣང་བ་ཡེངས་ལ་མི་ཚེ་ཤོར་ནས་འགྲོ་བའི། །འདི་སྣང་ལས་ཀ་མང་པོ་ཆོས་ཀྱི་གེགས་ཏེ། །གཉེན་བཤེས་མཛའ་གྲོགས་སྡིག་པའི་ལས་ཀྱི་གཞི་མ། །མང་པོ་མང་པོ་ལབ་པས་དུག་གི་གཡོ་སྐོལ། །བཏུང་གྱིན་བཏུང་གྱིན་དམ་ཆོས་སྨན་དང་བྱེར་ནས། །མངོན་མཐོ་ངེས་ལེགས་སྲོག་རྩ་ཆད་ནས་འགྲོའ།ོ །ཨ་ཀྱེ་མཐུ་སྟོབས་ལགས། ཆད་ནས་འགྲོའ།ོ །ངེས་པར་འགྲོའ།ོ །ཅེས་ཀྱང་ཕྱི་མར་ཕན་པའི་ལྷ་ཆོས་བསམ་ན། །ཆོས་ཀྱི་ཐོག་མ་རྟེན་འབྲེལ་མགོ་ནས་བསྒྲིགས་པ། །མཚན་ལྡན་དགེ་བའི་བཤེས་གཉེན་བསྟེན་ཚུལ་ཡིན་ཞེས། །བཀའ་དང་དགོངས་འགྲེལ་མཁན་པོས་ཡང་ཡང་གསུངས་ཏེ། །ཁྱོད་བློ་ཆོས་ལ་འགྱུར་བ་ངེས་པར་ཡོད་ན། །ང་འདྲ་ལྟར་སྣང་བླ་མ་མིན་པའི་དྲུང་དུ། །སྒོ་གསུམ་གཡོ་ཟོལ་མེད་པར་སྙིང་གི་ཁོང་ནས། །སྣ་ཐག་བླ་མའི་ཕྱག་ཏུ་ངེས་པར་འཇོག་དགོས། །ཨ་ཀྱེ་མཐུ་སྟོབས་ལགས། ལེགས་པར་འཇོག་དགོས། ངེས་པར་འཇོག་དགོས། དམ་ཆོས་ཐར་བའི་ལམ་བཟང་བགྲོད་སྙམ་ཡོད་ན། །ཐར་བའི་ས་མཁན་དགེ་བའི་བཤེས་ཀྱི་དྲུང་ནས། །དུས་གསུམ་འཕགས་པ་ཐར་བར་བགྲོད་པའི་གཤེགས་ཤུལ། །ལྷག་པའི་བསླབ་གསུམ་ལམ་ཆེན་ཡིན་པར་འདུག་ན། །ལམ་འདི་མཚོན་པའི་སླད་དུ་རྒྱལ་བ་དེ་ཡིས། །ཐུགས་བརྩེས་སྡེ་སྣོད་གསུམ་གྱི་ཞལ་གདམས་འདི་གོ །རང་རེའི་དོན་དུ་མི་ཉུང་གསུངས་ནས་བཞག་ཡོད། །དེ་ལ་ཐོས་བསམ་མེད་པར་བསྒྲུབ་ཚུལ་མེད་དོ། །ཨ་ཀྱེ་མཐུ་སྟོབས་ལགས། བསྒྲུབ་ཚུལ་མེད་དོ། །ངེས་པར་མེད་དོ། །ཐོས་བསམ་སྐྱོག་གིས་བཅུས་པའི་ཚིག་ཚོགས་ཕྱེ་ཐུག །རང་སེམས་ལྗགས་སྟེང་བླངས་ཏེ་ཡང་ཡང་མྱང་ནས། །ཉམས་རྟོགས་ལུས་ཀྱི་ཤེ་མོང་རྒྱས་པའི་ཚོད་དུ། །དཔྱད་འཇོག་སྤེལ་མར་བྱེད་པ་རྒྱལ་བའི་རང་ལུགས། །ཆོས་ལ་བློ་ཁ་འཁོར་བ་འཆུག་མེད་ཡིན་ན། །འདུ་འཛིས་གཡེང་བ་བཤོལ་ཏེ་ད་ནི་མྱུར་བར། །ཆོས་མཐུན་གྲོགས་དང་ལྷན་ཅིག་ཕྱག་བཞེས་དེ་ཚོ། །ངེས་པར་ཕྱག་ལེན་འདེབས་རྒྱུ་རན་ནས་འདུག་གོ །ཨ་ཀྱེ་མཐུ་སྟོབས་ལགས།རན་ནས་འདུག་གོ །ངེས་པར་འདུག་གོ །ཞེས་པའང་སྤྲུལ་བའི་སྐུ་མཐུ་སྟོབས་ལགས་ལ་གསལ་འདེབས་སུ་སྨྲས་པ་ལས་ཁྲོམ་པར་རྡོ་འཕངས་ཡིན་མིན་བལྟའོ། །དགེའོ།། །།
དལ་བརྒྱད་འབྱོར་བཅུ་ཡི་འདབ་ལྡན། །རྟེན་བཟང་མེ་ཏོག་ཁོ་རྙེད་དུས། །དམ་ཆོས་སྦྲང་རྩི་ཡི་རོ་མངར། །ཅེས་ཀྱང་མྱོང་རྒྱུ་ཞིག་མ་འཆུག། །འཆི་བདག་གདུག་པ་ཡི་ཁ་ན། །རང་རེ་རྔུབ་ཆོག་ཏུ་ཡོད་ལུགས། །གྲོགས་ཀྱི་འཆི་ལུགས་འདིས་ཤེས་པས། །མ་ཡེངས་དམ་ཆོས་ལ་རེམ་མཛོད། །ཤི་ནས་ལས་འབྲས་ཀྱི་རང་གཤིས། །དཀར་ནག་གང་བྱས་བཞིན་མྱོང་བས། །ད་ལྟ་རང་དབང་ཞིག་ཡོད་དུས། །འདི་བདེ་ཕྱི་སྐྱིད་ཅིག་མཛོད་དང་། །འཁོར་བ་མཐོན་དམན་ནི་གང་ན། །བློ་གཏད་ཕེར་བ་ཡི་བདེ་སྐྱིད། །ངེས་པར་མེད་པ་རང་ལགས་ན། །ཐར་ལམ་སྙོགས་རྒྱུ་ཞིག་མ་འཆུག། །ཐུབ་བསྟན་རིན་ཆེན་གྱི་ཁང་བཟང་། །གནས་མཐར་བདེ་སྐྱིད་ཀྱི་གནས་ཀྱི། །འཇུག་སྒོ་སྐྱབས་འགྲོ་རང་ལགས་པས། །སྐྱབས་གསུམ་གཙུག་ཏུ་ནི་བསྟེན་ཅིག། །ཞེས་པའང་རིག་དཔལ་ཀྱི་བཞེད་ངོར་དྷརྨ་སཱ་རས་བྲིས་པ་དགེ། །།
རྩོམ་སྒྲིག་པ། མང་ར་བ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn
