ཐེག་པ་ཆེན་པོའི་བློ་སྦྱོང་གི་གདམས་པའི་གཏམ།
༄༅༎ སྭཱ་མི་ནུཏྟ་རསྶརྦ་ཛྙཱསྱ་ཀཎྟོ ཀྟེ་བྷྱཿམ་ཧཱ་ཡཱ་ན་སྱ་ཙིཏྟཾ་ཤོ་དྷ་། །སྭཱ མ ི ནུ ཏྟ ར སྶ རྦ ཛྙཱ སྱ ཀ ཎ ོྟ ཀྟ ེ བྷྱཿ མ ཧཱ ཡཱ ན སྱ ཙ ི ཏྟ ཾ ཤ ོདྷ། །རྗེ་བཙུན་བླ་མ་ཐམས་ཅད་མཁྱེན་པའི་གསུང་རབ་ལས་ཐེག་པ་ཨུ་བ་དེ་ཤོ་བི་ཛ་ཧ་ར་ཏིསྨ༎ཨུ བ དེ ཤོ བི ཛ ཧ ར ཏི སྨ། །ཆེན་པོའི་བློ་སྦྱོང་གི་གདམས་པའི་གཏམ་ཞེས་བྱ་བ་བཞུགས་སོ། །དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་མཁྱེན་བརྩེ་ནུས་པའི་བདག་ཉིད་རྗེ་བཙུན་དམ་པ་བཀའ་དྲིན་མཚུངས་པ་མེད་པ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཚེ་རབས་ཐམས་ཅད་དུ་རྗེས་སུ་བཟུང་དུ་གསོལ། མ་རིག་མུན་པས་ཁེབས་པའི་འཁོར་བའི་འབྲོག་དགོན་འདིར། །ཐུགས་བསྐྱེད་སྨོན་ལམ་ཟབ་མོས་རང་དང་འཚམས་པ་ཡི། །དགེ་བའི་བཤེས་གཉེན་གཟུགས་ཀྱིས་གསུང་རབ་སྒྲོན་མེ་ཡིས། །ཐར་བའི་ལམ་བཟང་སྟོན་རྣམས་གུས་པའི་ཕྱག་གིས་མཆོད། །ཚེ་འདིའི་བདེ་བ་ཁོ་ན་ལ། །ཞེན་པ་གཙོ་བོར་མི་བྱེད་པའི། །སྐལ་བཟང་གྲོགས་དེས་བསྐུལ་བའི་ངོ་། །མི་ལྡོག་ཙམ་དུ་འདི་ལྟར་སྤེལ། །བདག་ཉིད་ཐོས་པ་ཉུང་ཞིང་རྒྱུད་མ་དུལ་བས་ཡོན་ཏན་རིན་པོ་ཆེའི་ནོར་གྱིས་དབུལ་བ་ལ་གཞན་གྱི་རྒྱུད་ལ་ཕན་པའི་གདམས་ངག་གི་བགོ་བཤའ་བྱེད་རྒྱུ་མེད་པ་ནི་སྤྲང་པོའི་སྤྲང་པོར་ཟན་བསླང་བ་དང་འདྲ་ཡང་། སངས་རྒྱས་དངོས་དང་འདྲ་བའི་བླ་མ་དམ་པ་རྣམས་ལས་ཅུང་ཟད་ཐོས་པའི་ཆོས་རྫེའུའི་ནང་གི་ཕྱེ་ཐུག་ལྟ་བུ་ལས་ཁྱེད་ལ་ཉུང་ཤས་ཤིག་གསོལ་བར་བྱས་ཏེ།དེ་ཡང་རྒྱལ་བའི་སྲས་པོ་ཞི་བ་ལྷའི་ཞལ་སྔ་ནས། དལ་བའི་རྟེན་འདི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུའི་དོན་སྒྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབ་ན། །ཕྱིས་འདི་ཡང་དག་འབྱོར་བར་ག་ལ་འགྱུར། །ཞེས་གསུངས་པ་དེར་གདའ། ཚིགས་སུ་བཅད་པ་འདི་གླུ་ངག་དང་སྒྲུང་རྒྱུད་ལྟར་མ་སོང་བར་རྒན་པོའ་ཤི ་ཚའི་གྲོས་ལྟར་སྙིང་གི་ཟེའུ་འབྲུར་བཅིང་ནས། ད་རེས་རྙེད་པར་དཀའ་བ་རྙེད།ཕྱིས་སུ་ཡང་ཡང་མི་འབྱོར་བའི་ཚུལ་ལ་འདྲིས་པར་བྱས་ཏེ། དབུལ་པོས་ནོར་བུ་རྙེད་པ་ལ་འདོད་དོན་མ་ཞུས་པ་དང་། ནད་པ་སྨན་དང་འཕྲད་ཀྱང་མ་བཏུང་བ་ལྟ་བུའི་རང་དོན་ཆུད་ཟོས་སུ་མ་སོང་བའི་འདུ་ཤེས་ཤུགས་དྲག་པོ་རེ་ཉིན་དང་མཚན། ནངས་དང་ནུབ་བྱས་ནས་སེམས་ལ་ཕུར་བ་བཏབ་ཏེ་རྟེན་བཟང་པོ་འདི་ལ་དགོས་དོན་ལེགས་པར་ཆོད་པ་ཞིག་ཅིས་ཀྱང་དགོས། དེ་ཡང་དལ་འབྱོར་ལ་སྙིང་པོ་ལོན་པའི་ཚད་ནི། རྗེ་བཙུན་ཙོང་ཁ་པའི་ཞལ་སྔ་ནས། དེ་ལྟར་རྒྱུ་དང་འབྲས་བུས་ཐེག་ཆེན་གྱི། །ལམ་མཆོག་གཉིས་ཀར་དགོས་པའི་ཐུན་མོང་ལམ། །ཇི་བཞིན་བསྐྱེད་ནས་མཁས་པའི་དེད་དཔོན་གྱི། །མགོན་ལ་བརྟེན་ནས་རྒྱུད་སྡེ་རྒྱ་མཚོ་ཆེར། །ཞུགས་ནས་གསུངས་པ་དེ་ལགས། དེས་ན་མདོ་སྔགས་མཐའ་དག་ལ་བག་ཆགས་ཡག་པོ་ཞིག་ཨེ་ཐེབ་བལྟ་དགོས། དེ་ཐེབ་པར་བྱེད་པ་ལ་ལམ་སྟོན་གྱི་མཁས་པའི་དེད་དཔོན་སྣ་ཤ་སྦྱིན་བཏུབ་པ་ཞིག་བཙལ་ཏེ། ཁ་མཉམ་ལག་མཉམ་དུ་མི་འཛིན་པར་བླ་མར་བཟུང་ནས་བསྟེན་ཚུལ་རྣམ་པར་དག་པ་ཞིག་གལ་ཆེ་སྟེ། བདག་ཉིད་ཆེན་པོ་པོ་ཏོོ་བས། མན་ངག་ཐམས་ཅད་བསྡུས་པའི་མགོ་ནི། བཤེས་གཉེན་དམ་པ་མི་བཏང་བ་ཡིན། ཞེས་གསུངས་པ་དེ་རེད། བླ་མར་བཟུང་བའི་དོན་ཡང་ཞིང་གོང་མར་འཛིན་པ་ཞིག་ལ་ཟེར་བས། ཞིང་གི་འཇིག་རྟེན་ན་སོ་ནམ་ལེགས་ན་སྟོན་ཐོག་ཕུན་སུམ་ཚོགས་པ་འབྱུང་བའི་གཞི་དང་། མ་ལེགས་ན་སྟོན་ཐོག་མ་རྙེད་པས་ཕོངས་བར་འགྱུར་བའི་གནས་ལ་ཟེར་བ་ལྟར། བླ་མ་ཡང་ཚུལ་བཞིན་བསྟེན་ན་གནས་སྐབས་ཀྱི་བྱ་བ་ལམ་འགྲོ་ཡན་ཆད་བཟུང་སྟེ་ཉམས་རྟོགས་ཡོན་ཏན་གྱི་ལོ་ཏོག་དཔག་ཏུ་མེད་པ་འབྱུང་བའི་གཞི་དང་། མ་བསྟེན་ན་དེ་མི་འབྱུང་པས་ཆོས་ཀྱི་ཕོངས་ཏེ་གནས་སྐབས་དང་མཐར་ཐུག་ཀུན་ཏུ་སྡུག་བསྔལ་བར་འགྱུར་བས་ན་དེ་ལས་དཔེ་གྲས་ཞིང་ཞེས་ཟེར་རོ། །དེ་ཡང་ཞིང་གཞན་ལས་སོ་ནམ་སླ་ཞིང་འདོད་དགུའི་ལོ་ཏོག་བཟང་བས་ཞིང་མཆོག་དམ་པ་རྗེ་བཙུན་བླ་མ་ཞེས་གསུངས། རྒྱུ་མཚན་དེ་ལྟ་བས་ན་རང་དང་འདྲ་མཉམ་དུ་མི་འཛིན་པར་རང་ནས་གོང་མའམ་བླ་མའམ་ཁྱད་པར་དུ་འཕགས་པར་འཛིན་དགོས་པ་དེར་འདུག། །བསྟེན་ཚུལ་ལ་ཡང་བསམ་སྦྱོར་གཉིས་ལས་བསམ་པས་བསྟེན་ཚུལ་གལ་ཆེ། དེ་ཡོད་ན་གཞན་ཡང་འབྱུང་བས་ཐོག་མར་བསམ་པའི་ངོས་ནས་བླ་མ་དེ་ཉིད་རང་གི་བློ་ངོར་ཇི་ལྟར་འཆར་གྱིན་ཡོད་བལྟས་ཏེ་སྐྱོན་རྟོག་གི་བློ་འགོག་ལུགས་དང་། ཡོན་ཏན་སེམས་པའི་བློ་སྦྱོང་ཚུལ་དང་། བཀའ་དྲིན་རྗེས་དྲན་གྱི་གུས་པ་སྐྱེད་ཚུལ་རྣམས་གཅིག་ཏུ་ན་ཇི་ལྟར་དགོས་སྐྱེས་བུ་གསུམ་གྱི་ལམ་ཁྲིད་ལ་བསྟེན་ནས་ཤེས་རྒྱུ་གལ་ཆེ། གཉིས་སུ་ན་ཁ་བཤད་ཙམ་དུ་མ་སོང་བར་ལག་ལེན་ལ་ཐེབ་པ་ཞིག་གལ་ཆེ། གསུམ་དུ་ལག་ལེན་ཐེབ་པ་ཡང་དུས་དེ་རིང་ནས་བཟུང་། བསམ་པའི་ཁ་ནང་དུ་བསྐོར་དེ། ད་སྔ་སུ་ལ་ཆོས་མཉན། ཆོས་སྨྲ་བ་པོ་ལ་ཞེ་རྩིས་ཇི་འདྲ་ཞིག་འཇོག་གིན་ཡོད། བླ་མ་དེ་རང་གི་བསམ་ངོར་ལྕི་ཡོ་རེ་བ་ཞིག་འཆར་གིན་ཡོད་དང་མེད། རང་བླ་མ་ལ་ཞེ་གཏིང་ནས་དགའ་མི་དགའ།དགའ་ན་ཡང་གོང་དུ་བཤད་པ་ལྟར་བླ་མར་མཐོང་ནས་དགའ་བ་དང་། ཚེ་འདིར་རྒྱུ་ཟས་ཀྱི་ཕན་ཐོགས། ནད་གདོན་གྱི་འཇིགས་སྐྱོབས་སོགས་འཕྲལ་གྱི་བྱ་བ་ཅུང་ཟད་རེ་ལ་ཕན་འདོགས་འགལ་སྤོང་རེས་དགའ་བ་ཡིན་བརྟགས་ཏེ་ངན་པ་བཅོས།བཟང་པོ་སྒྲུབ་རྒྱུ་ཞིག་བྱུང་ན་བཤེས་གཉེན་བསྟེན་ཚུལ་གྱི་ཆོས་སྐོར་རམ། བླ་མའི་རྣལ་འབྱོར་ཟེར་བ་དེ་འོང་བ་རེད་པས་དེ་ནས་བཟུང་སྟེ་རྒྱུད་ལ་བྱིན་རླབས་གྱི་གཏེར་ཁ་རྡོལ་ངེས་ཅན་དུ་འདུག། ཆོས་ཀྱི་དབུ་ནས་མ་ནོར་བ་དང་། རྟེན་འབྲེལ་གྱི་མགོ་ནས་མ་འཆུགས་པ་ཞིག་ཅེས་ཀྱང་གལ་ཆེ་བས། ཁྱེད་ཆོས་ཤིག་བཞེད་ན་དེ་ལྟར་མཛོད། དེ་ལ་མདོ་སྔགས་སོ་སོ་དང་འབྲེལ་བའི་ཕྱི་ནང་གསང་བའི་རྣམ་གྲངས་མང་ཡང་ཡིག་ནག་ནག་འགྲོས་སུ་བྲི་ཚོད་མེད་ཅིང་བྲི་སྲོལ་ཡང་མེད་པས་བླ་མའི་ངག་ལས་ཤེས་དགོས། དེ་ལྟར་བསྟེན་ནས་རང་གི་བློ་དམ་པའི་ཆོས་ལ་འཛུད་པ་ལ།ཐོག་མར་ཤེས་དགོས། ཤེས་ནས་ཉམས་སུ་ལེན་དགོས་པས་ཆོས་ཀྱི་རྒྱུས་ཤེས་པར་བྱེད་པ་ལ་བཀའ་གདམས་པའི་བླ་མ་རྣམས་ཀྱིས། པོ་ཏི་མཛོ་ཁལ་ཙམ་པ་ལ་བྱ་བ་མ་བྱས་པར་བེའུ་བུམ་ལག་མཐིལ་ཙམ་རེ་སྟོན་པ་ཙུག་སྦེད་པ་ཙུག་བྱས་པས་གར་ཡང་མི་ཕྱིན་གསུངས་པ་ལྟར་ཚེ་མཇུག་རྒྱལ་བའི་གསུང་རབ་འཆད་ཉན་དང་བལྟ་རྟོག་ལ་འདྲིལ་ཐུབ་པ་ཞིག་ཨེ་འོང་ཞེས་སྨོན་ལམ་ཚུན་ཆད་ཐོབ་ལ་འདུན་པ་དེར་གཏོད། ཚེ་མཇུག་ཐོས་བསམ་གྱིས་གཟད་ནས་ནམ་ཞིག་ན་དེའི་དོན་སྒོམ་སྙམ་པ་དང་། སུ་ལ་བཤད་སྙམ་པའི་ལོག་རྟོག་མ་སྐྱེ། རྒྱལ་བའི་གསུང་རབ་རིན་པོ་ཆེའི་དོན་ཤེས་ན་བཤད་ས་ཞིག་རྙེད་དགོས་པས་ག་ལ་ཁྱབ། རང་གི་ཅུང་ཟད་རེ་སེམས་སྟེང་དུ་བླང་ན་ངལ་བ་དོན་མེད་དུ་ཇི་ལྟར་འགྲོ་དེ་འདྲའི་ཐོས་བསམ་གྱི་ཀུན་སློང་མགོ་ནས་སྐྱོན་ཅན་དུ་སོང་བ་རེད་པས་དེ་ལྟར་མ་བྱེད་པར་རང་བློ་ཆོས་ལ་ཅུང་ཟད་རེ་ཨེ་འདྲིས་ཀྱི་འདུན་པས་རྣ་བས་ཐོས་ཐོས། སེམས་ལ་བསམ་བསམ་གྱི་དཔེ་འཛིན་སྐྱོར་སྦྱང་ཐམས་ཅད་འགག་གཅིག་ཏུ་དྲིལ་ཨེ་ཐུབ་ལྟོས་ལ་འཇིག་རྟེན་ན་རྐང་རྡོ་ཐོག་ཏུ་བཅག་པ་ལྕེ་ཐོག་ཏུ་སྨིན་དགོས་ཟེར་བ་ལྟར་ཆོས་ཐོས་བསམ་གྱི་ནུས་པ་སེམས་ལ་འཇུ་བ་ཞིག་བྱེད་རྒྱུ་ཐུགས་ལ་ཆོངས། དེ་ཡང་སྐྱེས་བུ་གསུམ་གྱི་ལམ་རིམ་འདི་ཤིང་རྟ་ཆེན་པོ་གཉིས་ཀྱི་བརྒྱུད་པའི་ཆུ་བོ་གཅིག་ཏུ་འདྲེས་པའི་རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་ཉིང་ཁུ་ཡིན་པས་འགག་བསྡུ་ས་དེར་བསྡུ་དགོས། བཤད་ཙ་ན་མདོ་སྔགས་ཀྱི་བཤད་པ་གནམ་སའི་ཁ་བར་ཏུ་མི་ཤོང་ཙམ་ལ། ལག་ལེན་ལ་འདྲིལ་ཙ་ན་སྐྱེས་བུ་གསུམ་གྱི་ལམ་རིམ་དུ་བསྡུས་ནས་ཐུན་རེར་མ་ཟད་ཀུན་སློང་གཅིག་ལ་ཡང་ཆ་ཚང་བ། དཔེར་ན་ལྷའི་དར་ཟབ་གྱི་གོས་ལྟ་བུ་ཞིག་དགོས་ཞེས་ཁྲི་གུང་ཐང་རིན་པོ་ཆེའི་གསུངས་བས་དེ་འདྲ་ཞིག་དམ་པའི་ཆོས་ལ་མཁས་པ་རེད། དེས་ན་སྤྱིར་ན་ཐོས་བསམ་ཕྱོགས་མེད་ཀྱིས། ལག་ལེན་ལམ་རིམ་དུ་དྲིལ་དགོས་པས་ལམ་ཁྲིད་རེ་ཅེས་ཀྱང་ཉོན་ལ་སྔས་ལམ་རིམ་གྱི་པོ་ཏི་དང་ནམ་ཡང་མི་འབྲལ་བ་ཞིག་མཛོད།ལས་དང་པོ་བ་དཀའ་ཚེགས་མེད་པར་ཆོས་ལ་འཇུག་པའི་སྣ་ཁྲིད་དང་། ཉོན་མོངས་པའི་རྣམ་རྟོག་གི་ཟུག་རྔུ་དྲག་ལ་རྩུབ་པ་ཕལ་མོ་ཆེ་ངང་གིས་འཇིལ་བའི་ཞི་བྱེད་གཅིག་ཐང་གི་སྨན་མཆོག་ནི་རགས་པའི་མི་རྟག་པ་ལ་ངེས་པ་འདྲོངས་པ་ཉིད་ཡིན་འདུག་པས་དེ་ཉིད་ཡང་ཡང་བསམ་ཏེ་སེམས་གྱི་མཐིལ་དུ་ལོངས། དེང་སང་ལོ་ཤས་ལས་གནས་གྲོགས་གཉེན་བཤེས་ཀུན་ཀྱང་རང་དང་འབྲེལ་མེད་འདྲིས་མེད་མགྲོན་པོའི་ཚོགས་ཀྱིས་ངལ་གསོ་ལྟ་བུར་འདུག་གོ་སྙམ་དུ་ཐག་ཆོད་ལ་གནས་ལ་གཏན་ཡུལ་དང་། གྲོགས་ལ་ཡུན་རིང་འགྲོགས་རྩིས། ནོར་རྫས་ལ་མཁོ་ཞེན་ཆེན་པོ་མི་བྱེད་པར་འདིས་བདག་འདོར། བདག་གིས་འདི་འདོར་ཞེས་ཡང་ནས་ཡང་དུ་སེམས་ལ་ཞེན་པའི་ཐག་པ་བཅད་ཅི་ཐུབ། ཆགས་པའི་རྒྱ་མཚོ་རྐེམ་ཅི་ནུས་ཤིག་མཛོད་ལ།དཀོན་མཆོག་གསུམ་གྱི་སྐྱབས་བཟང་ལ་ཉིན་མཚན་དལ་ཁོམས་མེད་པར་དད་གུས་ཀྱིས་སྣ་ཐག་གིས་སྦྲེལ་ཅི་ཐུབ་ཀྱི་སྒོ་ནས་ལས་འབྲས་དྲང་ཐིག་གི་གསེར་ལམ་ལ་ཞེན་ནས་ཡ་ཡོ་དང་འཁྱ་འཁྱོགས་མ་བྱས་ན་མངོན་མཐོ་རིན་ཆེན་གྱི་གླིང་དུ་སང་སླེབ་གནངས་སླེབ་ལས་ཅི་ཡོད། དེས་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་ཆོས་སྐོར་ཚེགས་སུ་ཚུད་པ་རེད། དེ་ཙམ་གྱིས་མི་ཆོག་པར་ངེས་འབྱུང་གི་བསམ་པ་ཡག་པོ་རེ་ཨེ་སྐྱེ་བལྟ་དགོས་པས་དེ་ལ་འཁོར་བའི་སྡུག་བསྔལ་བསྒོམ་དགོས། དེ་བསྒོམ་པ་ལ་ཚོར་བ་སྡུག་བསྔལ་གྱིས་ཡིད་སྐྲག་ཅིང་སུན་པ་ཙམ་མ་ཡིན་པར་ཁམས་གསུམ་གྱི་གནས་རིས་མཐོ་དམན་མེད་པར་སྡུག་བསྔལ་གྱི་རང་བཞིན་དུ་མཐོང་བས་སྡུག་བསྔལ་སྒོམ་ཚུལ་ཁྱད་པར་བ་ཞིག་དགོས། དེ་ལ་ཟག་བཅས་ཉེ་བར་ལེན་པའི་ཕུང་པོ་ལྔ་འདི་བླང་ཙམ་ཉིད་ནས་ཚོར་བ་སྡུག་བསྔལ་གྱི་ཟུག་རྔུ་དངོས་སུ་མི་ལྡང་བ་གཟུགས་གཟུགས་མེད་ཀྱི་ཕུང་པོ་ལྟ་བུ་ཡིན་ཀྱང་ཟག་བཅས་ཀྱི་ལས་ཉོན་གྱི་འདུ་བྱེད་ལས་མི་འདོད་པ་དང་གནོད་པ་བརྒྱ་ཕྲག་དུ་མའི་བདག་ཉིད་དུ་སྐྱེས་པའི་མི་ལྕོག་པའི་ཁུར་དུ་བཀའ་དང་དགོངས་འགྲེལ་ལས་གསུངས་པ་ལྟར་ཐག་བཅད་དེ་ཡང་ཡང་འདྲིས་པར་བྱས་ནས་ཉེར་ལེན་གྱི་ཕུང་པོའི་རང་ལྡོག་ནས་ཡིད་འབྱུང་བ་ཞིག་དགོས། དོན་གྱི་དབང་འདིས། འདུ་བྱེད་སྡུག་བསྔལ་ལ་དགོངས་ནས། །སྡུག་བསྔལ་བསྒོམ་པར་གསུངས་པ་ཡིན། །ཞེས་རིགས་པའི་དབང་ཕྱུག་གིས་གསུངས་པར་གདའ། དེས་ན་གཟུགས་གཟུགས་མེད་ཀྱི་ཕུང་པོ་ཡང་མི་འདོད་པའི་བདག་ཉིད་དང་གནོད་པའི་བདག་ཉིད་དུ་གྲུབ་ཀྱང་ཏིང་ངེ་འཛིན་ཁྱད་པར་ཅན་དང་མཚུངས་ལྡན་གྱི་མི་གཡོ་བའི་དགེ་བའི་སེམས་པས་འཕངས་ཤིང་འདྲེས་མ་མིན་པར་དཀར་པོའི་ལས་ཁོ་ནར་གཏོགས་པས་ན་རེ་ཞིག་ཆུ་ལོན་གྱིས་ཆུ་བཀགས་པ་ལྟར། གང་ཟག་མཐའ་དག་གིས་ཐུན་མོང་དུ་སྐྱེས་ཙམ་ནས་མི་འདོད་པར་མཐོང་པའི་སྡུག་བསྔལ་གྱི་ཟུག་རྔུ་རགས་པ་དགེ་བའི་ལས་ཀྱིས་བཀགས་ཀྱང་། ཁམས་གསུམ་གྱི་ཉོན་མོངས་པའི་ས་བོན་དང་འབྲེལ་ཞིང་རྣམ་བྱང་གི་ཕྱོགས་ལ་བཀོལ་དུ་མི་བཏུབ་པའི་གནས་ངན་ལེན་དུ་མའི་བདག་ཉིད་དང་། ངེས་པར་དབང་མེད་དུ་འདོར་དགོས་པས་ཡིད་བརྟན་དུ་མི་རུང་པ་སོགས་སྐྱེས་བུ་དམ་པས་བརྟགས་ན་མི་འདོད་པ་ལས་ཀྱང་མི་འདོད་པའི་རང་བཞིན་ཡིན་པས་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཟེར། དེ་ལྟ་བུའི་ཕུང་པོ་ལ་ཉིང་མཚམས་སྦྱོར་བ་ལོག་པའི་སེམས་སྟེང་གི་བྲལ་བ་ནི་འགོག་པའི་བདེན་པའམ་ཐར་བ་ཟེར་བ་དེ་རེད་པས་དེ་ལྟ་བུའི་ཐར་བ་ལ་དོན་གཉེར་བཅོས་མ་མིན་པ་ཞིག་སྐྱེས་ན་ངེས་འབྱུང་གི་བསམ་པ་རྙེད་དེ་ཐར་ལམ་ཟིན་པ་ཡིན་པས་འདི་ལ་ཆོས་མངོན་པ་མཉན་ཏེ་འཁོར་འདས་སོ་སོར་འབྱེད་པའི་ཤེས་རབ་ཕྲ་ལ་མཛངས་བ་ཞིག་སྔོན་དུ་སོང་བ་མེད་ན་གོང་མ་རྣམས་ལ་གོ་དཀའ་བས་ཟབ་ཅིང་ཕྲ། ཐར་བ་དེ་ཐོབ་པ་ལ་སྲིད་པའི་རྩ་བ་བདག་འཛིན་ལྷན་སྐྱེས་ཀྱི་འཛིན་སྟངས་སུན་བྱུང་པའི་ཤེས་རབ་ཀྱི་བསླབ་པ་དང་། དེའི་རྟེན་དུ་སེམས་ཀྱི་རྣམ་རྟོག་གི་རྟ་མ་དུལ་བ་དུལ་བའི་ཏིང་ངེ་འཛིན་གྱི་བསླབ་པ། དེ་ལ་ལུས་ངག་གི་སྤྱོད་པ་ངན་པ་ཚར་གཅོད་པའི་ཚུལ་ཁྲིམས་གསུམ་ཡ་བྲལ་དུ་མ་སོང་བར་ཉམས་སུ་ལེན་དགོས་ལ། དེ་ཡང་དང་པོ་ནས་ཚུལ་ཁྲིམས་ནས་རྐང་རྩ་ཚུགས་དགོས་པས་ཉི་མ་རེ་རེ་བཞིན་ཡང་རང་རྒྱུད་ཀྱི་ཚུལ་ཁྲིམས་ཀྱི་བསླབ་པ་ཇི་ལྟར་སོང་འདུག་བལྟ་དགོས་ལ། དེ་ལ་དམ་པའི་ཆོས་འདུལ་བ་ལུང་སྡེ་བཞི་ལས་ལྷག་པའི་བསླབ་བྱ་ཞིག་མེད་པས་འདུལ་བ་ལུང་རེ་ཐོན། ལས་འབྲས་ལ་ཡིད་ཆེས་རྙེད་ན་ཚུལ་ཁྲིམས་དག་པ་རང་ཤུགས་ཀྱིས་འོང་བས་འདུལ་བ་ལུང་གི་ལས་འབྲས་ཀྱི་བྱུང་བ་རྣམས་སོམས། སངས་རྒྱས་ཀྱི་བཀའ་ལས་ལྷག་པའི་ཉམས་ལེན་ཞིག་རྫོགས་པའི་སངས་རྒྱས་ལས་ལྷག་པའི་ལམ་སྟོན་ཞིག་ཡོད་པར་ཐལ་ནས་སྙིགས་མའི་དུས་འདིར་ཟབ་ཟབ་མོ་ཡིན་ཟེར་ཚད་ཀྱི་ཁ་ལ་བརྒྱུགས་ནས་ཁྱི་བྱ་བསྙེགས་མ་བྱེད། གདམས་ངག་ནི་སངས་རྒྱས་ཀྱི་བཀའ་ལ་བྱེད་པ་ནི་བཀའ་གདམས་གསར་རྙིང་གི་ཕྱག་སྲོལ་རེད་པས་རྒྱལ་བའི་བཀའ་ལ་ཉམས་ལེན་གྱི་མཐིལ་དུ་མཛོད། སངས་རྒྱས་ཀྱི་གསུང་དང་མི་མཐུན་པར་སྤྱད་པའི་ཉེས་ལྟུང་ད་སྔ་ཅི་འདྲ་ཞིག་བསགས། ད་ལྟ་གསོག་གིན་ཡོད་མེད། ཕྱིས་སུ་གསོག་པར་འགྱུར་མི་འགྱུར་རྣམས་ཞིབ་ཏུ་རྟོག་ལ་བསགས་ཟིན་བཤགས་པས་འདགས་ངེས་དང་།གསོག་བཞིན་པའི་འཕྲོ་རྦད་ཆོད། གསོག་འགྱུར་གྱི་སྒོ་ཡང་ཡང་སྡོམ་པ་བཅས་འཕྲལ་དང་འཕྲལ་དུ་སེམས་ཐོག་ལ་ལོངས་ལ་རང་གིས་བསམ་ཀྱང་བརྟགས་ཐུབ་པའི་རང་རྒྱུད་གཙང་སེང་ངེ་བ་ཞིག་ཉི་མ་རེ་རེ་ནས་མཛོད་ལ། རང་སེམས་མེ་ལོང་གི་བྱི་བརྡར་བྱེད་བྱེད་ཀྱིས་དང་། དེ་ལས་ལྷག་པའི་སེམས་ངོ་ཞིག་མི་དགོས་ཏེ།རྒྱལ་སྲས་ཆེན་པོས། སེམས་བསྲུང་བརྟུལ་ཞུགས་མ་གཏོགས་པ། །བརྟུལ་ཞུགས་མང་པོས་ཅི་ཞིག་བྱ། །གསུངས་པ་རེད། དེ་འདྲ་ཞིག་བྱུང་ན་སྐྱེས་བུ་འབྲིང་དང་ཐུན་མོང་པའི་ཆོས་སྐོར་ལ་བག་ཆགས་ཐེབས་ངེས། དེའི་སྟེང་དུ་ཐེག་པ་ཆེན་པོའི་ཆོས་ལ་སློབ་དགོས་ཏེ། སངས་རྒྱས་ཀྱི་གོ་འཕང་མ་ཐོབ་པར་དུ་རང་གཞན་གྱི་དོན་གཉིས་མཐར་ཕྱིན་པ་མི་འབྱུང་བའི་ཕྱིར། དེ་ཡང་སྐྱེས་བུ་ཆེན་པོའི་ཆོས་སྐོར་རྣམས་ནི་དངོས་གཞི་དང་། ཆུང་འབྲིང་ཐུན་མོང་པའི་ལམ་རིམ་རྣམས་དེའི་སྔོན་འགྲོའི་ཡན་ལག་ཡིན་ཚུལ་སོགས་ལམ་རིམ་ཆེ་ཆུང་དུ་གསལ་བར་གསུངས་པ་རྣམས་གོ་ན་སེམས་ལ་བོགས་ཆེ། ཐེག་པ་ཆེན་པོར་འཇུག་པ་ལ་འཇུག་སྒོ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཡིན་པས་འདི་ཉིད་བསྐྱེད་པ་གལ་ཆེ། རྒྱལ་སྲས་ཆེན་པོས། དམ་ཆོས་འོ་མ་བསྲུབ་པ་ལས། །མར་གྱི་སྙིང་ཁུ་བྱུང་བ་ཡིན། །ཞེས་གསུངས་པ་ལྟར་རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་བརྗོད་དོན་གཅེས་དགུའི་ཡང་སྙིང་དང་། འགྲོ་བའི་མགྲོན་པོ་སྲིད་པའི་ལམ་རྒྱུ་ཞིང་། །བདེ་བའི་ལོངས་སྤྱོད་སྤྱད་པར་འདོད་པ་ལ། །འདི་ནི་བདེ་བའི་མཆོག་ཏུ་ཉེར་གནས་ཏེ། །སེམས་ཅན་མགྲོན་ཆེན་ཚིམ་པར་བྱེད་པ་ཡིན། །ཞེས་གསུངས་པ་ལྟར་སེམས་ཅན་ལ་ཕན་འདོགས་པའི་སྒོ་བླ་ན་མེད་པ་དང་།རང་དོན་ཡང་མཐར་ཐུག་པའི་རྒྱུ་སེམས་རིན་པོ་ཆེ་འདི་ཉིད་ཁོ་ནར་ངེས་པའི་ངེས་ཤེས་བསྐྱེད་དེ་བྱང་ཆུབ་ཀྱི་སེམས་ལ་བག་ཆགས་ཡག་པོ་ཞིག་ཐེབ་དགོས། དེ་མ་ཐེབ་ན་འཕགས་པའི་ཞིང་མཆོག་ཐེག་ཆེན་གྱི་ཆོས་ཐང་མར་བརྡལ་བའི་ཡུལ་དུ་སྐྱེས་ནས་ཐེག་ཆེན་གྱི་དགེ་བའི་བཤེས་གཉེན་དང་འཕྲད་པ་སོགས་ཀྱི་རྟེན་འབྲེལ་ཆེས་མཆོག་ཏུ་གྱུར་བ་འགྲིགས་པ་ལ་ལྟོས་ཏེ་དལ་འབྱོར་ལ་སྙིང་པོ་མ་ལོན་པར་ལག་སྟོང་དུ་སོང་བ་ཡིན་ཞིང་། ཕྱིས་སུ་ཡང་ཡང་ཆོས་ལྡན་གྱི་རྟེན་ཙམ་ཐོབ་པ་དཀའ་ན་ཐེག་ཆེན་དང་མཇལ་བར་དཀའ་བ་ལྟ་ཅི་སྨྲོས། དེས་ན་ལོང་བས་གླང་མཇུག་ཟིན་པ་ལྟར་བརྩོན་པས་འཇུ་བ་གལ་ཆེ། དེ་ལ་ལམ་རིམ་དུ་བྱང་ཆུབ་ཀྱི་སེམས་སྦྱོང་ཚུལ་ཤིང་རྟ་ཆེན་པོའི་ལུགས་གཉིས་ཀ་བཀོད་ལ། བླ་མ་ལས་ཉོན་ལ་རྩད་གདར་ཆོད། ཡང་ཡང་དཔེ་བལྟས་གྱིས། དཔེ་ཐོག་ཏུ་མ་འཇོག་པར་སེམས་ལ་སྐོར། དེའི་རྒྱབ་བརྟེན་དུ་སྤྱོད་འཇུག་ལ་ལྟོས་དང་དེ་ན་གཞན་དོན་གྱི་བློ་སྦྱོང་བ་ལ་ཡིད་འཁུལ་ཚབ་ཆེ་བའི་རིགས་པའི་རྣོ་སོ་མང་དུ་ཡོད། རྒྱུ་མཚན་དེས་ཨ་རིག་དགེ་བཤེས་ཆེན་མོས་ཀྱང་ངེད་ཀྱི་རིགས་པའི་དབང་ཕྱུག་རྒྱལ་སྲས་ཞི་བ་ལྷ་ལ་ཟེར་བ་ཡིན་གསུངས་ཏེ་གོ་རྒྱུ་ཆེ། བྱང་ཆུབ་ཀྱི་སེམས་སྦྱོང་བ་ལ་གཞན་དོན་ལ་བློ་འགྲོ་བ་གལ་ཆེ། གཞན་དོན་དོན་གཉེར་གྱི་བསམ་པ་སྦྱོང་བ་ལ་མར་ཤེས་དྲིན་དྲན་སོགས་ཀྱིས་སྦྱང་ལུགས་དང་།བདག་གཞན་མཉམ་པ་དང་བརྗེ་བའི་སེམས་བསྐྱེད་དེ་སྦྱོང་ལུགས་གཉིས་ཤེར་ཕྱིན་གྱི་མདོ་དང་སྡོང་བོ་བཀོད་པ་སོགས་ལས་གསུངས་ཤིང་བྱམས་འཇམ་དབྱངས་ཀྱི་མན་ངག་གི་བུམ་པར་བཟུང་སྟེ་ཤིང་རྟ་ཆེན་པོ་གཉིས་ནས་གཅིག་ནས་གཅིག་ཏུ་བརྒྱུད་དེ་ལྔ་བརྒྱའི་གཙུག་རྒྱན་དཔལ་ལྡན་ཨ་ཏི་ཤས་གངས་ཅན་གྱི་ལྗོངས་འདིར་དྲངས་ཏེ་སྲས་ཀྱི་གཙོ་བོ་འབྲོམ་རྗེ་ལ་གཏད་ཅིང་། དེ་ནས་བཟུང་བརྒྱུད་པ་བར་མ་ཆད་པར་བྱོན་པ་ལས་རྗེ་བཙུན་ཙོང་ཁ་པ་ཆེན་པོས་བདག་གིར་བཞེས་ཏེ། ཇི་སྐད་དུ། སེམས་བསྐྱེད་ཐེག་མཆོག་ལམ་གྱི་གཞུང་ཤིང་སྟེ། །སོགས་ནས། རྣལ་འབྱོར་ངས་ཀྱང་ཉམས་ལེན་དེ་ལྟར་བགྱིས། །ཐར་འདོད་ཁྱེད་ཀྱང་དེ་བཞིན་བསྐྱང་འཚལ་ལོ། །གསུངས་པ་དང་། ཐར་འདོད་ཕྱི་རབས་ཀྱི་སྐལ་ལྡན་མཁས་གྲུབ་གནམ་ཀྱིས་ས་བཀབ་པ་ལྟ་བུའི་གསེར་མདོག་ཅོད་པཎ་འཛིན་པ་བསམ་གྱིས་མི་ཁྱབ་པས་ཀྱང་གསུང་དེ་ཁོ་ན་བློ་སྦྱོང་བས་དེའི་བརྒྱུད་པའི་གྲྭལ་འདབ་ནས་ཡར་མཉན་རྒྱུ་བྱུང་བ་འདི་བསོད་ནམས་དཔག་ཏུ་མེད་པའི་སྐྱེས་ཆེན་པོ་ལགས་པས། སེམས་རིན་པོ་ཆེ་ལ་མ་ལྟོས་པར་སྔགས་ཀྱི་ཟབ་ཁྱད་ཁོ་ནས་ས་གཅོད་མདོག་གི་སྙན་སྙན་མོ་ལ་རྣ་བ་ཁོབ། བྱང་ཆུབ་ཀྱི་སེམས་སྐྱེ་བ་ལ་གནད་འགག་གཉིས་ཡོད་སེམས་ཅན་སུ་མཐོང་ཡང་ཉེ་རིང་མེད་པར་ཡིད་འོང་གི་རྣམ་ལྡན་དུ་སྐྱེ་བ་ཞིག་དགོས། དེ་ལ་སེམས་ཅན་གྱི་ངོས་ནས་རང་ལ་དྲིན་ཆེ་ཚུལ་ཤེས་ཤིང་གཏིང་ནས་བློ་འཁུལ་བ་ཞིག་དགོས། དྲིན་དྲན་ཚུལ་ལ་སྔར་གཉེན་གྱི་དྭངས་མར་གྱུར་ཏེ་བསྐྱངས་ཚུལ་སེམས་པ་དང་། ད་གཟོད་རྫོགས་བྱང་གི་གོ་འཕང་ཚུན་ཆད་ཀྱི་ལེགས་ཚོགས་ཐམས་ཅད་སེམས་ཅན་གྱི་ཞིང་ལ་བརྟེན་ནས་འཐོབ་དགོས་ཚུལ་སེམས་པ་གཉིས་ཡོད། གཉིས་པོ་སྦྲག་ན་རྒྱུད་འཁུལ་ཚབ་ཆེ་བར་སྣང་། ཡང་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་དེ་ཡོན་ཏན་མཐའ་ཡས་པའི་བདག་ཉིད་ཡིན་པ་དང་། ཁྱད་པར་དུ་རང་གཞན་གྱི་དོན་གཉིས་མཐར་ཕྱིན་པ་ཡིན་པ་དང་། ཡང་དགོས་སུ་གཞན་དོན་ལ་བློ་འཁུལ་བ་ལ་གཞན་དོན་སྒྱུ་འཕྲུལ་དྲྭ་བ་རྣམ་པ་ཐམས་ཅད་པ་འབད་མེད་ལྷུན་གྲུབ་ཏུ་ཡོད་ལུགས་སོགས་ཐེག་ཆེན་གྱི་མདོ་དང་བསྟན་བཅོས་ནས་འབྱུང་བ་ལྟར་ཤེས་ཤིང་སེམས་པ་གལ་ཆེ། དེ་ལྟར་སེམས་པས་རྫོགས་བྱང་དེ་ཉིད་དོན་གཉེར་གྱི་བསམ་པ་འབྱུང་སླ། དེ་ལྟར་ན་མགོན་པོ་བྱམས་པས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཞེས་གསུངས་པ་དེ་ཇི་བཞིན་པར་འབྱུང་རྒྱུ་ཞིག་ཡིན་ཚོད་རེད།སྤྱོད་པ་ཉམས་ལེན་གྱི་རྟེན་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྐྱེད་ནས་ཕྱིན་དྲུག་སློབ་པའི་ལམ་གྱི་གོ་རིམ་གསུངས་ཀྱང་ལས་དང་པོ་པ་འོ་སྐོལ་ལྟ་བུའི་ལམ་ཡོངས་རྫོགས་ལ་བག་ཆགས་ཐེབ་དགོས་པས་སྦྱིན་སོགས་ཀྱི་ཉམས་ལེན་ཀྱང་ལམ་ཁྲིད་ལྟར་ཐུགས་ལ་ཟུངས། ལམ་མཆོག་སྒོ་འབྱེད་ལས། སེམས་ཙམ་བསྐྱེད་ཀྱང་ཚུལ་ཁྲིམས་རྣམ་གསུམ་ལ། །གོམས་པ་མེད་ན་བྱང་ཆུབ་མི་འགྲུབ་པར། །ལེགས་པར་མཐོང་ནས་རྒྱལ་སྲས་སྡོམ་པ་ལ། །བརྩོན་པ་དྲག་པོས་སློབ་པར་བྱིན་གྱིས་བརློབས། །ཞེས་གསུངས་པ་ལྟར་སྤྱོད་པ་ཉམས་ལེན་གྱི་བྱ་བ་ཐམས་ཅད་ཀྱང་ཉེས་སྤྱོད་སྡོམ་པ་དང་།དགེ་བ་ཆོས་སྡུད། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་དུ་བསྡུས་ནས་ཉམས་སུ་ལེན་ཚུལ་ཤེས་དགོས། ཡང་བསྡུ་བའི་དངོས་པོ་བཞི་ཡང་མདོ་སྡེ་རྒྱན་སོགས་ནས་བཤད་པ་ལྟར་དང་པོར་ཤེས་སུ་ཆུག་ལ་རྒྱལ་བའི་སྲས་ཀྱིས་སེམས་ཅན་བསྡུ་བའི་ཚུལ་ནི་འདི་ལྟར་ཡིན་ནོ་ཞེས་སྟོན་གནམ་གཡའ་དག་ལྟར་དྭངས་པའི་ཡིད་ཀྱིས་དེ་ལྟར་བསྡུའོ་སྙམ་པའི་དམ་བཅའ་དང་བསྡུ་ནུས་པར་གྱུར་ཅིག་སྙམ་པའི་སྨོན་ལམ་ཚུན་ཆད་ཡང་ཡང་ཐོབ་དང་བག་ཆགས་ཁྱད་པར་ཅན་ཐེབ་འགྲོ་བས་ཅེས་ཀྱང་གལ་ཆེ། ལྷག་པར་མདོ་སྡེ་རྒྱན་ནས་བཤད་པའི་ཕྱིན་དྲུག་གི་གྲངས་ངེས་རྣམས་དང་།སློབ་དཔོན་སེང་བཟང་གི་ཕྱིན་དྲུག་གི་གྲངས་ངེས་གཉིས་གསུངས་པ་རྣམས་ལམ་རིམ་ཆེན་མོར་བཀོད་པ་ལྟར་ཡང་ཡང་སེམས་ཐོག་ཏུ་བླང་ན་རྒྱལ་སྲས་ཀྱི་སྤྱོད་པ་ལ་གོ་བ་སྟེར་ཕུལ་ཆེ་ཞིང་ངེས་ཤེས་འདྲོངས་སླ། ཕྱིན་དྲུག་གི་ལམ་པོ་ཆེ་ལས་གཞན་དུ་རྫོགས་བྱང་དུ་བགྲོད་པའི་མྱུར་ལམ་ཡིན་མདོག་གིས་ཁ་གཞན་དུ་འདྲེན་པར་མི་ནུས་པའི་ངེས་པ་གཏིང་ཚུག་པ་སྐྱེ་ཞིང་། དེས་ལམ་ལྟར་བཅོས་པ་ལ་ཡིད་ནམ་ཡང་མི་གོལ་བས་བགྲོད་པ་གཅིག་པུའི་ལམ་འདི་ཁོ་ན་ཁོག་སྲོག་ཏུ་འོང་བས་ས་ཆོད་ཀྱང་ཆེ།ལམ་གང་ལ་ཡང་དེ་ལྟར་སེམས་ཐོག་ཏུ་བླངས་ཏེ་དཔྱད་པ་བྱས་པས་ངེས་ཤེས་ཀྱིས་རྒྱུད་འཁུལ་བ་རེ་འོང་ན་དེ་ལས་ལྷག་པའི་སྒོམ་བྱེད་ཚུལ་གཏན་ནས་མེད་པ་བླ་མ་དམ་པ་རྣམས་ཀྱི་གསུང་རྒྱུན་ཡིན། རྟོག་ངན་རེ་རེ་སྐྱེས་པས་ཀྱང་རྟོགས་པ་དེ་ཉིད་འགག་པའི་ཚེ་སེམས་རྒྱུད་ལ་སླར་ཡང་རྟོག་པ་ངན་པ་དེ་འདྲའི་རིགས་འབྱུང་རུང་གི་ནུས་པ་འཇོག་པས་ནུས་པ་དེ་ལ་ས་བོན་དང་བག་ཆགས་ཟེར། དེ་བཞིན་དུ་རྒྱལ་བའི་གསུང་རབ་རིན་པོ་ཆེའི་དགོངས་དོན་ལ་དཔྱད་པས་དོན་གང་ཡིན་ཀྱང་དེ་ལྟར་ལོས་ཡིན་སྙམ་པའི་འཛིན་སྟངས་ཐག་ཆོད་པ་བྱུང་བ་ལ་ངེས་ཤེས་འདྲོངས་པ་ཟེར།དེ་ཡང་ལུང་རིགས་ཀྱི་རྒྱབ་བརྟེན་བཟང་པོའི་ལག་རྗེས་ལས་བྱུང་བ་དེ་ངེས་ཤེས་རྣམ་པར་དག་པ་ཡིན། དེ་དང་དུས་མཚུངས་པར་དོན་དེ་ལ་ཡིད་དྭངས་སེང་ངེ་བ་དང་།ཡིད་ཆེས་པ་དང་། དོན་དུ་གཉེར་བ་སོགས་ཀྱི་དད་པ་དང་། དེ་ལ་མངོན་པར་སྤྲོ་བའི་བརྩོན་འགྲུས་དང་། དམིགས་རྣམ་དེ་ཉིད་མི་བརྗེད་པའི་དྲན་པ་དང་། དེ་ལ་ཡིད་རྩེ་གཅིག་པའི་ཏིང་ངེ་འཛིན་དང་། ཤེས་རབ་ངེས་ཤེས་རང་གི་ངོ་བོ་ཡིན་པས་རྣམ་བྱང་ཕྱོགས་ལ་དབང་བྱེད་པའི་དད་སོགས་དབང་པོ་ལྔ་ལྡན་གྱི་སྒོམ་འདི་ལྟ་བུ་ལན་རེ་སྐྱེས་པས་ཀྱང་སེམས་རྒྱུད་ལ་དེ་འདྲའི་བློ་ཕྱི་མ་འབྱུང་རུང་གི་དགེ་བའི་ནུས་པ་འཇོག་ཅིང་། སེམས་ནི་རྣམ་འགྲེལ་ལས་གསུངས་པ་ལྟར་རྟེན་བརྟན་པ་དང་།ཡོན་ཏན་དེ་ཡང་གོམས་ཟིན་འབད་རྩོལ་བསྐྱར་མ་ལ་མི་ལྟོས་པའི་ཆོས་ཡིན་པས་ནམ་ཡང་ཆུད་ཟོས་སུ་མི་འགྲོ། དེས་ན་དེ་ལྟར་དཔྱད་སྒོམ་གལ་ཆེ་ཚུལ་ལམ་རིམ་ན་རྒྱས་པར་གསུངས་པས་དེར་ལྟོས་ལ་ངེས་ཤེས་རྣམ་པར་དག་པ་དཔྱད་པས་འདྲེན་དགོས་པས་ཞི་གནས་ཀྱི་སྒོམ་མ་ཡིན་པ་ལ་དཔྱད་སྒོམ་བསྔགས་ཚུལ་ཤེས་དགོས།སྒོམ་ཡིན་ན་འཇོག་སྒོམ་ཡིན་དགོས། འཇོག་སྒོམ་ཡིན་ན་སེམས་ཙོམ་མེ་ཅི་ཡང་མི་བསམ་པར་འཇོག་དགོས་སྙམ་པ་འདི་དེང་སང་ཕལ་ཆེར་ལ་འཆར་རྒྱུ་ཞིག་ཡིན་པས་དེ་འདྲའི་གེགས་དང་གོལ་ས་ལ་མ་འཁྲུལ། སྒོམ་བརྒྱབ་པའི་ལག་རྗེས་ལ་ཡར་གྱི་སངས་རྒྱས་བྱང་སེམས་དང་བླ་མ་སློབ་དཔོན་ལ་དད་གུས། བར་གྱི་གྲོགས་མཆེད་དམ་ཚིག་གཅིག་གིས་བསྡུས་པ་ལ་དག་སྣང་། མར་གྱི་རིགས་དྲུག་སེམས་ཅན་ལ་བྱམས་སྙིང་རྗེ་སོགས་འབྱུང་དགོས་པ་ལ་ཅི་ཡང་མ་བསམ་པར་སེམས་ཙོམ་མེར་བཞག་པས་མི་འབྱུང་བ་ནི་འོ་མ་འདོད་པས་རྭ་འཇོ་བ་དང་འདྲ་བར་སློབ་དཔོན་ཆེན་པོ་ཀ་མ་ལ་ཤཱི་ལས་གསུངས། དེས་ན་རྣམ་པར་མི་རྟོག་པ་ལ་འཇུག་ཚུལ་ཡང་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་ཕྱིན་ཅི་ལོག་གི་འཛིན་སྟངས་སུན་དབྱུང་ཏེ་འཇུག་དགོས་ཚུལ་ཁོ་བོས་གྲུབ་མཐའི་ཕྱི་རོལ་བ་བཤད་སྐབས་ཡང་ཡང་བཤད་པ་དེར་གདའ། དོན་འདི་ལ་རྒྱབ་བརྟེན་ཚད་མ་འོད་སྲུང་གིས་ཞུས་པའི་མདོ་ལས་ཤིང་གཉིས་དྲུད་པའི་དཔེས་གསུངས་ཚུལ་སོགས་དྲན་ན་ངེས་ཤེས་འདྲོངས་སླ། དེ་ལྟར་དཔྱད་སྒོམ་ཟབ་ན་རྒྱལ་བའི་གསུང་རབ་རིན་པོ་ཆེར་བལྟ་རྟོག་མ་བྱས་པ་ལ་དཔྱད་བྱ་དཔྱོད་བྱེད་ཅི་ཡང་མེད་པས། དཔེ་ཆར་གཟིགས་རྒྱུ་གལ་ཆེ། སློབ་གཉེར་བྱེད་པ་འདི་དཔྱད་སྒོམ་གྱི་རྒྱུ་ཙམ་དུ་མ་ཟད་རང་དུས་དེར་ཡང་དཔེ་འཛིན་སྐྱོར་སྦྱང་ནམ་བྱེད་པ་ལ་དཔྱད་པ་ཡིན་པས་དཔྱད་པ་ལོགས་ན་མེད་ཅིང་། སྒོམ་གྱི་དོན་གོམ་པར་བྱེད་པ་ལ་ཟེར་བས་འཛིན་རྩོད་སྐྱོར་གསུམ་སྦྲག་ཏེ་སེམས་དེའི་ཕྱོགས་སུ་གོམ་ཆ་གཏོང་བ་ལས་ལྷག་པའི་སྒོམ་ཞིག་འདོད་ན་ཁྱེད་མོ་གཤམ་གྱི་བུ་དང་འཕྲད་འདོད་པར་གདའ། དེས་ན་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་པ་གཙོ་བོར་བྱེད་ཅིང་།དཔྱད་མཐར་ངེས་ཤེས་ཀྱི་རྒྱུན་ལ་འཇོག་པ་རེ་ཡང་བྱ་དགོས་པས་དཔྱད་འཇོག་སྤེལ་མར་མཛོད། ཁྱད་པར་དུ་ཕར་ཕྱིན་ཐ་མ་གཉིས་ལ་སློབ་ཚུལ་ནི་དང་པོ་རྩེ་གཅིག་པའི་ཞི་གནས་དང་། དཔྱད་སྒོམ་གྱི་ལྷག་མཐོང་སོ་སོའི་ངོ་བོ། དེ་དག་ཇི་ལྟར་བསྒྲུབ་པའི་ཚུལ་གྲུབ་ཏེ་ཟུང་འབྲེལ་དུ་འགྲོ་ལུགས་སོགས་ལམ་རིམ་ཆེ་ཆུང་ལྟར་ཤེས་ 1པ་གལ་ཆེ་ཞིང་། ཤེས་ནས་ཀྱང་དགེ་བའི་དམིགས་རྣམ་གང་དང་གང་བློ་ཡུལ་དུ་བྱེད་ན་ཡང་ཏིང་ངེ་འཛིན་གྱི་མན་ངག་རྣམས་ལྡན་པར་བསྐྱངས་ན་བོགས་ཆེ་བས།སྒོམ་ཟེར་རྒྱུ་དེ་མདོ་སྡེ་དགོངས་འགྲེལ་དང་། ཤིང་རྟ་ཆེན་པོ་ཐོགས་མེད་ཀྱི་ས་སྡེ་སྤྱི་དང་ཁྱད་པར་ཉན་ཐོས་ཀྱི་ས། ཀ་མ་ཤཱི་ལའི་སྒོམ་རིམ་གསུམ། ཤནྟི་པས་ཤེར་ཕྱིན་མན་ངག་སོགས་ནས་ཞིབ་རྒྱས་གསུངས་པའི་དོན་རྗེ་བདག་ཉིད་ཆེན་པོས་ལམ་རིམ་དུ་བཀོད་པ་ལས་ལྷག་པ་ཞིག་དུས་གསུམ་གྱི་རྒྱལ་བས་ཀྱང་མི་རྙེད། ད་ལྟ་རྙིང་ཕྱོགས་ཀྱི་རྫོགས་པ་ཆེན་པོའི་རིག་ངོ་སྐྱོང་ཚུལ་དང་། སྤྱིར་བཏང་སྒོམ་གྱི་ལྡོག་པ་གཅིག་དུ་འཁྲུལ་ནས་གསང་སྔགས་ཀྱི་ཐུན་མོང་མིན་པའི་འོད་གསལ་ལམ་བྱེད་འགའ་རེ་རྒྱུ་མཚན་དུ་བཟུང་ནས་སོ་སོར་རྟོག་པའི་ཤེས་རབ་ཀྱི་སྒོམ་སྤངས་པ་ནི་ཅི་ཡང་མི་ཤེས་པ་ཡིན། ཐུན་མོང་བའི་སྒོམ་ནི་ཏིང་ངེ་འཛིན་སྐྱོན་མེད་འཚོལ་བ་ཡིན་ལ། ཐུན་མོང་མིན་པའི་འོད་གསལ་ལམ་བྱེད་ནི་འོད་གསལ་གྱི་རྟོག་པ་འདྲེན་པའི་ཆེད་ཡིན་པས་དགོས་དོན་དང་སྐྱོང་ལུགས་སོགས་མི་གཅིག་པ་བླ་མའི་ཞལ་ལས་ཤེས་དགོས། སྤྱིར་ཞི་ལྷག་ཟུང་འབྲེལ་ཙམ་ནི་ཕྱི་ནང་གཉིས་ཀའི་ཐུན་མོང་ཡིན་ལ། ནང་པ་སངས་རྒྱས་པའི་ཐུན་མོང་མིན་པའི་ལྷག་མཐོང་ནི། བདག་མེད་རྣམ་ཅན་དང་བདེན་པའི་རྣམ་ཅན་གྱི་ལྷག་མཐོང་ཡིན་པས་དེ་ལ་གྲུབ་མཐའ་སོ་སོའི་བདག་མེད་ཕྲ་རགས་ཀྱི་འཇོག་ཚུལ་མང་དུ་གསུངས་པ་རྣམས་གྲུབ་གཞུང་རྣམས་ནས་བྱུང་བ་ལྟར་ཤེས་རྒྱུ་དང་ལྷག་པར་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ཀྱི་དགོངས་པའི་མཐིལ་རྗེན་པར་ཕྱུང་བའི་ཟབ་མོ་ལྟ་བའི་མན་ངག་ཇོ་འབྲོམ་ཡབ་སྲས་དང་། འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོའི་ཐུགས་དམ་ཉམས་བཞེས་སུ་མཛད་པ་ནི། སློབ་དཔོན་ཆེན་པོ་ཟླ་བ་གྲགས་པའི་འགྲེལ་ཆེན་རྣམ་གསུམ་དང་། དབུ་མ་ལ་འཇུག་པ་ལྟར་ལགས་པས་དོན་དེ་ནི་ཆེས་རྟོགས་པར་དཀའ་ཞིང་རྟོགས་ན་དོན་ཆེ་བ་ཡིན་ཕྱིར་ད་རེས་ཀྱི་རྟེན་འདི་ལ་བསྟན་པའི་སྙིང་པོ་འདི་ལ་བག་ཆགས་བརྟན་པོ་ཞིག་ཐེབས་དགོས། དེ་ལ་དགོངས་འགྲེལ་མང་ཡང་ལྷག་མཐོང་ཆེ་ཆུང་ལྟ་བུ་ཤིན་ཏུ་དཀོན་པས་དེར་བལྟ་རྟོག་བྱེད་རྒྱུ་གལ་ཆུང་དུ་བྱས་ནས་ནོར་བུ་དང་འཆིང་བུ་མ་ནོར་བར་ཚེ་མཇུག་འདི་འཇམ་མགོན་བླ་མའི་གསུང་རབ་ལ་གཅིག་དྲིལ་གྱིས་འདའ་བར་མཛོད། ཟབ་མོའི་ལྟ་བ་ལ་དང་པོར་དགག་བྱ་ངེས་པ་གལ་ཆེ་བས་དགག་བྱ་ཁྱབ་ཆེ་ཆུང་གི་སྐྱོན་སྤངས་ཏེ་རང་ལུགས་ཀྱི་དགག་བྱ་ངོས་འཛིན་རྒྱུ་དང་། དགག་བྱ་ངོས་བཟུང་ནས་དེ་ཉིད་ཐལ་རང་གང་གིས་འགོག་དང་། དེ་དག་གིས་འགོག་ཚུལ་ཉི་མ་བརྒྱ་ཕྲག་དུས་གཅིག་དུ་ཤར་བ་ལས་ཀྱང་གསལ་བའི་ལེགས་བཤད་ཀྱི་སྣང་བ་ཆེན་པོ་ལྷག་མཐོང་ཆེན་མོར་ཡོད་པས་དེ་ལ་གོ་རྟོག་ཅི་འགྲོ་མཛོད། གནད་དོན་མཐར་ཐུག་པ་ནི། དེང་སང་གཞི་བདེན་པ་གཉིས་ཀྱི་རྣམ་དབྱེ་བྱེད་པ་ནི། ལམ་ཉམས་ལེན་གྱི་དུས་ན་བདེན་གཉིས་སོ་སོ་ལ་བརྟེན་པའི་ལམ་རིམ་གཉིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་འབྱུང་བའི་ཆེད་ཡིན་ལ། ལམ་རིམ་གཉིས་དགོས་པ་ནི། འབྲས་དུས་སུ་ཆོས་གཟུགས་ཀྱི་སྐུ་གཉིས་འགྲུབ་པའི་ཐབས་ཡིན་ཞིང་གཞི་ཀུན་རྫོབ་ཀྱི་རྣམ་བཞག་ལ་བསྙོན་དུ་མེད་པའི་ངེས་ཤེས་མེད་ན་དེའི་ལམ་རིམ་མི་འོང་ཞིང་། དོན་དམ་བདེན་པ་ལ་ངེས་ཤེས་ལེགས་པོ་མེད་ན་ཡང་དེའི་ལམ་རིམ་འབྱུང་ཚུལ་མེད་པས་གཉིས་ཀ་ལ་ངེས་ཤེས་འདྲེན་དགོས། དེ་ཡང་ངེས་ཤེས་གཉིས་གཅིག་གིས་གཅིག་ལ་གནོད་ན་གཉིས་ཀ་འདྲེན་ཚུལ་མེད་ཅིང་སྟོབས་སམ་ནུས་པ་ཆེ་ཆུང་ཤོར་ན་ཡང་ལམ་རིམ་གཉིས་ཀྱང་དེ་བཞིན་འགྲོ་བས་ཐབས་ཤེས་གཉིས་ལ་སྟོབས་ཆེ་ཆུང་ཤོར་བས་ཐེག་པ་ཆེན་པོའི་ལམ་རིམ་དཔྱིས་ཕྱིན་པ་མེད། དེས་ན་བདེན་གཉིས་ལ་ངེས་པ་སྟོབས་ཆེ་ཆུང་མི་རུང་ལ། ངེས་པ་སྟོབས་མཚུངས་སུ་འདྲེན་ཚུལ་ཡང་ཀུན་རྫོབ་ངེས་པས་དོན་དམ་ལ་ངེས་ཤེས་སྟེར་ཞིང་། དོན་དམ་ངེས་པས་ཀུན་རྫོབ་ལ་ངེས་པ་སྟེར་བ་ཞིག་འབྱུང་སྟེ། ཕན་ཚུན་ངེས་ཤེས་གཉིས་གཅིག་གྲོགས་སུ་གཅིག་འགྲོ་བའི་ཚེ་ངེས་ཤེས་སྟོབས་མཚུངས་སུ་སྐྱེ་བ་ཡིན་ནོ། །དེ་ལྟ་བུའི་ངེས་ཤེས་སྐྱེད་ལུགས་ནི། ཇི་སྐད་དུ།སྣང་བ་རྟེན་འབྲེལ་བསླུ་བ་མེད་པ་དང་། །སྟོང་པ་ཁས་ལེན་བྲལ་བའི་གོ་བ་གཉིས། །ཇི་སྲིད་སོ་སོར་སྣང་བ་དེ་སྲིད་དུ། །ད་དུང་ཐུབ་པའི་དགོངས་པ་རྟོགས་པ་མེད། །ནམ་ཞིག་རེས་འཇོག་མེད་པར་ཅིག་ཆར་དུ། །རྟེན་འབྲེལ་མི་བསླུར་མཐོང་བ་ཙམ་ཉིད་ནས། །ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་འཇིག་ན། །དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས། ཞེས་གསུང་པ་ལྟར་སྣང་སྟོང་གཉིས་གཞི་གཅིག་གི་སྟེང་དུ་འདུ་མི་རུང་བ་དང་། གལ་ཏེ་འདུ་ཡང་སྣང་བ་རྒྱུ་མཚན་དུ་བྱས་ནས་སྣང་བ་ངེས་པའི་བློས་གཞན་ལ་ལྟོས་མེད་དུ་བདེན་གྲུབ་ཀྱི་དམིགས་གཏད་འཇིག་པ་དང་། སྟོང་བ་རྒྱུ་མཚན་དུ་བྱས་ནས་སྟོང་བ་ངེས་པའི་བློས་བློ་གཞན་ལ་ལྟོས་མེད་དུ་ལས་འབྲས་ཀྱི་ངེས་པ་ལ་ཡིད་ཆེས་རྙེད་པ་མི་འོང་བས་སྣང་སྟོང་སོ་སོའི་རྒྱུ་མཚན་ལོགས་ནས་འཚོལ་དགོས་པ་དང་། སྣང་བ་ངེས་པའི་བློས་སྟོང་བ་འཆར་བ་ལ་སྒྲིབ་པ་དང་། སྟོང་པ་ངེས་པའི་བློས་སྣང་བ་འཆར་བ་ལ་སྒྲིབ་པའི་ཚེ་སྣང་སྟོང་སོ་སོར་སྣང་བ་ཡིན་ལ། དེ་སྲིད་དུ་ཐུབ་པའི་དགོངས་པ་མཐར་ཐུག་པ་ལ་རྟོགས་པ་ནང་བྱན་ཆུད་པ་མེད་ཅིང་། ནམ་ཞིག་ན་གོང་དུ་བཤད་པ་ལྟར་རྒྱུ་འབྲས་རྟེན་འབྲེལ་ལ་ངེས་ཤེས་འདྲོངས་བ་དེ་ཚེ་ངེས་ཤེས་དེ་གའི་བྱེད་པ་རྒྱུ་མཚན་གཞན་མི་འཚོལ་པར་ངེས་ཤེས་དེ་ཉིད་ཀྱི་ཡུལ་གྱི་དམིགས་གཏད་ཞིག་པ་ཞིག་བྱུང་ན་སྣང་སྟོང་གཉིས་ཀྱི་བློ་སྔ་ཕྱི་ཡིན་ཀྱང་གཏན་ལ་འབེབས་ཚུལ་སོ་སོ་ལ་ལྟོས་པའི་རེས་འཇོག་མེད་པར་ངེས་ཤེས་གཉིས་གཅིག་ཆར་དུ་སྐྱེ་བ་འོང་བའི་ཚེ་ལྟ་བའི་དཔྱད་པ་རྫོགས་པར་གསུངས་པ་ལྟར་ལྟ་བའི་དཔྱད་པ་རྫོགས་པ་ཞིག་ཨེ་འོང་བལྟ་དགོས་ལ། དེ་ཡང་རྗེ་བདག་ཉིད་ཆེན་པོའི་གསུང་སྒྲོས་མཉམ་བཞག་རེ་རེ་ཡང་དངོས་ཤུགས་ཀྱི་ནུས་པ་བསམ་གྱིས་མི་ཁྱབ་པས་ལྷག་མཐོང་ཆེ་ཆུང་རིང་དུ་བལྟ་ཞིང་འདྲིས་པར་བྱེད་པའི་སྒོ་ནས་ཆོས་དང་གང་ཟག་གང་ཡིན་ཀྱང་ཡུལ་གྱི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་མེད་པ་དང་། ཡུལ་ཅན་བློ་ལ་སྣང་ལུགས་ཀྱི་ངོས་ནས་འཇོག་དགོས་པས་གནས་ལུགས་དོན་དམ་པར་མ་གྲུབ་པ་དང་། ཀུན་རྫོབ་བམ་ཐ་སྙད་དུ་འཇོག་པའི་ཚུལ། དེ་གཉིས་ཀྱི་ངེས་པ་བཤད་མ་ཐག་པ་ལྟར་འདྲོངས་པ་ལ་ཚིག་ཙམ་མིན་པར་ཉིན་མཚན་ལྟོས་མེད་དུ་འབད་རིགས་པ་ནི། འདི་ལ་ཐེ་ཚོམ་ཟོས་པས་ཀྱང་། །སྲིད་པ་ཧྲུལ་པོར་བྱེད་པར་འགྱུར།གསུངས་པ་ལྟར་ལགས་པས་འབད་པར་མཛོད། དེ་ལྟར་ལམ་ཐུན་མོང་པས་རྒྱུད་སྦྱང་བཞིན་ཏུ་ཐུན་མོང་མིན་པ་རྡོ་རྗེ་ཐེག་པ་ལ་བག་ཆགས་ཆེ་ཐེབས་ཆུང་ཐེབས་བྱེད་དགོས་པས་དེ་ལ་དེང་སང་གསང་སྔགས་བླ་མེད་ཀྱི་གསེར་ཆོས་ཐང་མར་བརྡལ་ཡོད་པས་ལམ་གྱི་འཇུག་སྒོ་དབང་སྐུར་ཚད་ལྡན་རྒྱུད་དང་གྲུབ་ཆེན་གྱི་མན་ངག་ལྟར་ལེགས་པར་ཞུ་ཞིང་། དབང་དུས་སུ་ཁས་བླངས་པའི་དམ་སྡོམ་ལ་སྲོག་བསྡོས་བྱེད་པ་ནི། ལམ་གྱི་སྲོག་རྩ་གལ་པོ་ཆེར་གསུངས་པའི་དམ་ཚིག་བསྲུང་པ་དང་། སྔར་ལས་ཀྱང་ལྷག་པའི་རྡོ་རྗེ་སློབ་དཔོན་མཉེས་པ་སྒྲུབ་པ་དང་། མི་མཉེས་པ་སྤོང་པའི་ཕྱག་ལེན་སླ་ཆོས་སུ་མི་གཏོང་པར་བྱིན་རླབས་དངོས་གྲུབ་ཀྱི་གཏེར་ཁ་འགུགས་པའི་ལྕགས་ཀྱུ་གཅིག་པུར་ངེས་པར་བྱས་ཏེ། བླ་མ་སངས་རྒྱས་དངོས་སུ་བལྟ་བའི་དད་གུས་ཀྱི་རྒྱ་མཚོའི་རྦ་རླབས་བསྐྱོན་ཏེ་རིམ་གཉིས་ཀྱི་མོས་སྒོམ་བྱས་ན་ཉམས་རྟོགས་ཀྱི་ནོར་བུ་ཅི་འདོད་དུ་ལག་རྩེར་འཕེན་པས་ན། ཚེ་མཇུག་འདིར་སྒྲུབ་པའི་རྒྱལ་མཚན་ཚུགས་པ་ཞིག་མཛོད། སྒྲུབ་པའི་རྒྱལ་མཚན་ཚུགས་པ་ལ་ཡང་སྒོམ་ཐག་རྒྱག་པ་དང་། སྒོ་འདག་སྦྱར་དང་། བཟླས་གྲངས་མང་པོ་འཁྱོལ་ཨེ་ཐུབ་དང་། རི་ཁྲོད་པ་དང་། བྱ་བྲལ་གྱི་སྐད་གྲགས་ཆེན་པོ་གང་ཡང་མི་དགོས། དོན་ཆུང་ཞིང་བར་ཆད་འཇུག་པའི་ཉེན་ཆེ། འགྲོ་འམ་འདུག་གམ་སྤྱོད་ལམ་ཅི་བྱེད་ཀྱང་རང་རྒྱུད་ལ་རྟོགས་ལ་རྒྱུན་དུ་རང་སེམས་དད་པའི་མེ་ལོང་གཡའ་དག་པ་ལ་བྱིན་རླབས་ཀྱི་གཏེར་ཆེན་པོ་བླ་མའི་གཟུགས་བརྙན་ཡང་དང་ཡང་དུ་བཀོད་དེ། འདི་ཕྱི་ཐམས་ཅད་ཀྱི་སྐྱབས་གནས་གཅིག་ཆོག་ཏུ་མངའ་གསོལ་བཞིན། སོར་ཐར་གྱི་སྡོམ་པ་ལ་ཞུ་དག བྱང་སེམས་ཀྱི་བསླབ་པ་ལ་སྨོན་འདུན། གསང་སྔགས་ཀྱི་དམ་ཚིག་ལ་བསྔོ་བགྲང་ཉི་མ་རེ་རེ་བཞིན་གྱིས་ལ། ཁ་མིག་སེམས་གསུམ་བཀའ་དང་དགོངས་འགྲེལ་གྱི་གཞུང་བཟང་རྣམས་དང་མ་འབྲལ་ན་སྒྲུབ་པའི་རྒྱལ་མཚན་ཚུག་པ་ཡིན་ཞེས་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱིས་གསུངས་པས་དེ་བཞིན་དུ་མཛད་པར་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་ལགས་སོ། རང་ལ་མེད་པའི་དགེ་སྦྱོར་ལ། །གྲོགས་ཁྱེད་བསྐུལ་བ་ཁྲེལ་འདས་ཀྱང་། །ཉིད་ཀྱི་ཐུགས་ལ་ནན་ཆེར་ཕྱིར། །བླ་མའི་གསུང་རྒྱུན་གླེང་པ་ལགས། །དེ་ལ་དགེ་ཚོགས་ཅུང་ཟད་ཡོད་སྲིད་ན། །དེ་མཐུས་རྒྱལ་བསྟན་སྤྱི་དང་འཇམ་མགོན་ལུགས། །ཁྱེད་ཐུགས་ཡངས་པའི་གཤོང་དུ་མ་དྲོས་བཞིན། །འཁྱིལ་ཏེ་གཏན་བདེའི་དཔལ་ལ་སྤྱོད་པར་ཤོག། །དྷརྨ་སཱ་རས་བྲིས་པ་དགེའོ།། །།
རྩོམ་སྒྲིག་པ། མང་ར་བ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn
