རྗེ་བཙུན་ཙོང་ཁ་པ་ལ་བསྟོད་ཅིང་སྨོན་ལམ་དུ་བྱ་བ་ཡིད་འཕྲོག་བུང་བའི་རྩེ་འཇོ་ཞེས་བྱ་བ་བཞུགས་སོ། །

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2022-10-26 07:48:11     རྩོམ་པ་པོ།   སྙན་དགོན་སྤྲུལ་སྐུ་གསུང་རབ།    ཀློག་ཐེངས།  

གང་གིས་རྒྱལ་བའི་མདུན་སར་ཐུགས་བསྐྱེད་བཞིན།

གང་དུ་དམ་ཆོས་ཐང་མར་བདལ་བ་ཡིས།

གང་ཚེ་རྒྱལ་རྣམས་དགྱེས་པའི་འཛུམ་ཞལ་གྱིས།

གང་ལ་ལེགས་སོ་སྦྱིན་པ་དེ་ལ་གུས།

སྲིད་པ་གསུམ་ན་རྣམ་པར་རོལ་པའི་བློ་བཟང་རྒྱལ་བའི་མྱུ་གུ་འབུམ།

སྐྱེ་དགུའི་གསོས་སུ་སྙིང་རྗེའི་རླན་གྱིས་རྣམ་པར་བསྟར་པའི་ཚོགས་ཀྱི་ནང་།

ཟབ་མོའི་གཏམ་ལ་ཁྱད་དུ་འཕགས་པའི་གྲགས་པའི་རོ་མངར་གཡུར་ཟ་བ།

ཡབ་གཅིག་མཁྱེན་པའི་གཏེར་ཆེན་དེ་ཀོ་ངུར་སྨྲིག་འཛིན་པའི་གར་དུ་གྱུར།

མཐོན་མཐིང་རལ་པའི་ཟུར་ཕུད་ལྔ་ལ་རིན་ཆེན་པྲོག་ཞུའི་ཕྲས་མཛེས་པའི།

མཚམས་སྤྲིན་ཞལ་གྱི་ཟླ་བའི་རྩེ་འཇོ་སྐལ་བཟང་དཀར་པོའི་ཕྱོགས་དག་ཏུ།

ལེགས་གསུང་ག་བུར་འཛེག་པའི་དཔྱིད་དེ་བསོད་ནམས་མི་དམན་གཞན་དུ་ནི།

གུར་གུམ་ཚོས་ཀྱིས་བཙོས་པའི་པཎ་ཞུས་རྟེན་འབྲེལ་གཏམ་གྱི་སྒོ་བརྒྱ་ཕྱེས།

ལྔ་རིག་མཁྱེན་པའི་བློ་གྲོས་བཟང་པོའི་ལེགས་བཤད་ཡལ་ག་རེ་རེར་ཡང་།

དྲི་མེད་ལུང་དང་རིགས་པའི་མེ་ཏོག་ཅིར་ཡང་མཛེས་པའི་ནགས་ཚལ་ནང་།

མི་འཕྲོག་སྤོབ་པས་རྣམ་པར་བསྐྲུན་པའི་ཟབ་དོན་ནོར་བུའི་ཆུན་འཕྱང་གིས།

མངོན་མཐོའི་གྲགས་ པ་ཅིར་ཡང་འབར་བའི་དཔག་བསམ་ལྗོན་པ་ཁྱོད་གཅིག་པུ།

ཐུབ་དབང་ཞལ་གྱི་པདྨོ་ལས་འོངས་དམ་ཆོས་དགའ་སྟོན་བྱེ་བའི་བཅུད།

རྟེན་ཅིང་འབྲེལ་འབྱུང་སྦྲང་རྩིའི་སྙིང་པོ་ཡུམ་དོན་རོ་བརྒྱ་ཆེས་མངར་བ།

རྣམ་པར་བཏུང་ལ་མཆོག་སྦྱིན་བུམ་པ་འཕགས་པའི་ཡུལ་དུ་ཀླུ་ཡི་དབང་།

ཁ་བ་ཅན་ན་མགོན་པོ་ཁྱོད་དེ་དེ་དག་སངས་རྒྱས་གཉིས་པར་གྲགས།

གང་ཚེ་ཁྱོད་ཀྱིས་རྒྱལ་བའི་ཡུམ་མཆོག་དཔལ་ལྡན་ཀླུ་དབང་དེ་ཉིད་ཀྱི།

རིགས་ཚུལ་ཤིང་རྟས་མགྲོན་དུ་བོས་བཞིན་ལེགས་བཤད་ཁྱོགས་ལ་ཉེར་དྲངས་ཏེ། 

མང་ཐོས་བྱེ་བའི་སྙིང་གི་ཡོལ་གོར་རབ་དགའི་བདུད་རྩི་འབུམ་བཀོད་པ།

དེ་ཚེ་རྒྱལ་སྲས་བགྲངས་པས་ཚོགས་ཀྱང་འདིར་འདུས་དམ་ཆོས་རོ་འདི་མྱོང་།

བཏགས་ཡོད་འཁྲི་ཤིང་གསར་བའི་རྩེ་མོར་འཁོར་འདས་ཤེས་བྱའི་འབྲས་བུ་བརྒྱ།

མིང་ཙམ་ཁོ་ནས་རྣམ་པར་བཅིངས་ཏེ་རྒོལ་ངན་སོར་མོས་མི་ཤིག་པའི།

ཆོས་ཀྱི་ལོངས་སྤྱོད་འདི་ལ་སྤྱད་དེ་ཐེག་གསུམ་སྐྱེ་དང་འཕགས་པའི་ཚོགས།

ཟག་མེད་ལུས་སྟོབས་ཅིར་ཡང་རྒྱས་ནས་ལམ་ལྔའི་འགྲོས་ཀྱིས་རྩོན་པར་གྱུར།

ཆོས་རྣམས་རྣམ་བདུན་རིགས་པའི་སྲང་གིས་ཞིབ་མོར་བཅལ་ན་ནམ་དུ་ཡང་།

ཡང་དག་རྫས་ཀྱི་དངོས་པོའི་ལྕིད་ནི་ཆ་ཙམ་དམིགས་པ་མ་ཡིན་ན།

ཀུན་བྱང་བླང་དོར་གང་དུ་འཆར་བ་བཏགས་ཡོད་མེ་ལོང་འདི་འདི་ཞེས།

མཁྱེན་པའི་སྤྱན་སྟོང་རྣམ་བཀྲའི་ཚོགས་ཀྱང་དགའ་བའི་རྐང་བྲོ་འཁྲབ་པ་ལ།

བདག་ལས་མ་སྐྱེས་གཞན་གྱིས་མ་བསྐྱེད་གཉིས་དང་རྒྱུ་མེད་ཀྱང་མིན་པར།

སྣ་ཚོགས་ཤེས་བྱའི་འཇའ་ཚོན་བཀྲ་བའི་ལྟད་མོ་འདི་ལ་བལྟས་པ་ན།

མིང་རྐྱང་འཕྲུལ་གྱིས་བཟོས་པ་ཁོ་ནར་སུས་ཀྱང་བསྙོན་དུ་མེད་ལགས་པས།

གཏམ་འདི་གང་གི་ཞལ་ན་མཆིས་དེ་ཐུབ་དབང་ཆོས་ཀྱི་སྲས་སུ་ངེས།

དེ་སླད་ལྗོངས་འདིར་ཟབ་མོའི་ཚུལ་དེ་བློ་བཟང་རྒྱལ་བ་གཉིས་པ་རུ།

གྲགས་པའི་བ་དན་དཀར་པོས་རྣམ་མཛེས་མཁས་མཆོག་གདོང་ལྔ་འདིས་བསྒྲགས་ཏེ།

དབུས་འགྱུར་ཆོས་ཀྱི་ཞིང་ས་དེར་ཡང་ཟླ་བའི་ཅོད་པཎ་ལྟར་གྱུར་བ།

གྲགས་པའི་མུ་ཁྱུད་དཀར་པོས་རྣམ་མཛེས་མཁས་མཆོག་གདོང་ལྔ་དེ་ཡིས་སོ།

ཐུབ་པའི་ཞལ་ཆབ་བདག་མེད་རོ་ལྡན་ཉོན་མོངས་སྐོམ་པའི་གདུང་སེལ་དུ།

གུས་པས་བསྟེན་པའི་མཁས་མང་ཚོགས་ཀྱིས་འབད་པ་བརྒྱས་བཙལ་ཆོས་ཀྱི་ནོར།

ཀུན་གྱི་རྩེར་སོན་གྲུབ་མཐའི་གསང་འདིར་བློ་གྲོས་མིག་བཟང་འབུམ་འགྱེད་པའི།

ཟབ་དོན་གསེར་གྱི་ཐུར་མ་བསྣམས་པའི་གྲགས་པ་དོན་ལྡན་འཚོ་བྱེད་ཁྱོད།

ས་གསུམ་འགྲོ་བ་གཉིས་སྣང་ཁང་བར་མ་རིག་མུན་པས་ཡོངས་མནར་ཏེ།

ཆོས་མཆོག་བརྟེན་ནས་བཏགས་པའི་གཟུགས་ལ་བལྟ་བའི་སྐབས་དང་བྲལ་བ་རྣམས།

རྣམ་གྲོལ་གླིང་དུ་འཁྲིད་པའི་ས་མཁན་དྲང་སྲོང་ཆེན་པོའི་ལམ་མཚོན་པའི།

ཟབ་མོའི་གཏམ་གྱི་འོད་སྟོང་སྤྲོ་བའི་ཉིན་བྱེད་གཅིག་པུར་བདག་གིས་ངེས།

དེ་སླད་སྲིད་པ་འདི་ཙམ་མ་ཟད་ཚེ་རབས་ཕྲེང་བ་ཐམས་ཅད་དུ།

གསེར་རིའི་དྲུང་ན་རིན་ཆེན་ལྷུན་པོའི་གཟི་བྱིན་མངོན་པར་ངོམ་པ་བཞིན།

ཐུབ་པའི་ལུགས་བཟང་སྨྲ་བའི་ཁྲོད་ན་དམ་ཆོས་འཛིན་པའི་སྨོན་ལམ་གྱིས།

མངོན་པར་མཐོ་བའི་ཡབ་རྗེའི་རང་ལུགས་རྟག་ཏུ་མཇལ་ཏེ་འཛིན་པར་ཤོག།

ཁྱད་པར་རིགས་ལམ་འོད་དཀར་འཛེགས་པས་མཐར་འཛིན་ཚ་བའི་གདུང་སེལ་བ།

ངེས་དོན་དབུ་མའི་བློ་གྲོས་མཆོག་གི་ཟླ་བ་དཀར་པོའི་ངོས་དག་ཏུ།

བཏགས་ཡོད་རི་བོང་མཚན་མས་རྣམ་མཛེས་ཞི་བའི་དགའ་སྟོན་ཆེན་པོ་འདིས།

འཇིག་ལྟའི་གཡུལ་ལས་རྒྱལ་བའི་ཤིས་པ་འཇིག་རྟེན་གསུམ་དུ་བསྒྲུབ་གྱུར་ཅིག།

དེ་སྐད་སྨྲ་བ་ཡབ་གཅིག་འཇམ་པའི་དཔལ།

ངུར་སྨྲིག་འཛིན་པའི་རོལ་བར་ཤར་བའི་ལྷ།

དྲི་མེད་བློ་གྲོས་སྒོ་བརྒྱ་འབྱེད་པའི་མགོན།

གང་གིས་བསྐྱངས་པའི་ཆོས་ཀྱི་མྱུ་གུ་དེས།

འཇམ་མགོན་ཆོས་ཀྱི་རྒྱལ་པོའི་རང་ལུགས་བཞིན།

ཟབ་མོའི་གཏམ་གྱི་དགའ་སྟོན་མྱོང་བའི་ཚེ།

བརྟེན་ནས་བཏགས་པའི་བློ་གྲོས་འཕེལ་གྱུར་ཏེ།

ཡབ་རྗེའི་ལུགས་ལ་སྨོན་ལམ་འདི་ལྟར་བཏབ།

ཅེས་འཇམ་མགོན་ཆོས་ཀྱི་རྒྱལ་པོ༧ཙོང་ཁ་པའི་ཞབས་ལ་བསྟོད་ཅིང་སྨོན་ལམ་དུ་བྱ་བ་ཡིད་འཕྲོག་བུང་བའི་རྩེད་འཇོ་ཞེས་བྱ་བ་འདི་ནི། རུ་དམ་ཨོ་རྒྱན་བསམ་གཏན་གླིང་གི་ཡང་དབེན། གངས་རི་མངོན་པར་མཐོ་བའི་ཞོལ། དཔལ་གྱི་གཡུ་མཚོ་འཁྱིལ་བའི་འགྲམ་མེ་ཏོག་དང་བཅས་སྨན་ཤིང་གི་རྭ་བ་འཁྲིགས་པའི་ཚལ་ནས་རྒྱལ་སྲས་ཀྱི་སྤྱོད་པ་ལ་སློབ་པར་སྨོན་པའི་སྐབས། བརྟེན་ནས་བཏགས་པའི་རྟེན་འབྲེལ་གྱི་ཚུལ་གྱི་ཡབ་རྗེའི་རང་ལུགས་ལ་བློ་གྲོས་ཀྱི་ན་ཚོད་གསར་བ་ཐོབ་པའི་ཚེ་ཇི་ལྟར་སྨོན་པ་དེ་ལྟར་སླར་ཡང་རྣམ་རྒྱལ་དགེ་ལྡན་གྱི་གཙུག་ལག་ཁང་གི་ཉེ་འཁོར་རང་ཤག་དཀོན་མཆོག་གསུམ་གྱི་ལྷ་ཁང་དུ་ཡི་གེར་བྲིས་པ་དེ་བཞིན་ཏུ་གྲུབ་པར་གྱུར་ཅིག། །དགེའོ།། །།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།