ཞྭ་དམར་ཆབ་ཤོག་ལས་སེ་ཏན་ཞབས་དྲུང་ནས་ཚིགས་སུ་བཅད་པའི་འཕྲིན་ཡིག་བྱུང་བའི་ལན་དུ་སྤེལ་བ་ལྷའི་མེ་ཏོག
ལེགས་བཤད་རིན་ཆེན་བྱེ་མ་འགྲེམ་མཁས་པའི། །
རྣམ་དཔྱོད་དུས་རླབས་ཡོལ་བ་མེད་པའི་མཚོ། །
དགེ་ལེགས་སྣང་བརྙན་འབུམ་ཕྲག་ཅིག་ཆར་དུ། །
འཆར་བའི་སྣོད་དུ་འོས་པ་གང་དེའི་དྲུང་། །
གཏན་བདེའི་དགོས་འདོད་སྤེལ་བའི་ལེགས་བྱས་ནོར། །
སྣང་ཤས་རྐུན་པོར་རིང་ནས་ཤོར་ཟིན་ཀྱང་། །
མཁས་བཙུན་དམ་པའི་འབག་གྱོན་ཚུལ་འཆོས་གར། །
བསྒྱུར་པས་གཞན་ཡིད་འབྲིད་རྩོམ་དེས་གསོལ་བ། །
གཞན་དང་མི་མཉམ་བློ་གྲོས་དགའ་ཚལ་དུ། །
སྐྱེད་བསྲིངས་སྡེབ་ལེགས་སྙན་ཚིག་མེ་ཏོག་གསར། །
ཉམས་བརྒྱའི་འདབ་མ་གྲོལ་བས་བདག་ཡིད་ལ། །
སྔོན་མེད་དགའ་བདེའི་སིམ་པ་ཅི་ཡང་མྱོང་། །
ཀུན་ཉོན་རྡུལ་གྱིས་རྙོག་པའི་ཡིད་རྫིང་དུ། །
ཁྱོད་ཞབས་ཟླ་བ་མཚན་དཔེའི་བསིལ་ཟེར་ཅན། །
བྱེད་པོའི་པིར་གྱིས་བྲིས་འདྲ་གསལ་འཆར་བ། །
སྔོན་འབྲེལ་ཀཻ་ཏ་ཀ་ཡིས་བགྲུངས་པ་སྙམ། །
ཀུན་རྟོག་སོར་རྩེས་མངོན་པར་འདུ་བྱས་པའི། །
ངོ་བསྟོད་བཅོས་མའི་མེ་ཏོག་ཕྲེང་མཛེས་ཙམ། །
རིང་ནས་མཛའ་བ་བརྟན་པའི་གྲོགས་ཁྱོད་ཀྱི། །
རྣ་བའི་རྒྱན་དུ་སྤེལ་བར་འོས་པ་མིན། །
དེ་ཕྱིར་ཆགས་སྡང་ཐོགས་རེག་དང་བྲལ་བའི། །
མཉེས་གཤིན་ཀུན་གསལ་ཡངས་པོར་རང་བྱུང་དུ། །
འཁྲུངས་པའི་ལེགས་འདོམས་ལྷ་རྫས་འདབ་བརྒྱའི་ཆར། །
རྣམ་དཔྱོད་ལྡན་ཁྱོད་མགུ་བའི་གསོས་སུ་འབེབས། །
ནམ་མཁའི་མཐས་གཏུགས་ལུས་ཅན་མཐའ་དག་གི །
ཕན་བདེའི་བགོ་སྐལ་རྒྱལ་བའི་བསྟན་ལ་རག །
བཤད་སྒྲུབ་ཆུ་བོ་ཕྱོགས་བརྒྱར་འབབ་པའི་ཁུངས། །
དབུས་འགྱུར་མ་དྲོས་མཚོ་ཆེན་ཉིད་ལགས་མོད། །
ད་ལྟ་གཞན་སྡེའི་རྒྱལ་བློན་གཉིས་འཐུང་ཁྱུ། །
དུག་གསུམ་ཆང་མྱོས་ལོག་སྤྱོད་གོམ་པའི་སྟབས། །
བག་མེད་བསྒྱུར་པས་བྷོ་ཊས་ལྗོངས་ཆེན་པོའི། །
བདེ་སྐྱིད་པད་ཚལ་མིང་གི་ལྷག་མར་བྱས། །
མདོ་ཁམས་འདིར་ཡང་ལྟ་ངན་ཚང་ཚིང་ནགས། །
ངན་སྤྱོད་ཚེར་མ་གཟེངས་པ་འཛད་མེད་པས། །
ཐུབ་བསྟན་ལུས་བཟང་ཡང་ཡང་རྨས་པའི་ཚུལ། །
ཞིབ་པར་བརྗོད་ན་སྙིང་ཁོང་གྲང་བའི་རྒྱུ། །
གནམ་བསྐོས་མི་རྗེའི་དྲིན་ལས་དེང་གི་དུས། །
ཁྲིམས་གཉིས་ཤིང་རྟའི་སྣང་བརྙན་ཙམ་གནས་ཀྱང་། །
བདེ་འབྱོར་མངའ་ཐང་མ་ལུས་གཞན་གྱི་སྡེའི། །
གཞན་དབང་ལྕགས་ཀྱུའི་དབང་དུ་སོང་བས་སྐྱོ། །
སྐྱེས་རབས་ཕྲེང་བར་བསྟན་སྲིད་རིན་ཆེན་གདུགས། །
གྱེན་དུ་འདེགས་ལ་ཁུ་དབོན་བློ་མཐུན་ཡང་། །
དུས་འདིར་ལྕེ་གཉིས་ཅན་གྱིས་རབ་སྤྲོས་པའི། །
དབྱེན་ཚིག་དུག་གི་རླངས་པས་སོ་སོར་ཕྱེ། །
གཙུག་ལག་ཀུན་གཟིགས་མཁྱེན་སྤྱན་ཡངས་པ་ཁྱོད། །
བདག་ལྟས་སྤང་བླང་མཚོན་པའི་འོས་མིན་ཡང་། །
ལྷག་བསམ་ཟླ་བ་རྒྱས་པའི་དཀྱིལ་འཁོར་ལས། །
ཕན་གྲོས་འོད་དཀར་སྤྲོ་བ་སུ་ཡིས་འགོག །
བཤུལ་རིང་ལྷོ་བྱང་དོན་མཐུན་ཚོང་ཁང་དུ། །
ཞག་འགའ་འགྲོགས་ཚེ་འཁོན་དང་མཛའ་གཅུགས་ཀྱི། །
འཆིང་བ་ངང་གིས་ལྷོད་པའི་དཔེ་ཇི་བཞིན། །
ཕན་ཚུན་གནོད་འཚེའི་བསམ་སྦྱོར་སྤོང་བར་གྱིས། །
ངུར་སྨྲིག་འཆང་བའི་སྡེ་རྣམས་ཡུལ་གྲུ་འདིའི། །
བདེ་སྐྱིད་མྱུ་གུ་འཕེལ་བའི་ཞིང་ལགས་ན། །
དགེ་འདུན་ཐུགས་མཐུན་ཆོས་སྤྱོད་རྣམ་པ་བཅུའི། །
སྲོལ་བཟང་འཕེལ་བའི་ཐབས་ལ་བརྩོན་པར་གྱིས། །
དལ་འབྱོར་རིན་ཆེན་གླིང་དུ་སླེབས་པའི་དུས། །
ཉེས་སྤྱོད་དུག་སྣ་བསོགས་པའི་འོས་མིན་གྱི། །
ལེགས་བྱས་ཡིད་བཞིན་ནོར་བུའི་མཛོད་བཟུང་ནས། །
རང་གཞན་ཕན་བདེའི་དགོས་འདོད་འཇོ་བར་གྱིས། །
བག་མེད་ཅོལ་ཆུང་བྱིས་པའི་རོལ་རྩེད་ལ། །
འཕྱན་ན་ཉམ་ངའི་གཡང་ས་འགྲིམས་དོགས་པས། །
ཁས་བླངས་བཅས་ཁྲིམས་མིག་བཞིན་གཅེས་སྤྲས་སུ། །
སྲུང་བའི་མཚམས་ལས་འདའ་དཀའི་ཡི་དམ་གྱིས། །
རབ་འབྱམས་མདོ་དང་རྒྱུད་ཀྱི་གཞུང་མང་པོར། །
ཡུན་རིང་སྦྱངས་པའི་གནད་དོན་བསམ་འཕེལ་ནོར། །
སྒྲུབ་པའི་རྒྱལ་མཚན་རྩེ་མོར་མངོན་མཆོད་ནས། །
ལེགས་བཤད་འདོད་རྒུའི་གྲུ་ཆར་དབབ་དུ་གསོལ། །
ཕྱོགས་མཐའི་རྒྱལ་བློན་མངའ་ཐང་དར་དྲགས་ཚེ། །
རབ་བྱུང་སྤྱོད་པ་བརླིང་བོར་བསྙད་བཏགས་ནས། །
རྒྱལ་བསྟན་རིང་མིན་བསྣུབས་པའི་དོགས་གཞི་འདིར། །
བློ་ནོར་ལྡན་ཁྱོད་འབད་པས་སྒྲིམས་པར་མཛོད། །
དེ་སྐད་སྙིང་ལ་བརྣག་པའི་དོན་པོ་འགའ། །
གཏམ་དུ་སྤེལ་བས་སྙན་དབང་ཅུང་གཙེར་ཀྱང་། །
བྱམས་ཐུགས་ཁྲེལ་བའི་གོ་སྐབས་ལྟ་ཅི་ཞེས། །
ཁྱོད་མཉེས་མཆོད་པའི་སྤྲིན་དུ་བསམ་བཞིན་སྤྲོས། །
དྲེགས་ལྡན་རལ་བའི་ཟུར་ཕུད་ཀྱིས་བཏུད་པའི། །
རིན་ཆེན་ཁྲི་འཕང་མཐོན་པོར་མཁས་དབང་ཁྱོད། །
ཞབས་ཟུང་གཡོ་བ་མེད་པར་བརྟན་བཞུགས་ནས། །
ལེགས་བྱས་གསར་བའི་སྒོ་བརྒྱ་དབྱེ་བར་འཚལ། །
ཞུ་འཕྲིན་མེ་ཏོག་ཆུན་པོར་སྤྱན་རས་ཀྱི། །
མཐོན་མཐིང་བུང་བ་ཡུད་ཙམ་རོལ་པའི་རྟེན། །
ལྷག་བསམ་རང་མདངས་འཕྲོག་པའི་དར་དཀར་སྐྱེས། །
རང་བློར་མཉམ་བཀྲའི་ཕྱག་རྒྱ་བཏབ་པ་ཕུལ། །
ཞེས་དབོ་ཟླའི་ཚེས་བཟང་པོར་བྲག་ལུང་དགོན་དགའ་ལྡན་བཀྲ་ཤིས་ཆོས་གླིང་ནས་གུས་པས་ཕུལ།
༼ གློག་རྡུལ་ཡི་གེ་གནང་ནས་མཚམས་སྦྱོར་མཁན། དྷཱིཿ ཚ། རྨོག་རུ་སངས་རྒྱས་རྒྱ་མཚོ། ༽
རྩོམ་སྒྲིག་པ།ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn
ཞྭ་དམར་ཆབ་ཤོག་ལས་