ཞྭ་དམར་ཆབ་ཤོག་ལས་ ཤིང་འབྲུག་ལོར་འབར་ཁམས་རྫོགས་ཆེན་སྤྲུལ་སྐུ་རིན་པོ་ཆེ་ནས་གསུང་འཕྲིན་ཚིགས་བཅད་བྱུང་བའི་ལན་དུ་ཕུལ་བ་བུང་བ་མྱོས་པའི་མགྲིན་གླུ།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-08-18 06:51:17     རྩོམ་པ་པོ།   ཞྭ་དམར་པཎྜི་ཏ།    ཀློག་ཐེངས།  

མཐའ་ཀླས་ནམ་མཁའི་ཁམས་ཀྱི་རྗེས་སོང་དག་པ་གཉིས་ལྡན་དབྱིངས་ཆེན་པོར། །

རོ་མཉམ་བརྗོད་བྲལ་ལྷན་ཅིག་སྐྱེས་པ་ཡེ་ཤེས་དམ་པའི་ཆ་རེར་ཡང་། །

བླ་ན་མེད་པའི་ཡོན་ཏན་ཀུན་རྫོགས་གསང་གསུམ་རྒྱལ་ཐབས་མངོན་མཐོ་བ། །

ངེས་གསང་ཆོས་ཀྱི་འཁོར་ལོས་བསྒྱུར་པ་མཁས་གྲུབ་མཆོག་དེའི་ཞབས་པདྨོར། །

དད་གསུམ་ཉམས་དགའི་སྐྱེད་ཚལ་ལས་འཁྲུངས་པའི། །

ཐལ་སྦྱར་མེ་ཏོག་འཛུམ་པའི་ཕུ་དུད་བཅས། །

ལེགས་བྱས་སྦྲང་རྩིའི་ཟིལ་དངར་གྱིས་མྱོས་པའི། །

རྐང་དྲུག་མགྲིན་པའི་རྒྱུད་མངས་ཇི་བཞིན་སྦྲེང་། །

དེང་ཡང་སྐལ་བཟང་རྒྱུ་སྐར་འབུམ་གྱི་དབུས། །

ཀུན་དགའི་གཉེན་གྱུར་སྨྲ་བའི་ཟླ་རྒྱས་གང་། །

ལེགས་བཤད་བདུད་རྩིའི་ཟེགས་མ་ཁག་པོ་རུ། །

ཅིག་ཆར་འགྲེམ་པའི་མཛད་བཟང་གོང་འཕེལ་ངོས། །

སྔོན་མེད་ངོ་མཚར་རྒྱན་གྱིས་ཉེར་སྤུད་པའི། །

སྡེབས་ལེགས་གསུང་འཕྲིན་མུ་ཏིག་གསར་བའི་ཕྲེང་། །

རྟེན་བཟང་དར་གྱི་སྲད་བུར་ཡོངས་སྤེལ་བ། །

ཕྱོགས་བྲལ་བློ་གསལ་དགའ་བའི་སྐྱེས་སུ་ཐོབ། །

འདི་ན་རིགས་མཐུན་དད་རྗེས་འབྲངས་པའི་ཁྲོད། །

མང་ཐོས་བསམ་གཏན་སྤྱོད་པའི་ཟོལ་བཟུང་ཡང་། །

གཏན་འདུན་སྙིང་པོའི་ནོར་མཆོག་ཆོས་བརྒྱད་ཀྱི། །

རྐུན་པོའི་ལག་ཏུ་ཤོར་བ་ངོ་རེ་གནོངས། །

           མཚམས་ཞུ།

བགྲང་ཡས་བསྐལ་པ་དུ་མར་ཐུབ་དབང་གིས། །

བསོད་ནམས་ཡེ་ཤེས་ཚོགས་ཆེན་གྱིས་བསྒྲུབས་པའི། །

དམ་ཆོས་དཀོན་མཆོག་ནོར་བུའི་མཛོད་ཉིད་ལས། །

ས་གསུམ་དབུལ་བ་འཕྲོག་བྱེད་གཞན་ཡོད་མིན། །

འོན་ཀྱང་སྙིགས་མ་ལྔ་བདོའི་མུན་ཁྲོད་འདིར། །

མངོན་མཐོའི་ལམ་གསལ་སྒྲོན་མའང་ཆེས་དཀོན་ན། །

རྒྱལ་དབང་ལུང་རྟོགས་ཆོས་མཛོད་བཤད་སྒྲུབ་ཀྱིས། །

འཛིན་སྐྱོང་སྤེལ་བའི་སྐྱེས་ཆེན་ཉིན་སྐར་ཙམ། །

དེ་ཕྱིར་ཤེས་བྱའི་དཀྱིལ་འཁོར་མཐའ་ཡས་པ། །

མངོན་སུམ་གཟིགས་པའི་ཡེ་ཤེས་མཆོག་གི་གཏེར། །

མཉེས་གཤིན་བྱམས་པའི་བདག་ཉིད་ཁྱོད་ཁོ་ནས། །

བསྟན་འགྲོའི་དོན་ཆེན་ཁུར་དུ་བཞེས་པར་འོས། །

ནམ་མཁའི་མཐས་གཏུགས་རྒྱུད་ལྔའི་འགྲོ་བ་རྣམས། །

ཇི་སྲིད་གདོད་མའི་རྒྱལ་སར་མ་བཀོད་པ། །

དེ་སྲིད་མི་འཇིགས་བཞི་ལྡན་སེདྒེའི་ཁྲིར། །

ཞབས་ཟུང་རྡོ་རྗེའི་གཤིས་སུ་བརྟན་བཞུགས་གསོལ། །

མཆོག་དམན་གདུལ་བྱའི་པད་ཚལ་ཇི་སྙེད་པ། །

འཆར་ནུབ་སྤངས་པ་སྙིང་རྗེའི་ཉིན་བྱེད་ལས། །

རབ་སྤྲོས་གདམས་པའི་འོད་རྣོན་རེ་རེས་ཀྱང་། །

སྨིན་གྲོལ་སྦྲང་རྩིའི་བཅུད་དུ་རྫོགས་པར་མཛོད། །

དེ་ལྟའི་ཞུ་ཡིག་ངུར་བ་མོ། །

སྙན་འགྱུར་མགྲིན་རྔ་རྡུང་བཞིན་དུ། །

རང་སེམས་མདངས་མཚོན་དར་དཀར་གྱི། །

འདབ་གཤོག་བསྐྱོད་པའི་གར་བཅས་སོང་། །

ཞེས་ཤིང་འབྲུག་ཟླ་༨ཚེས་༥དགེ་བར་དགའ་ལྡན་བཀྲ་ཤིས་དར་རྒྱས་གླིང་གི་གཙུག་ལག་ཁང་ཆེན་པོ་ནས་སྒོ་གསུམ་གུས་པ་ཆེན་པོས་ཕུལ་བའི་ཞུ་ཡིག

     ༼ གློག་རྡུལ་ཡི་གེ་གནང་ནས་མཚམས་སྦྱོར་མཁན། དྷཱིཿ  ཚ། རྨོག་རུ་སངས་རྒྱས་རྒྱ་མཚོ། ༽

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།