ཞྭ་དམར་ཆབ་ཤོག་ལས་མཁས་དབང་བློ་བཟང་རིན་ཆེན་ལ་ཕུལ་བ།
མང་ཐོས་སྤོས་དཀར་ལ་ཟོས་བློ་གྲོས་ཀྱི། །
གཉིས་འཐུང་སྒྲེགས་པའི་ལེགས་བཤད་བསུང་ཞིམ་པོས། །
སྐལ་བཟང་བུང་བ་ཡོངས་འདུའི་གོ་འབྱེད་མཁན། །
ཉམས་རྟོགས་རིན་ཆེན་དྲ་བས་སྤུད་དེའི་དྲུང་། །
མ་བརྟགས་ཉམས་དགའ་འདི་སྣང་སྨིག་རྒྱུའི་རླབས། །
སྙེགས་ཀྱིན་སྟོང་པས་རང་སེམས་རི་སྐྱེས་བུ། །
མངོན་སུམ་བསླུ་ཡང་ད་དུང་སྙིང་པོའི་ཆབ། །
ཡིད་ལ་བཅགས་པའི་བསམ་བརླག་དེའི་ཞུ་མཆིད། །
རྣམ་དཔྱོད་འཕེལ་པ་རྫོགས་པའི་ཟླ་གཞོན་ཉིད། །
གློ་བུར་ཉེ་ཞོའི་མུན་ལས་རྣམ་རྒྱལ་ངོས། །
གསུང་སྐྱེས་བདུད་རྩིའི་དོ་ཤལ་འགོག་མེད་དུ། །
སྤྲོས་པ་རབ་དགའི་རླབས་ཕྲེང་འཕེལ་བའི་གསོས། །
སྤངས་རྟོགས་དྲི་བསུང་འཐུལ་བའི་ཙནྡན་ནགས། །
འཁྲིལ་བའི་གཟི་བརྗིད་མཛེས་ལྡན་ལོ་འབྲས་ཀྱིས། །
ཀུན་ཡིད་འཕྲོག་པའི་ང་རོ་སྙན་པའི་སྒྲས། །
ཐོས་འཛིན་བདུད་རྩིའི་ཁང་པར་ཆེད་དུ་སྒྲུབས། །
ཡང་དག་རིགས་པའི་རྒྱུད་ཀྱི་ཟབ་གནད་གཞུ། །
འཁྱོག་པོར་བཀུག་པའི་ཐལ་ངག་ཉག་ཕྲན་གྱིས། །
མཁས་རློམ་སྙིང་ལ་བརྣག་པར་དཀའ་བའི་ཟུག །
སྦྱིན་མཁས་སྔོན་མེད་དགའ་བྱེད་གཉིས་པར་འཁུམས། །
མཁས་རྣམས་སོམ་ཉིའི་སྒྲོག་གིས་དམ་བཅིངས་པའི། །
དཀའ་གནས་ལྷུག་པར་བཀྲོལ་བའི་ལེགས་བཤད་ཀྱི། །
སྐྱེས་བཟང་བསྟར་བ་མཐོང་ཚེ་དུས་མཐར་ཡང་། །
ཐུབ་བསྟན་མགོན་དང་བཅས་སྙམ་གློ་བ་དགའ། །
ཨེ་མ་ཆེར་སྙིགས་དུས་དང་མི་འཚམས་པའི། །
ངོ་མཚར་བསམ་མི་ཁྱབ་པའི་ཡོན་ཏན་གཟུགས། །
ཁྱོད་བློའི་མེ་ལོང་ཉིད་ལ་མངོན་སུམ་པ། །
འདི་ལས་ཀུན་མཁྱེན་གཞན་པ་བཙལ་དུ་མེད། །
འདི་ན་སྣང་ཤས་གདོན་གྱིས་ཡིད་བརླམས་པས། །
ཅི་བྱས་སྨྱོན་པའི་གར་ལ་ཟློས་བཞིན་དུ། །
ཁ་བཤད་གླུ་དབྱངས་འཁྲོལ་བས་གཞན་གྱི་བློ། །
འབྲིད་པར་རྩོམ་པ་སྙིང་རྗེའི་ཡུལ་མིན་ནམ། །
ཕྱི་ཚུལ་དམ་པའི་ཀུན་སྤྱོད་ལྟར་བཅོས་ནས། །
ཕ་རོལ་འབྲིད་པའི་ཐབས་ཚུལ་ལྷུར་བླངས་ཀྱང་། །
ཐོག་མེད་དུས་ནས་གོམས་པའི་ཚུར་མཐོང་གི །
ལྷན་གཅིག་སྐྱེས་པའི་རང་བཞིན་བསྒྱུར་མ་ནུས། །
སྔོན་བྱས་འབྱུང་བའི་ཁམས་ལས་བརྒྱ་བྱིན་གྱི། །
ཚོན་ལ་འཁུ་བའི་བདེ་འབྱོར་ཡུད་ཙམ་པ། །
གློ་བུར་འཇིག་པའི་ངང་ཚུལ་དེ་མཐོང་ན། །
ཡིད་སྐྱོའི་གྲོགས་སུ་འགྱུར་ཡང་ཐབས་ཀྱིས་དབུལ། །
ཁྱད་པར་སྙིགས་དུས་མཚན་མོའི་སྨག་རུམ་དུ། །
འགལ་རྐྱེན་འཐོང་རླུང་འཚུབ་པས་ཡིད་སྐྱོ་ཡང་། །
མཆོག་གསུམ་བྱིན་རླབས་ཤེལ་གྱི་སྒྲོམ་བུ་རུ། །
ཚུད་པའི་སྲོག་གི་སྒྲོན་མེ་མ་མནལ་ཙམ། །
མཚམས་ཞུ།
ཀ་ཡེ་རིང་ནས་བཅིངས་པའི་མཛའ་བའི་སེམས། །
མི་ཕྱེད་བརྟན་པའི་ཕྱི་ཐག་རིང་བ་ཁྱོད། །
གནས་ཀྱིས་བསྐལ་ཡང་མི་བརྗེད་དྲན་པའི་མཐུ། །
ལྷག་པར་བརྟས་པའི་རང་ཉམས་མདོངས་གསོལ་བ། །
ཟག་མེད་ཡོན་ཏན་འབྱོར་པའི་རྒྱལ་ཐབས་ཆེར། །
མི་ཟད་རྒྱན་གྱི་འཁོར་ལོས་དབང་བསྒྱུར་ནས། །
ལུས་ཅན་ཀུན་ལ་དབང་ཕྱུག་དམ་པའི་ལམ། །
མཚོན་པའི་མིག་གྱུར་གང་དེའི་དགྱེས་འཛུམ་ཞལ། །
བསྐལ་པར་བསྒྲུབས་པའི་ཚོགས་ཀྱིས་མངོན་སུམ་དུ། །
མཐོང་བའི་སྐལ་བ་སྔོན་ཆད་མི་དམན་ཡང་། །
འཕྲལ་སྣང་ཡུན་རིང་བསྐལ་པའི་ལྟར་སྣང་རྐྱེན། །
སྙིང་ལ་ལྕི་བའི་གུས་ལྡན་རྗེས་བརྩེའི་ཡུལ། །
དེ་སླད་ཞབས་སྐྱེས་མཚན་བཟང་འཁོར་ལོའི་རིས། །
མངོན་པར་བཀྲ་བ་སྐྱེ་རྒུའི་ཅོད་པན་དང་། །
འགྲོགས་པའི་རྩེ་དགའ་ཉམས་མེད་བྱིན་ཆགས་པར། །
སྤྱི་བོས་རེག་པའི་སྐལ་བཟང་དེང་འདིར་སྩོལ། །
སྡུག་བསྔལ་རླབས་ཕྲེང་གཡོ་བ་དུས་མཐའི་མཚོར། །
དལ་འབྱོར་གྲུ་གཟིངས་གློ་བུར་བྱིང་བའི་ཚེ། །
ལས་སྣང་རྐྱེན་གྱིས་མི་བརྫི་ཐར་བའི་སྲོག །
སྦྱིན་པའི་སྐྱབས་ཀྱི་འཇུག་པའང་གསོལ་བར་འཚལ། །
ཡིད་ཅན་ཀུན་གྱི་བླ་ན་ལྷན་ཅིག་ཏུ། །
སྐྱེས་པ་དཀར་ནག་ལས་ཀྱི་རྗེས་འབྲང་ནས། །
གཏན་གྱི་ལོངས་སྤྱོད་གང་ཡིན་མ་འཚལ་ཡང་། །
ད་དུང་བསམ་གཞིག་མེད་པ་བདག་ལ་གཟིགས། །
ཟག་བཅས་ཕུང་པོའི་སྙེ་མ་མཛེས་ལྷམ་མེར། །
སྦྱངས་པའི་སྙིང་པོར་རིགས་མཐུན་ཤས་ཙམ་ཞིག །
མངོན་སུམ་འདྲེན་པའང་ཕྱི་རོལ་ཀདྐུ་མའི། །
གཟི་འོད་ལྷམ་མེར་འཚེར་བ་ནོངས་མ་གྲང་། །
གང་ཤར་རིག་པའི་རྣམ་འཕྲུལ་ཉག་གཅིག་ཏུ། །
གྲུབ་པའི་བསོད་ནམས་ཤུགས་ལ་མ་ངེས་མོད། །
དོན་གྱི་གནས་ཚུལ་ཁོ་ནར་མི་བསླུ་བའི། །
དཔྱད་པའི་དག་པ་སྐྱེས་ཀྱི་ཕུལ་དུ་སེམས། །
ལེགས་བཤད་གཏམ་གྱིས་དབུལ་བའི་མཆུ་སྒྲོས་འདི། །
དོན་མེད་གཡོ་འགུལ་བགྱིད་པ་ངོ་ཚ་ཡང་། །
ཁྱོད་གསུང་དབྱུག་གུས་བསྐུལ་བས་དབང་མེད་དུ། །
མུ་ཅོར་དབྱངས་སུ་བསྒྲགས་པ་ཁྲེལ་ཅི་འཚལ། །
དེ་སྐད་བློ་མིག་ཡུལ་ལ་མི་གསལ་བས། །
སྙན་ཚིག་རྒྱན་གྱི་ཉམས་ལ་བཏང་སྙོམས་ཀྱང་། །
མི་ཕྱེད་མཛའ་བའི་རང་བཞིན་འདི་ལྟ་ཞེས། །
སྟོན་སླད་དར་དཀར་སྐྱེས་ལ་རྒྱ་འབྱར་བཅས། །
ཞེས་ཟླ་ཚེས་ལ་སྒྲུབ་པའི་དགའ་ཚལ་ཆེན་པོ་རྣམ་གྲོལ་གླིང་ནས་ཕུལ།
༼ གློག་རྡུལ་ཡི་གེ་གནང་ནས་མཚམས་སྦྱོང་མཁན། དྷཱིཿ ཚ། རྨོག་རུ་སངས་རྒྱས་རྒྱ་མཚོ། ༽
རྩོམ་སྒྲིག་པ།ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn