ལ་མོའི་སྐུ་ཞབས་ཀྱི་ཡོངས་འཛིན་སྤྲུལ་པའི་སྐུ་ལྷོ་རྒྱུད་བཀྲ་ཤིས་འཁྱིལ་དུ་སློབ་གཉེར་ལ་ཞུགས་སྐབས་ཕུལ་བ་སྒྲ་དབྱངས་རིག་པའི་སྙིང་པོ་ཞེས་བྱ་བ།
༄༅། །མཁྱེན་རབ་མན་ཤེལ་བཟང་པོའི་གྲྭ་རེར་ཡང་།།
ལུང་དང་རིགས་པའི་རྫུ་འཕྲུལ་ཕོ་ཉ་བས།།
ཇི་སྙེད་ཤེས་བྱ་འགུགས་པའི་རིག་སྔགས་མཁན།།
སྨྲ་བའི་ཟླ་བ་དེ་ཡི་མདུན་ས་ལ།།
རིག་བྱེད་རྔ་ཡབ་བསིལ་བའི་བདུད་རྩི་ནི།།
འགྲེམ་ལ་རིག་པ་འབྱུང་བའི་ཞིང་ཁམས་ན། །
ཟླ་བོས་མ་བཟུང་ཚངས་པའི་རལ་བ་ཡང་། །
རྐང་སེན་གདན་དུ་ལེན་པས་ཚུལ་འདི་གླེང་། །
མཐོ་རིས་འབྱུང་བོ་འཛིན་པའི་ཡོན་ཏན་ལས། །
ལན་བརྒྱར་འགོངས་པའི་འཇིག་རྟེན་འཛམ་བུའི་གླིང་། །
ཁོར་ཡུག་དཀྱིལ་འཁོར་ཡངས་པའི་ཐིག་ལེ་གང་། །
ལྷོ་རྒྱུད་ས་ལ་འོག་མིན་ལས་ཀྱང་བཀྲ། །
སྲིད་ཞིར་དགེ་བ་བཀྲ་ཤིས་རི་མོའི་ལམ། །
གཡས་འཁྱིལ་མེ་ཏོག་སྡུག་གུའི་འཇའ་ཚོན་ནི། །
གང་ལ་བརྟེན་པ་ནོར་འཛིན་དཔལ་མོ་ཡང་། །
སྐལ་བ་བཟང་བའི་ཡ་མཚན་ཟད་མི་ཤེས། །
རྣམ་བདུན་རིན་ཆེན་བ་གམ་མངོན་མཐོ་བའི། །
གསེར་གྱི་ཁང་བཟང་འབར་བའི་ཕྲེང་བ་ཡིས། །
ལྟ་ན་སྡུག་པའི་གྲོང་ཡང་ངམ་གྲོག་ཏུ། །
བཏང་བས་སྐབས་གསུམ་བུ་ཡང་ཕྱོགས་དེར་འཁོན། །
བྱིན་རྟེན་ནོར་བུའི་བང་བ་རྒྱ་ཕྱེ་ནས། །
མ་ག་ངྷ་ཡི་ཚལ་ཡངས་ཡི་དྭགས་ཀྱི། །
འཇིག་རྟེན་ཉིད་དུ་བགྱིད་ན་ཕྱོགས་གཞན་དུ། །
དག་པའི་ཞིང་ཁམས་དེ་ཡང་བཙལ་བྱ་མིན། །
ཕྱོགས་བཅུའི་རྒྱལ་བའི་ཡོན་ཏན་མ་ལུས་པ། །
བ་སྤུའི་ཆ་ཤས་རེར་ཡང་ཡོངས་རྫོགས་པས། །
གྲགས་པའི་འོད་དཔུང་ས་གསུམ་འཁོར་ཡུག་ལས། །
རྣམ་པར་རྒྱལ་བ་ཧ་ས་བཛྲ་ཉིད། །
བྱེད་པོ་དེ་ཡི་ཀུན་རྟོག་པིར་གྱིས་ནི། །
མཐའ་དག་བཤད་སྒྲུབ་ས་ལ་གཟུགས་རིས་སུ། །
བགྱིས་པ་དུས་གསུམ་ཕྱོགས་ཀྱི་སྐལ་བཟང་མའི། །
ཡིད་དབང་འགུགས་པའི་ཕོ་ཉ་གཞན་ཡོད་མིན། །
གངས་ཅན་མཁས་མང་རལ་བའི་མེ་ཏོག་གིས། །
ཞབས་སེན་མཆོད་པ་འཇིགས་མེད་སྨྲ་བའི་དབང་། །
དེ་ཡི་ཐུགས་བསྐྱེད་གསེར་གྱི་ཤིང་རྟ་བརྒྱས། །
ལུགས་གཉིས་རིན་ཆེན་དྲངས་པའི་མཐའ་མི་དཔོག །
རེ་ཞིག་དུས་ཀྱི་དམོད་པ་སྲིན་མོའི་མངལ། །
སྦྲུམ་པའི་མི་བསྲུན་མཚན་མོ་རྒྱུ་བ་ཅན། །
ཕན་བདེ་ཆུ་གཏེར་བཞི་ཡང་རིལ་མིད་དུ། །
བྱེད་པ་མུ་སྟེགས་རྒྱལ་བློན་དུ་མས་མནར། །
དེ་ལྟའི་ཉམས་ང་འཇིགས་པའི་ཚ་བ་ལ། །
འཐུངས་པའི་གཟུར་གནས་ཁོང་བའི་ནད་ཅན་ཀུན། །
མྱ་ངན་སྙིང་གི་ཐེམ་སྐས་ལ་ཕྱིན་ནས། །
འཇིག་རྟེན་ཕ་རོལ་ལྟ་ལ་ཅི་ཡང་རངས། །
འོན་ཀྱང་ཀུན་མཁྱེན་ཐུགས་བསྐྱེད་རཱ་མ་ཎས། །
གཞུ་རྒྱལ་གནམ་ལྕགས་འཕྲུལ་གྱི་འཁོར་ལོ་གང་། །
འཕངས་པས་མགྲིན་བཅུ་ཉི་མའི་སྲས་པོ་ལ། །
བྱིན་པས་ད་ནི་མཐའ་དག་རྒྱ་ལས་གྲོལ། །
སྡོམ་བརྩོན་ལི་ཁྲིའི་ཆུ་གཏེར་ནི། །
འབྱུང་བོ་འཛིན་པའི་ཕང་བ་ལ། །
བྲི་གང་མེད་པར་འཁྱིལ་ལགས་སམ། །
ཞེས་པའི་རོལ་མོ་དབྱངས་སུ་འཚེར། །
དྲེགས་ལྡན་རྒྱལ་ཕྲན་བྱེ་བའི་མགོར། །
ཞབས་ཟུང་ནོར་བུའི་འོད་སྦྱིན་པ། །
ཀུན་མཁྱེན་མཆོག་སྤྲུལ་འཁོར་ལོས་སྒྱུར། །
ལུགས་གཉིས་སྐྱོང་བཞིན་འཚོ་གཞེས་སམ། །
ཆོས་ཀྱི་རྒྱུན་ནི་ཆུ་བོ་བཞིན། །
བར་མེད་འཇོ་བའི་ཆོས་ཀྱི་སྤྲིན། །
ཉག་གཅིག་བགྲེས་རྒུད་མ་མངར་བར། །
ཕན་བདེ་གཞི་མར་བདེ་ལགས་གྲང་། །
ལྗགས་ཀྱི་རྩེ་མོ་གཡོ་བའི་རྡུལ། །
རེ་རེར་བཀའ་པོད་གཞུང་བརྒྱའི་ཆུ། །
རབ་འཁྱིལ་ལུང་རིགས་སྨྲ་བའི་ཚོགས། །
ཐུབ་བསྟན་རྒྱན་དུ་ངེས་ཆེའམ། །
རྣམ་དཔྱོད་ལྷ་ཡི་ཡུར་བ་ལས། །
གཞུང་དོན་ཆུ་བོ་འདྲེན་མཁས་པ། །
ཁྱོད་ཀྱང་འཚེ་བས་ཡོངས་བཏང་ནས། །
དགེའམ་ཞེས་པ་སྙན་དུ་སྟེ། །
སྤྲེའུའི་རྣམ་ཐར་ལྷུར་བྱེད་པ། །
ཤིང་རྩེར་མཆོངས་པའི་རྒོད་བག་ཅན། །
དེ་དེ་ངལ་བས་རང་མལ་ན། །
རང་ཚོད་གཞལ་ལ་མིག་བགྲད་དམ། །
བྱམས་པའི་བདུད་རྩིས་ཡིད་བརླན་ཞིང་། །
ཕྱི་མཐའ་གཟིགས་པའི་སྤྱན་ཡངས་པ། །
ས་སྐྱོང་སྡེ་བཞིའི་དཔལ་འབྱོར་ཅན། །
ལུགས་གཉིས་གཟི་ཡིས་མཐོ་ལགས་གྲང་། །
བསོད་ནམས་ལྡན་པའི་དེད་དཔོན་གྱིས། །
གཟིངས་ལ་རིན་ཆེན་བཀལ་བ་བཞིན། །
ཚོང་འདུས་ལ་ནི་དོན་མཐུན་ཁྱུས། །
སྣ་ཚོགས་འབྱོར་བས་གཏམས་སམ་ཅི། །
འཐབ་རྩོད་མུ་གེའི་གཡུལ་ངོ་ལས། །
རྣམ་རྒྱལ་སྐྱེ་དགུའི་རི་དྭགས་མོ། །
བདེ་སྐྱིད་ནགས་མར་ཡན་པ་ལས། །
རྫོགས་ལྡན་རྩེ་དགར་ལོངས་སྤྱོད་དམ། །
ཆོས་སྲིད་པད་མཚོར་རྙོག་མའི་རྡུལ། །
སློང་བྱེད་ལག་ལྡན་གྱིས་དབེན་ཏེ། །
ལུགས་ཟུང་འོད་ཀྱི་སྣང་བ་འབུམ། །
སྤྲོ་བའི་ཉི་མ་འགའ་མཆིས་སམ། །
འདི་ན་འཇམ་དཔལ་ཞལ་གྱི་པདྨོ་ལ། །
སྐྱེངས་པའི་རྡུལ་ཕྲེང་ནོར་བུའི་དོ་ཤལ་ནི། །
འགྲེམ་མཁས་སྐལ་ལྡན་རྒྱལ་བ་རྒྱ་མཚོའི་ལྷའི། །
འཕྲིན་ལས་གྲིབ་མ་བསིལ་བའི་ཚལ་ན་བདེ། །
རྒྱལ་རྣམས་མཛད་བཟང་དཀྱིལ་འཁོར་མཐའ་དག་པ། །
ལེགས་བྱས་མཛད་པ་གཅིག་གི་བགྲོད་པ་ལ། །
བཤད་སྒྲུབ་བང་རྩལ་རྫོགས་པ་འཇིགས་མེད་དབང་། །
རྒྱལ་བའི་བསྟན་ལ་རྒྱ་བ་གཉིས་པ་བཞིན། །
རང་གྲོགས་དཔག་བསམ་རྐང་འཐུང་འདི་དག་ཀྱང་། །
དུས་དང་མི་འཚམ་ནོར་བུའི་འཕྱང་འཕྲུལ་གྱིས། །
ཐུབ་བསྟན་འཆི་མེད་ལུས་བཟང་བརྒྱན་པ་ལ། །
དྲེགས་པས་མྱོས་པ་ཕལ་གྱིས་འགྲིན་མ་གྱུར། །
གསེར་ཞུན་བཀའ་ཡིག་ཕྱོགས་ཀྱི་རྒྱལ་ཕྲན་ལ། །
སྤྲིངས་མཁས་ས་ཡི་ཚངས་པ་ཆེན་པོ་དང་། །
དེ་ཡི་མངའ་འབངས་དཔག་ཚད་ཁྲི་ཕྲག་ལ། །
ཚོམ་བུར་སྤུངས་པའང་ལུགས་གཉིས་འབྱོར་བས་མྱོས། །
གྲུ་འཛིན་བདག་པོ་ལི་ཁྲིའི་མཚོར་ཞུགས་ནས། །
ས་གསུམ་མིག་གི་བདུད་རྩིར་བལྟམས་པའི་གཟུགས། །
འདི་ཡི་འོད་ཀྱི་ཉག་མ་གཅིག་གིས་ཀྱང་། །
ཕྱོགས་ཀུན་དགེ་བའི་སྣང་བ་བྱིན་དུ་འབེབས། །
ཀྭ་ཡེ་རང་ལུས་ཆུ་སྲིན་གྲོང་འདི་ན། །
དོན་གཉིས་རིན་ཆེན་འབྱུང་བའི་གནས་མཆིས་པས། །
སྲུང་བྱེད་གྲིབ་མ་དར་བབ་གཞོན་ནུ་མས། །
རང་གཟུགས་སྒེག་ལྡན་ལ་ནི་འཁྱུད་པས་མཚོན། །
རྨོངས་ཆེན་འཁོར་བའི་མུན་པ་འཇིག་པ་ལ། །
མང་ཐོས་ཉི་མའི་མེ་ལོང་ལས་འགོངས་པའི། །
སྣང་བ་ཀུན་རིག་ཤེས་བྱའི་ར་བ་ལ། །
མཚོན་ཕྱིར་མོ་གཤམ་བུ་རྣམས་རང་རྩལ་འགྲན། །
དེ་ནས་ཐོས་དང་བརྩོན་པའི་གཟིངས་བཅོས་ནས། །
གཞུང་ལུགས་རྒྱ་མཚོའི་མཆིང་རྣམ་གཅོད་པ་ལ། །
དྲན་དབང་ཕལ་ཆེར་སྲིན་བུའི་ཟླར་བྱས་ནས། །
སྲིད་ན་མེད་པའི་དེད་དཔོན་མཆོག་ཏུ་ལོངས། །
ཕྱོགས་གླང་གྲགས་པའི་རིགས་པ་ཡན་ལག་བཞིའི། །
དཔུང་ཚོགས་ནམ་མཁའ་འདི་ཡང་རལ་སྙམ་པས། །
ཀུན་ལས་རྒྱལ་བའི་གྲགས་པའི་བ་དན་དཀར། །
ཁོར་ཡུག་རི་བོའི་བར་དུ་ཅི་ཡང་སྒྲོངས། །
མཁྱེན་དཔྱོད་སྒྲོ་ལྡན་ཐོགས་མེད་ནི། །
ཀུན་ཁྱབ་མཐར་ཡང་བགྲོད་དོ་ཞེས། །
ཤེས་བྱའི་འབེན་དག་འདར་ལྡན་པས། །
ལུས་སྐྱེས་བསེར་བུས་བདས་ལ་སྙོགས། །
ལྔ་རིག་མུ་ཏིག་དཀར་པོའི་ཕྲེང་། །
འཇིག་རྟེན་མུན་པ་འཕྲོག་པའི་རྒྱན། །
འཛིན་མཁས་སྔོན་མེད་གཞོན་ནུ་ཞེས། །
རྒྱལ་རྣམས་ཆགས་པའི་ལམ་དུ་ཟུངས། །
དགེ་ལེགས་ནོར་གྱི་བློ་གྲོས་མ། །
བཤད་སྒྲུབ་གསེར་གྱི་མེ་ཏོག་ལྡན། །
ཐུབ་བསྟན་གང་གི་དཔུང་བ་ལ། །
བརྟེན་པའི་ཀ་བ་གཞན་མེད་ཕྱིར། །
གྲུབ་པ་མཆོག་འདིའི་ཞབས་རྡུལ་ནི། །
ཟུར་ཕུད་ཕོན་པོའི་རྒྱན་དུ་སྟེན། །
ཉི་མའི་བུ་ཡི་དབྱུག་ཏོ་ནི། །
འཚོ་བའི་ལྷག་མར་མ་འགྲོགས་ཕྱིན། །
ལེགས་བཤད་རྩེ་དགའི་མེ་ཏོག་ཆར། །
ལྷན་ཅིག་འབེབས་ལ་འདིར་ཡང་སྨོན། །
རང་མཐོང་དུག་གིས་གསོས་པས་ལུས་བརྟས་ནས། །
གྲིབ་མར་བརྡེགས་ནས་མིང་ལ་འཁོན་འཛིན་པ། །
དེ་དག་དགེས་པ་མིན་ཡང་ལྷག་པའི་སེམས། །
དཀར་བ་ཁྱེད་ལ་རིན་ཆེན་གཏེར་དུ་ཕུལ། །
ཡོངས་འཛིན་བློ་བཟང་དཔལ་ལྡན་གྱི་ལྗགས་རྩོམ་ཕྱོགས་བསྒྲིགས་ལས་བཤུས།
༢༠༡༨༠༢༢༡ཚུལ་ཁྲིམས་རྒྱ་མཚོས་གཏག་སྟེ་མཚམས་སྦྱོར་བྱས།
རྩོམ་སྒྲིག་པ།ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn