ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེའི་གསུང་འབུམ་ལས་བྱང་ཆུབ་ལམ་རིམ་གྱི་རྣམ་བཤད་ལུང་རིགས་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། །
ན་མོ་གུ་རུ་མཉྫུ་ཤྲཱི་གྷོ་ཥཱ་ཡ། བསླབ་གསུམ་རིན་ཆེན་ཚོགས་ཀྱིས་རྒྱུད་གཏམས་ཤིང༌། །མང་དུ་ཐོས་པའི་གཏིང་མཐའ་མི་མངོན་པ། །འཆད་རྩོད་རྩོམ་པའི་རྦ་རླབས་ཆལ་ཆིལ་གཡོ། །ལུང་རྟོགས་ཆུ་གཏེར་རྩ་བའི་བཤེས་ལ་འདུད། །སློབ་པའི་དུས་ནས་སྙིགས་མའི་འགྲོ་འདྲེན་སྙིང་སྟོབས་སྲིད་ན་རབ་བརྟན་པའི། །རྒྱལ་དང་རྒྱལ་སྲས་ཀུན་གྱིས་པདྨ་དཀར་པོ་ལྟར་བསྔགས་མེ་ཏོག་གིས། །མཁའ་ཁྱབ་འོག་མིན་རྩེར་སོང་གྲགས་དཀར་བ་དན་མཐོན་པོ་ལྷང་ངེ་བ། །མཉམ་མེད་འགྲོ་བའི་བླ་མ་ཟས་གཙང་སྲས་དེའི་ཞབས་པད་གཙུག་ན་མཛེས། །མགོན་དེའི་ཟབ་རྒྱས་ཆོས་ཀྱི་ཆུ་བོ་ཀུན། །ས་གསུམ་སྐལ་ལྡན་གླིང་དུ་སྤེལ་མཛད་གར། །སྣ་ཚོགས་སྟོན་མཛད་མི་ཕམ་བླ་མ་དང༌། །རྒྱལ་བའི་ཡབ་གཅིག་འཇམ་པའི་དབྱངས་ལ་འདུད། །ཚིག་རེ་དོན་བརྒྱས་བཤད་ཀྱང་མི་རྫོགས་རྒྱལ་བའི་ཡུམ། །ལུང་བཞིན་རིགས་པས་དགོངས་དོན་གསལ་མཛད་པའི། །ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ཐོགས་མེད་གཉིས། །ཐུབ་བསྟན་བཅུ་གཉིས་རྒྱན་གྱུར་ཉི་ཟླ་བཞིན། །ཤིང་རྟ་ཆེན་པོ་གཉིས་ཀྱིས་ལེགས་བཀྲལ་བའི། །ཟབ་མོའི་ལྟ་བ་རྒྱ་ཆེན་སྤྱོད་པའི་ལམ། །མ་ནོར་ཡོངས་རྫོགས་གནད་བསྡུས་གདམས་པའི་གཏེར། །ཇོ་བོ་ཡབ་སྲས་བརྒྱུད་བཅས་ཕྱག་གི་ཡུལ། །ཐུབ་པའི་དབང་པོས་གནས་གཙང་གཞལ་ཡས་ཁང་པར་སངས་རྒྱས་བྱང་སེམས་ཚོགས། །ལྷ་ཀླུ་མ་གཤིན་གཟའ་སྐར་སྲིན་པོ་ཁྱིམ་གྱི་ལྷ་སོགས་འཁོར་ཚོགས་དབུས། །འཛུམ་མཛད་མང་པོས་ལུང་བསྟན་མ་འོངས་ཁ་བ་ཅན་ནང་དགོན་ཆེན་དང༌། །སངས་རྒྱས་མཛད་པ་བྱེད་པར་ལུང་བསྟན་རྒྱལ་པ་གཉིས་པར་གུས་ཕྱག་འཚལ། །ཕྱོགས་རེ་ཙམ་མིན་མདོ་སྔགས་མ་ལུས་པའི། །ཚིག་དོན་མགོན་དེའི་བཞེད་པ་དཔྱིས་ཕྱིན་པའི། །འཆད་མཁས་སྲས་མཆོག་ཤིང་རྟ་ཆེ་ལྟ་བུ། །མཁས་ཤིང་གྲུབ་བརྙེས་མང་པོས་ནོར་འཛིན་འགེངས། །མདོ་རྒྱུད་ཀུན་དོན་སྐྱེས་བུ་གསུམ་ལམ་དུ། །ཉམས་ལེན་གནང་གསལ་ཤིང་རྟ་ཆེ་གཞུང་བཞིན། །རྣམ་འགྲེལ་ཙམ་ཞིག་རང་བློ་སྦྱངས་ཕྱིར་དང༌། །ཆེན་པོའི་བཀས་བསྐུལ་བཞེད་པ་སྒྲུབ་ཕྱིར་བགྱིད། །
དེ་ལ་འདིར་རྣམ་འདྲེན་ཟླ་མེད་དམ་པ་ཐུབ་པའི་དབང་པོས་གདུལ་བྱའི་ཁམས་བཞིན་དུ་མདོ་ཕྱོགས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དང་སྔགས་ལ་དབྱངས་གསལ་གྱི་མཐའ་ཅན་གྱི་རྒྱུད་སྡེ་སྟོང་ཕྲག་སོ་གསུམ་བཤད་པ་མཐའ་དག་གི་དོན་པཎྜི་ཏ་རྣམས་ཀྱིས་བཤད། གྲུབ་ཐོབ་རྣམས་ཀྱིས་མན་ངག་གིས་རྣམ་པར་ཕྱེ་བ་མ་ལུས་པ་འདི་ནི་སངས་རྒྱས་སར་བགྲོད་པའི་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ཆེན་མོར་གྲགས་པ་རྒྱལ་བ་གཉིས་པའི་རིང་ལུགས་འདིའི་ཚིག་དོན་ཅི་རིགས་ཀྱི་ཆ་རྣམ་པར་འགྲེལ་བ་ལ།
ཀླད་ཀྱི་དོན་དང༌། གཞུང་གི་དོན་དང༌། མཇུག་གི་དོན་གསུམ། དང་པོ་ལ་མཆོད་བརྗོད་དང༌། རྩོམ་པར་དམ་བཅའ་བ་དང༌། སྐལ་ལྡན་མཁས་པ་རྣམས་ལ་ཉན་པར་བསྐུལ་བ་གསུམ། དང་པོ་ལ་བླ་མ་དང་ལྷག་པའི་ལྷ་ལ་ཕྱག་འཚལ་བ་དང༌། སྟོན་པ་ལ་བསྟོད་ཅིང་ཕྱག་འཚལ་བ་དང༌། བསྟན་པ་སྤེལ་པའི་ཆེད་དུ་སྲས་བརྒྱུད་བླ་མ་དང་བཅས་པར་བསྟོད་པ་གསུམ།
དང་པོ་ནི། ཐོག་མཐའ་བར་གསུམ་དུ་བཀྲ་ཤིས་པའི་ཆེད་དུ་དང༌། སྒྲིབ་གཉིས་དག་པ་སྡིག་པ་སེལ་བ་སོགས་ཀྱི་ཆེད་དུ་རྗེ་བཙུན་གྱི་མཚན་ཙམ་བརྗོད་ཀྱང་འགྲུབ་པ་ནི། མཚན་བརྗོད་ལས། ཐོག་མ་བར་དང་མཐར་དགེ་བ། །མཚན་ནི་ཡང་དག་བརྗོད་པའི་མཆོག །ཅེས་དང༌། འགྲོ་ལ་ཕན་པའི་དོན་དུ་ཁྱོད། །ཡེ་ཤེས་ལུས་ཅན་འཇམ་དཔལ་གྱི། །མིང་བརྗོད་པ་ནི་དོན་ཆེ་བ། །དག་པར་བྱེད་ཅིང་སྡིག་སེལ་བ། །ཞེས་པ་ལྟར་ཡིན་པས། དེས་ན་བླ་མ་ལྷག་པའི་ལྷ་ལ་ཕྱག་འཚལ་བ་ནི། ན་མོ་གུ་རུ་མཉྫུ་གྷོཥཱ་ཡ་ཞེས་གསུངས་པ་བླ་མ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཞེས་པ་ཡིན་ཏེ། ན་མའམ་ན་མོ་ནི་ཕྱག་འཚལ་བའམ་འདུད་པ། གུ་རུ་ནི་བླ་མ་དང་ལྕི་བ་དང་བརླང་བ་གོང་མ་སོགས་ལས་འདིར་བླ་མ་དང་མཉྫུ་འཇམ་པ་དང༌། གྷོཥཱ་སྒྲའམ་སྐད་དམ་དབྱངས་ལ་འཇུག །མིང་མཐའི་རིང་ཆ་དང་ཡ་ནི་དགོས་ཆེད་ཀྱི་ཚིག་གོ །དེ་ཡང་མདོ་སྡེ་རྒྱན་ལས། རིག་པའི་གནས་ལྔ་དག་ལ་མཁས་བར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འཐོབ་སྟེ། །དེ་བས་གཞན་དག་ཚར་བཅད་རྗེས་སུ་བཟུང་ཕྱིར་དང༌། །རང་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱེད། །ཅེས་པ་གནས་ལྔར་མ་སྦྱངས་ན་འཕགས་པ་དགྲ་བཅོམ་པས་ཀྱང་ཐམས་ཅད་མཁྱེན་པ་མི་འཐོབ་ཅིང༌། སོ་སོའི་དགོས་པ་སྒྲ་དང་ཚད་མས་འཁྲུལ་བ་ཚར་གཅོད་ཅིང༌། བཟོ་དང་གསོ་བས་རྗེས་སུ་བཟུང་བ། ནང་དོན་རིག་པས་ཀུན་ཤེས་བར་བཤད་པ་ལྟར་ཡིན་པས། འདིའི་ཚིག་གི་སྒྲོ་འདོགས་གཅོད་པའི་ཆེད་དུ་སྒྲ་སྒྲུབ་བསྡུས་ཙམ་བྱས་ན་རང་གཞན་ཁ་ཅིག་གི་འཁྲུལ་བ་རྟོགས་སླའོ། །བྱིངས་མདོ་ལས། ཎམ་འདུད་པ་དང་སྒྲ་ལ་འོས་འདུད་པ་དང་འབོད་ཅིང༌སྒྲོགས་པའི་མིང་གི་བྱིངས་ཎམ་བཞག །བྱིངས་གྱི་ཎ་ན་རུ་བསྒྱུར། ནམ་བཞག །དེ་ལ་རྐྱེན་ཨ་སུན་བྱིན། ན་དང་ཨུ་རྗེས་འབྲེལ་ཡིན་པས་དབྱི། ཀ་ལཱ་པཱ་ལས་གསལ་བྱེད་དབྱངས་མེད་པ་ཅེས་པས་མཚམས་སྦྱར་བས། ནམ་སྲ་གྲུབ། དེ་ལ་སི་སྟེར། ཀ་ལཱ་པཱ་ལས་གསལ་བྱེད་ལས་ཞེས་པས་སི་དབྱི། ཀ་ལཱ་བཱ་ལས་རེ་ཕ་དང་ཞེས་པས། ནམ་སྲ་ཀྱིས་རྣམ་བཅད་བྱས། ན་མཿགྲུབ་སྟེ་ཕྱག་འཚལ་ལམ་འདུད་ཅེས་སོ། །ཨུཎ་ལས། ཀྲཱྀ་ཀྲཱྀ་དག་གི་ཨུར་ཡང་ངོ༌། །ཞེས་པའི་ཀྲཱྀ་རྣམ་པར་གཡེང༌། ཀྲཱྀ་ངེས་པར་གནོན་པ་ལའོ། །ཞེས་པའི་ངེས་པར་གནོན་པའི་བྱིངས་ཀྲཱྀ་བཞག །ཨུཎ་ལས་དའི་རྐྱེན་ཀུ་བྱིན། ཨུ་བཞག །ཀྲ་ཀ་ལ་ཡཎ་བཞིན་གྱི་དོན་ཡིན་པས་ཕྱིས། འདི་ཉིད་ལས་རཱྀཏ་ཀྱི་ཨུ་ར་ཡང་ངོ་། །ཀྲཱྀའི་རཱྀ་ཨུར་བྱས། མཚམས་སྦྱར་པས། གུ་རུ། སི་བྱིན། ཨི་ཕྱིས། རེ་ཕ་དང་ས་དག་གི་རྣམ་བཅད་བྱས། གུ་རུཿསྟེ་བླ་མའམ་གོང་མའོ། ཉྫུ་མདོའི་བྱིངས་མཉྫུ་བཞག །རྗེས་འབྲེལ་ཕྱིས། ཨུ་རྐྱེན་དྲུག་པའི་ང་སི་བྱིན། དྲ་དང་ཨི་ཕྱིས། ཨས་བཞག །ཀ་ལཱ་པཱ་ལས་ང་སི་ངས་དག་གི་ཨ་དབྱི། རྟགས་མཐའ་ཡོན་ཏན་མཉྫུ་གྲུབ་སྟེ། འཇམ་པའོ། །གུ་ཥཱིར་སྒྲོགས་པ། ཨ་ཙ་རྒྱན། ཨུ་པ་དྷ་ཡོན་ཏན་བྱས་པས། གྷོ་ཥ་གྲུབ་སྟེ་དབྱངས་སམ་སྐད་དོ། །ཀ་ལཱ་པཱ་ལས། དེར་གནས་རྣམ་དབྱེ་རྣམ་དབྱེ་འོས་རྣམ་དབྱེ་ཕྱེས། མཉྫུ་གྷོ་ཥ་གྲུབ་སྟེ་འཇམ་པའི་དབྱངས། དེ་ལ་རྣམ་དབྱེ་བཞི་བའི་གཅིག་ཚིག་དེ་བྱིན། དྲ་ཕྱིས། ཙནྟྲ་པ་ལས། དེ་ང་སི་དག་གི་ཡ་ཨཏླ་དག་གོ་ཞེས་པས། དེ་ཡ་བྱས། ཀ་ལཱ་བཱ་ལས། དེ་ཡའོ། །ཞེས་དང༌། ཨ་ཡིག་སྒྲ་ལྡན་ལ་རིང་པོའོ། །ཞེས་པས་གྷོ་ཥའི་ཨཱ་རིང་པོ་བྱས་པས། ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ་གྲུབ་སྟེ། བཞི་བའི་གཅིག་ཚིག་མཛད་པས་བརྗོད་བདེ་ཁྱད་མ་གཏོགས་བླ་མ་དང་འཇམ་དབྱངས་ཞེས་སོ་སོར་བྱེད་རྒྱུ་མིན་པས་དཔྱོད་ལྡན་རྣམས་ཀྱིས་ཡིད་ལ་ཟུངས། མཚན་བསྒྱུར་བའི་དོན་ཅུང་ཟད་བཤད་ན། མདོ་སྡེ་རྒྱན་ལས། ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག །ཅེས་པ་ལྟར་ཡོན་ཏན་གྱིས་ལྷག་ཅིང་གོང་མར་གྱུར་པས་བླ་མ་དང༌། མཚན་བརྗོད་ལས། ཉོན་མོངས་ཉེ་བ་ཀུན་ཉོན་མོངས། །བག་ཆགས་བཅས་པ་གཏན་སྤངས་པ། །ཞེས་པ་ལྟར་ཉོན་མོངས་བའི་རྩུབ་རེག་དང་བྲལ་བས་ན་འཇམ་པ། ཞེས་རྗེ་རིན་པོ་ཆེས་གསུངས་པ་གཙོ་བོ་ཡིན། སྙན་པ་ཡིད་དུ་འོང་བའི་གསུང་གིས་བདག་མེད་ནམ་མཁའི་མཐར་ཐུག་པར་སྒྲོགས་པས་ན་དབྱངས་ཏེ། མཚན་བརྗོད་འགྲེལ་ཆེན་ལས། སྙན་པ་ཡིད་དུ་འོང་བའི་གསུང་དང་ལྡན་པས་ན་འཇམ་དབྱངས་སོ། །ཆོས་ཐམས་ཅད་བདག་མེད་པའི་སྒྲ་ཆེན་པོ་སྒྲོགས་པས་སྒྲ་ཆེ་བའོ་སོགས་གསུངས་ཏེ། འཇམ་དབྱངས་རྒྱལ་བ་ཀུན་གྱི་ཡབ་ཏུ་གྱུར་བ་ཡང་ཆོས་བཤད་བའི་སྒོས་ཡིན་ཏེ། དེ་ནི་དཔལ་ལྡན་ཟླ་གྲགས་དང་མཁས་གྲུབ་ཆེན་པོ་འཇམ་དབྱངས་གྲགས་པ་དང་ལེགས་ལྡན་གྱི་རྟོག་གེ་འབར་བ་སོགས་ལས་བཤད་པའི་ཕྱིར་ཏེ། ལུང་མང་དུ་དོགས་ནས་མ་བྲིས་སོ། །དེས་ན་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་མཚན་བསྐལ་བར་བརྗོད་པ་དང༌། རྗེ་བཙུན་འདིའི་མཚན་ལན་རེ་བརྗོད་པ་མཉམ་པར་གསུངས་པའི་ཕྱིར་ཏེ། མཚན་བརྗོད་འགྲེལ་ཆེན་དུ་མདོ་དྲངས་པ་ལས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱི་མཚན་མཆོག་ཏུ་དད་པས་བསྐལ་བའམ་བསྐལ་བ་ལས་ལྷག་པར་བརྗོད་ན་བསོད་ནམས་ཅི་ཙམ་སྐྱེ་བར་འགྱུར་ཞེ་ན། དེ་ལ་གྲངས་མེད་ཅིང་ཚད་མེད་པ་རབ་ཏུ་སྐྱེ་བར་འགྱུར་རོ། །ཡང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་འཇམ་དཔལ་གཞོན་ནུར་གྱུར་བ་ལ་ཕྱག་འཚལ་ལོ། །མཚན་བཟུང་ན་སྔ་མ་ལས་འདི་ཉིད་བསོད་ནམས་ཀྱི་ཕུང་པོ་ཤིན་ཏུ་མང་པོ་རབ་ཏུ་སྐྱེ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་མཐའ་ཡས་པའི་དགེ་བའི་བཤེས་གཉེན་དུ་གྱུར་བའི་ཕྱིར་རོ། །ཞེས་སོགས་དང༌། སློབ་དཔོན་ཤནྟི་བས་ཀྱང་ཕར་ཕྱིན་ཐེག་བའི་འཇམ་དབྱངས་ནི་བསྐལ་བ་མཐའ་ཡས་པའི་གོང་དུ་རྒྱལ་བོ་ནམ་མཁའི་དུས་དེ་བཞིན་གཤེགས་པ་འབྲུག་སྒྲ་དབྱངས་ཀྱི་རྒྱལ་བོ་ལས་སེམས་སྐྱེད། དགེ་སློང་རྒྱལ་བའི་བློ་གྲོས་དུས་ས་བཅུ་ཐོབ་ཅིང་བསྐལ་བ་བརྗོད་ཀྱིས་མི་ལངས་པ་ན། དེ་བཞིན་གཤེགས་པ་ཀུན་གཟིགས་སུ་ལུང་བསྟན་པ་ཡིན། གསང་སྔགས་ཀྱི་སྐབས་སུ་དཀའ་འགྲེལ་ལས། ཨེ་མ་ཧོ་སངས་རྒྱས་ཐམས་ཅད་ཀྱི། །འཇམ་དབྱངས་ངག་ནི་ཡིན་པར་དགོངས། །གང་ཕྱིར་ཤེས་རབ་གཟུགས་མེད་ཀྱང༌། །དབྱངས་ཉིད་དུ་ནི་དམིགས་པ་ཡིན། །ཞེས་དྲངས་ནས་སྣ་ཚོགས་སྤྲུལ་པ་དང༌། འགྲེལ་ཆེན་ལས་ཀྱང༌། སངས་རྒྱས་ཐམས་ཅད་ཀྱི་ཆོས་ལོངས་སྤྲུལ་སྐུ་སྔགས་ཐམས་ཅད་ཀྱི་ངོ་བོར་བཤད་པ་ཡང་མཛད་པས་སྣ་ཚོགས་སྤྲུལ་ཚུལ་ཡིན་ནོ། །དེ་ལྟར་བཤད་པ་གུས་པ་བསྐྱེད་པའི་ཆེད་ཙམ་ཡིན་སྙམ་པ་སེལ་བའི་ཆེད་དུ་དེ་ནས་སོགས་གསུངས་པར་བཤད་དོ། །
གཉིས་པ་ནི། ཕུན་ཚོགས་དགེ་ལེགས་སོགས་ཤོ་ལོ་ཀ་གཅིག་བྱུང༌། ཕུན་ཚོགས་ལ་སྐད་དོད་སཾ་བཱ་ད་ཕུན་ཚོགས་དང༌། སཾ་བ་ཏི་འབྱོར་ལྡན་ནམ་ཕུན་ཚོགས་དང༌། ཤྲཱི་དཔལ་ལམ་གཡང་དང༌། ལཀྵི་ཕུན་ཚོགས་སམ་དཔལ་ལམ་ཤིས་པ་སོགས་ཡོད། དེས་ན་དགེ་བ་དང་འབྱོར་བ་ཀུན་ཀྱི་གནས་ཡིན་པས་ཕུན་ཚོགས་དང༌། དགེ་ལེགས་ལ་མིང་བཅུ་བདུན་ཏེ། པཎྜི་ཏ་དཔལ་འཛིན་གྱིས་མངོན་བརྗོད་མུ་ཏིག་ཕྲེང་བ་ལས། དགེ་དང་བཀྲ་ཤིས་དགེ་ལེགས་བཟང༌། །མ་དྲམ་ཤུ་བྷམ་སྐལ་བ་དང༌། །སྐལ་ལྡན་ལེགས་ལྡན་ངན་སེལ་དང༌། །བདེ་བ་མཐོ་རིས་མཐོ་རིས་གནས། །ཞི་བ་བྷནྚྲིཤམ་བདེ་ལེགས། །ཞེས་དང༌། འཆི་མེད་མཛོད་ལོ་གྲགས་འགྱུར་ལས། དགེ་དང་བསྔགས་འོས་ཞི་བ་དང༌། །བཟང་པོ་ཕན་ཐོབ་བཀྲ་ཤིས་ལེགས། །སྐལ་བ་སྐལ་ཐོབ་འདོད་ཐོབ་དང༌། །ངན་སེལ་བདེ་ལེགས་མོ་མ་ཡིན། །བསྟོད་འོས་ཞེས་གསུངས་པ་ལྟར་དགེ་བ་ཡང་ངོ་བོ་ཀུན་སློང་ཅི་རིགས་ཀྱིས་ཁྱད་པར་དུ་འཕགས་པས། དགེ་ལེགས་ཏེ་བསྔགས་པར་འོས་པ་དང་བསྟོད་པར་འོས་པ་རྣ་བ་བྱེ་བ་རིའི་རྟོགས་བརྗོད་ལྟར་བྱེ་བ་སྟེ་གྲངས་མི་ལངས་པ་དུ་མ་སངས་རྒྱས་ཀྱི་བ་སྤུ་རེའི་རྒྱུ་ལ་ཡང་དགོས་ཏེ། འཇིག་རྟེན་ཁམས་ཀྱི་མཐའ་མེད་པའི་ཉན་རང་སྐྱེ་འཕགས་ཀུན་དང་འཇིག་རྟེན་པའི་སྐྱེ་བོ་ཀུན་གྱི་བསོད་ནམས་བཅུར་བསྒྲེས་པས་བ་སྤུའི་བུ་ག་གཅིག་འགྲུབ་ལ། དེ་བཞིན་དུ་བ་སྤུའི་བུ་ག་ཐམས་ཅད་ལ་སོ་སོའི་དེ་འདྲ་རེ་དགོས་པའི་ཕྱིར་ཏེ། བློ་གྲོས་མི་ཟད་པ་དང་དཀོན་མཆོག་སྤྲིན་ལྟར་དུ། རིན་ཆེན་ཕྲེང་བ་ལས། རང་སངས་རྒྱས་ཀུན་ལས་བྱུང་དང༌། །སློབ་དང་མི་སློབ་ལས་བྱུང་དང༌། །འཇིག་རྟེན་མ་ལུས་ཀུན་བསོད་ནམས། །འཇིག་རྟེན་བཞིན་དུ་དཔག་མེད་གང༌། །དེ་བཅུར་བསྒྲེས་པར་གྱུར་བ་ཡིས། །བ་སྤུའི་བུ་ག་གཅིག་འགྲུབ་སྟེ། །སངས་རྒྱས་བ་སྤུའི་བུ་ག་ནི། །ཐམས་ཅད་དེ་དང་འདྲ་བར་འབྱུང༌། །ཞེས་སོ། །བ་སྤུའི་བུ་ག་ཐམས་ཅད་བསྐྱེད་པའི་བསོད་ནམས་བརྒྱ་ཡིས་དཔེ་བྱད་གཅིག་འགྲུབ་ལ། དེ་བཞིན་དུ་དཔེ་བྱད་བརྒྱད་ཅུ་རེ་རེ་ནས་སྒྲུབ་དགོས་ཏེ། རིན་ཆེན་ཕྲེང་བ་ལས། བ་སྤུའི་བུ་ག་ཐམས་ཅད་ནི། །སྐྱེད་པར་བྱེད་པའི་བསོད་ནམས་གང༌། །དེ་དག་བརྒྱར་ནི་བསྒྱུར་པ་ཡིས། །དཔེ་བྱད་བཟང་པོ་གཅིག་ཏུ་བཞེད། །ཅེས་སོ། །དཔེ་བྱད་བརྒྱད་ཅུ་འགྲུབ་པའི་བསོད་ནམས་བརྒྱ་འགྱུར་གྱིས་སངས་རྒྱས་ཀྱི་མཚན་སོ་གཉིས་ཀྱི་གཅིག་འགྲུབ་སྟེ། རིན་ཆེན་ཕྲེང་བ་ལས། དཔེ་བྱད་བཟང་པོ་བརྒྱད་ཅུ་དག །འགྲུབ་པའི་བསོད་ནམས་ཚོགས་གང་ཡིན། །དེ་དག་བརྒྱར་ནི་བསྒྱུར་བ་ཡིས། །སྐྱེས་བུ་ཆེན་པོའི་མཚན་གཅིག་གོ །ཞེས་སོ། །མཚན་སོ་གཉིས་ཀྱི་གཞན་སུམ་ཅུ་ལས་མཛོད་སྤུ་དང་གཙུག་ཏོར་ཆེ་སྟེ། མཚན་སུམ་བཅུའི་གཞན་འགྲུབ་པའི་བསོད་ནམས་སྟོང་གིས་མཛོད་སྤུ་འགྲུབ། མཛོད་སྤུའི་བསོད་ནམས་འབུམ་གྱིས་གཙུག་ཏོར་འགྲུབ་པའི་ཕྱིར། རིན་ཆེན་ཕྲེང་བ་ལས། མཚན་ནི་སུམ་ཅུ་འགྲུབ་པའི་རྒྱུ། །བསོད་ནམས་རྒྱ་ཆེན་གང་ཡིན་པ། །དེ་དག་སྟོང་དུ་བསྒྱུར་བ་ཡིས། །ཟླ་བ་ཉ་འདྲའི་མཛོད་སྤུ་འགྲུབ། །མཛོད་སྤུ་ཡི་ནི་བསོད་ནམས་དག །སྟོང་ཕྲག་བརྒྱར་ནི་བསྡོམ་པ་ཡིས། །སྤྱི་གཙུག་ལྟར་ནི་མི་སྣང་བ། །སྐྱོབ་པའི་གཙུག་ཏོར་སྐྱེད་པར་བྱེད། །ཅེས་སོ། །དེས་ན་དེ་རེ་རེ་ཡང་དཔག་ཏུ་མེད་པ་ཡིན་ཀྱང༌། དཔག་མེད་ཅི་ཞིག་བྱས་ནས་གཟུགས་སྐུ་བརྗོད་ལ། གཟུགས་སྐུའི་རྒྱུ་བསོད་ནམས་ཡང་འཇིག་རྟེན་བཞིན་དུ་མཐའ་མེད་ན་གཟུགས་སྐུ་འབྱུང་བའི་རྩ་བ་ཡེ་ཤེས་ཆོས་སྐུའི་རྒྱུ་ཡེ་ཤེས་ཀྱི་ཚོགས་བསམ་གྱིས་མི་ཁྱབ་སྟེ། སློབ་ལམ་ནའང་ཕྱིན་དྲུག་ཤེས་རབ་ཀྱི་ཕར་ཕྱིན་ཡིན་པ་དང༌། ཤེས་རབ་ཀྱི་ཕར་ཕྱིན་མེད་ན་སྦྱིན་སོགས་ལྔས་ཕར་ཕྱིན་གྱི་མིང་ཡང་མི་ཐོབ་པ་ལོང་བ་ལྟ་བུ་ཡིན་པའི་ཕྱིར། རིན་ཆེན་ཕྲེང་བ་ལས། གང་ཚེ་སངས་རྒྱས་གཟུགས་སྐུ་ཡི། །རྒྱུ་ཡང་དེ་ལྟར་འཇིག་རྟེན་བཞིན། །གཞལ་མེད་དེ་ཚེ་ཆོས་སྐུ་ཡི། །རྒྱུ་ལྟར་ཇི་ལྟར་གཞལ་དུ་ཡོད། །ཅེས་སོ། །དེས་ན་འདིའི་དགེ་ལེགས་ཡང་དགེ་བ་དང་ལེགས་པའི་ཚོགས་ལ་བྱས་ནས་ཚོགས་གཉིས་མཐའ་ཡས་པའི་སྒྲུབ་པས་བསགས་པས་ན་སྐུ་ཞེས་སྤྱི་ཡིན་པས་མཚན་དཔེ་ཙམ་གྱིས་མ་བསྟོད་ཀྱང་གཟུགས་སྐུ་གཙོ་བོར་བྱ་དགོས་ཏེ་ཐུགས་ཡེ་ཤེས་ལ་ཟུར་དུ་བསྟོད་པས་སོ། །དེ་དག་ནི་ཐེག་ཆེན་གྱི་མདོ་དུ་མས་བཤད་དེ། དཔེ་གཅིག་བཀོད་ན་བྱང་ཆུབ་སེམས་དཔའི་བསོད་ནམས་མི་ཟད་པའི་སྐབས་སུ་བློ་གྲོས་མི་ཟད་པའི་མདོ་ལས། སེམས་ཅན་ཐམས་ཅད་འདས་པ་དང་ད་ལྟར་བྱུང་བ་དང༌། མ་འོངས་པའི་སློབ་པ་དང་མི་སློབ་པ་ཐམས་ཅད་དང༌། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་བསོད་ནམས་ཇི་སྙེད་པ་དེ་སྙེད་ཀྱི་བརྒྱར་བསྒྱུར་པས་དེ་བཞིན་གཤེགས་པའི་སྐུ་ལ་བ་སྤུའི་ཁུང་བུ་གཅིག་འགྲུབ་བོ། །དེ་བཞིན་དུ་བ་སྤུའི་ཁུང་བུ་རེ་རེ་ནས་ཡོངས་སུ་འགྲུབ་བོ། །བ་སྤུའི་ཁུང་བུ་ཐམས་ཅད་དུ་གཏོགས་པའི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་བརྒྱར་བསྒྱུར་ཏེ། ཞེས་པ་ནས། དེ་བཞིན་གཤེགས་པའི་སྐུ་ལ་དཔེ་བྱད་བཟང་པོ་གཅིག་འགྲུབ་སྟེ། དེ་བཞིན་དུ་དཔེ་བྱད་བཟང་པོ་ཐམས་ཅད་རེ་རེ་ནས་ཡོངས་སུ་འགྲུབ་བོ། །དཔེ་བྱད་བཟང་པོ་ཐམས་ཅད་དུ་གཏོགས་པའི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་སྟོང་དུ་བསྒྱུར་ཏེ། གཏན་པ་མེད་པའི་ཕུང་པོ་གཅིག་སྒྲུབ་པ་དེས་དེ་བཞིན་གཤེགས་པའི་སྐུ་ལ་སྐྱེས་བུ་ཆེན་པོའི་མཚན་གཅིག་མངོན་པར་འགྲུབ་སྟེ། ཞེས་པ་ནས། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུར་གཏོགས་པའི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་སྟོང་ཕྲག་ཏུ་བསྒྱུར་ཏེ། ཞེས་པ་ནས། དེ་བཞིན་གཤེགས་པའི་སྨིན་མཚམས་ཀྱི་མཛོད་སྤུ་སྐྱེས་བུ་ཆེན་པོའི་མཚན་མངོན་པར་འགྲུབ་བོ། །མཛོད་སྤུར་གཏོགས་པའི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་དེ་ལས་སྟོང་ཕྲག་བརྒྱར་བསྒྱུར་པའི་བསོད་ནམས་ཀྱི་ཕུང་པོ་ཡང་དག་པར་སྒྲུབ་པས་དེ་བཞིན་གཤེགས་པའི་དབུའི་གཙུག་ཏོར་དང་སྤྱི་གཙུག་ལྟར་མི་མངོན་པ་སྐྱེས་བུ་ཆེན་པོའི་མཚན་མངོན་པར་འགྲུབ་བོ། །གཙུག་ཏོར་དུ་གཏོགས་པའི་བསོད་ནམས་ཀྱི་ཕུང་པོ་དེ་ལས་བྱེ་བ་ཕྲག་སྟོང་བསྒྱུར་པ་དེ་བས་ཀྱང་ལྷག་པའི་བསོད་ནམས་ཀྱི་ཕུང་པོ་ཡང་དག་པར་སྒྲུབ་པས་དེ་བཞིན་གཤེགས་པའི་ཆོས་ཀྱི་དུང་ཡོངས་སུ་འགྲུབ་པར་འགྱུར་ཏེ། ཞེས་གསུངས་སོ། །དེས་ན་སྐུ་དེ་མཐོང་བའི་བསོད་ནམས་ཡང་མཐའ་ཡས་ཤིང་འདོད་པ་ཐམས་ཅད་འགྲུབ་པས་དད་པ་འདུན་པ་སོགས་བྱེད་དགོས་པའི་ཆེད་དུ་དེ་ལྟར་གསུངས་སོ། །ཆོས་ཀྱི་སྐུ་མཐའ་ཡས་ཚུལ་ཡང་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ཀྱི་ཡེ་ཤེས་ཀྱིས་དད་པའི་རྗེས་སུ་འབྲང་བའི་ཡེ་ཤེས་དང་ལྡན་པ་གཅིག་ལ་བརྒྱའི་ཆར་ཡང་མི་འགྲོ། དེ་བཞིན་དུ་སྟོང་གི་ཆ་ནས་དཔེར་ཡང་མི་འགྲོ། དེ་བཞིན་དུ་ཆོས་ཀྱི་རྗེས་འབྲང་དང༌། བརྒྱད་པ་འཕགས་པ་རྒྱུན་ཞུགས་ཞུགས་པ་དང༌། རྒྱུན་ཞུགས་དང༌། ཕྱིར་འོང་དང༌། ཕྱིར་མི་འོང་དང༌། དགྲ་བཅོམ་པ་དང༌། རང་སངས་རྒྱས་དང༌། བསྐལ་བ་བརྒྱའི་ངེས་བར་འབྱུང་བའི་བྱང་སེམས་བར་གྱི་སྔ་མ་སྟོང་གསུམ་གྱི་གྲངས་དང་མཉམ་པ། ཕྱི་མ་རེ་རེའི་བརྒྱའི་ཆ་མིན་པ་ནས། དཔེར་ཡང་མི་རུང་པ་དང༌། དེ་བཞིན་དུ་བསྐལ་བ་བརྒྱའི་ངེས་པར་འབྱུང་བའི་བྱང་སེམས་དང༌། བཟོད་པ་ཐོབ་པའི་བྱང་སེམས་དང༌། ཕྱིར་མི་ལྡོག་པའི་ས་ཐོབ་པའི་བྱང་སེམས་དང༌། སྐྱེ་བ་གཅིག་ཐོག་གི་བྱང་སེམས་དང༌། བྱང་ཆུབ་སྙིང་པོ་ལ་འདུག་པའི་བྱང་སེམས་བར་གྱི་སྔ་མ་སྟོང་གསུམ་གྱི་སེམས་ཅན་ཐམས་ཅད་ཙམ་དང་ཕྱི་མ་རེ་རེའི་ཡེ་ཤེས་ཀྱི་ཚོགས་མཉམ་པ་སྔར་ལྟར་དང༌། འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ན་སེམས་ཅན་གང་དག་འཁོད་པ་དེ་དག་ཐམས་ཅད་བྱང་ཆུབ་སྙིང་པོ་ལ་འདུག་པའི་བྱང་ཆུབ་སེམས་དཔར་གྱུར། དེ་བཞིན་གཤེགས་པའི་གནས་དང་གནས་མིན་མཁྱེན་པའི་སྟོབས་གྱི་བརྒྱའི་ཆ་ནས། དཔེ་དང་རྒྱུར་ཡང་མི་འགྲོ་བར་བཤད་པའི་ཕྱིར་ཏེ། མདོ་དེ་ཉིད་ལས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་སེམས་ཅན་གང་དག་འཁོད་པ་དེ་དག་ཐམས་ཅད་དད་པའི་རྗེས་སུ་འབྲང་བའི་ཡེ་ཤེས་དང་ལྡན་པའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། ཞེས་པ་ནས། འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ན་སེམས་ཅན་གང་དག་འཁོད་པ་དེ་དག་ཐམས་ཅད་བྱང་ཆུབ་སྙིང་པོ་ལ་འདུག་པའི་བྱང་ཆུབ་སེམས་དཔའི་ཡེ་ཤེས་དང་ལྡན་པར་གྱུར་ཀྱང༌། དེ་དག་གིས་དེ་བཞིན་གཤེགས་པའི་གནས་དང་གནས་མིན་པ་མཁྱེན་པའི་ཡེ་ཤེས་ཀྱི་སྟོབས་ཀྱི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་སོགས་གསུངས་པའི་ཕྱིར། དེ་བཞིན་དུ་སྟོབས་རེ་རེ་དང་མི་འཇིགས་པ་བཞི་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་རེ་རེ་གསུངས་སོ། །དེ་བཞིན་དུ་ཡུམ་བར་བ་ལས་ཀྱང་བྱང་སེམས་རིགས་ངེས་སེམས་བསྐྱེད་མ་ཐག་ཤེར་ཕྱིན་ཉི་མ་གཅིག་བསྒོམ་པ་ལ་ཐེག་དམན་འཕགས་པ་བཞི་ཕྱོགས་བཅུའི་འཇིག་རྟེན་གངྒཱའི་ཀླུང་དང་མཉམ་པས་བསྒོམ་པ་ལས་ལྷག་པར་གསུངས་ཏེ། ཉི་སྣང་ལས། ཕྱོགས་བཅུ་རེ་རེ་ཞིང་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཡོངས་སུ་གང་བའི་དགེ་སློང་རྣམས་ཀྱི་ཤེས་རབ་པས་བྱང་ཆུབ་སེམས་དཔའ་ཆེན་པོའི་ཤེས་རབ་ཉིན་གཅིག་ཏུ་བསྒོམ་པ་ཁྱད་པར་དུ་འཕགས་པར་བསྟན་པ་ནི། ཤཱ་རིའི་བུ་གལ་ཏེ་འཛམ་བུ་གླིང་འདི་དགེ་སློང་ཤཱ་རིའི་བུ་དང་མོའུ་འགལ་གྱི་བུ་ལྟ་བུ་ཤ་སྟག་གིས་ཞེས་གསུངས་སོ། །
དེ་ལྟར་ཚོགས་མཐའ་ཡས་པའི་སངས་རྒྱས་ཀྱི་སྐུ་མཚན་དཔེའི་འོད་ཟེར་འཇིག་རྟེན་གྱི་ཁམས་མ་ལུས་པ་ཁྱབ་པར་བྱེད་པའི་འོད་ཅན་དེའི་མགུར་ལས་སྔར་བཤད་པའི་ཆོས་ཀྱི་དུང་ནམ་མཁའ་ལ་མཐའ་མེད་པ་གར་ཁྱབ་ཏུ་འགྲོ་བའང་མཐའ་ཡས་པ་ཡོད་པའི་རེ་བ་སྐོང་བ་སྟེ་འདོད་དོན་བསྒྲུབ་པའམ་སྐོང་བའི་ཐབས་གསུང་དབྱངས་ཡན་ལག་དྲུག་ཅུའི་དབྱངས་ཀྱིས་འཇིག་རྟེན་གྱི་ཁམས་ཚད་མེད་གྲངས་མེད་པར་གོ་བར་བྱེད་ཅིང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་བ་ཟིལ་གྱིས་མནན་ཏེ་གདུལ་བྱའི་སྐལ་པ་བཞིན་མངོན་མཐོ་དང་ངེས་ལེགས་ལ་འགོད་པའི་ཕྱིར་ཏེ། ཉི་སྣང་ལས། སངས་རྒྱས་ཀྱིས་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་རང་གི་སྐུའི་འོད་ཀྱིས་རྒྱས་པར་འགེངས་པར་མཛད་པ་དང༌། གསུང་ཡན་ལག་དྲུག་ཅུ་དང་ལྡན་པའང་སྔ་མ་བཞིན་དུ། སངས་རྒྱས་ཀྱི་ཕྱོགས་བཅུ་རེ་རེ་ཞིང་ཚད་མེད་ཅིང་གྲངས་མེད་པའི་འཇིག་རྟེན་གྱི་ཁམས་གསུང་གིས་གོ་བར་མཛད་པས་སོ། །ཞེས་གསུངས་པའི་ཕྱིར། ཡན་ལག་དྲུག་ཅུའང་ཡོད་དེ། གསུང་མཉེན་པ་དང༌། འཇམ་པ་དང༌། ཡིད་དུ་འོང་བ་ནས། ཀུན་ཏུ་གྲགས་པ་དང༌། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་བར་ཡིན་པའི་ཕྱིར་ཏེ། རྗེའི་འཇམ་དབྱངས་ཀྱི་བསྟོད་སྤྲིན་རྒྱ་མཚོ་ལས། གསུང་མཉེན་འཇམ་ཞིང་ཡིད་འོང་ཡིད་དུ་འཐད། །ཅེས་སོགས་དང༌། ཉི་སྣང་ལས། དེ་ལས་གསུང་གི་ཡན་ལག་དྲུག་ཅུ་དང་ལྡན་པ་སངས་རྒྱས་ཀྱི་གསུང་ཡིན་ནོ། །དེའང་གང་ཞེ་ན། འདི་ལྟ་སྟེ། སེམས་ཅན་གྱི་ཁམས་ཀྱི་དགེ་བའི་རྩ་བ་སྟོན་པའི་ཕྱིར་མཉེན་པའོ། །མཐོང་པའི་ཆོས་ཉིད་ལ་བདེ་པར་རེག་པའི་ཕྱིར་འཇམ་པའོ། །དོན་བཟང་པའི་ཕྱིར་ཡིད་དུ་འོང་བའོ། །ཡི་གེ་བཟང་པའི་ཕྱིར་ཡིད་དུ་འཐད་པའོ། །ཞེས་པ་ནས། གསུང་གཅིག་ལས་སྒྲའི་རྣམ་པ་དུ་མར་གནས་བའི་ཕྱིར་སྒྲ་ཐམས་ཅད་རྫོགས་པར་བྱེད་པའོ། །གཅིག་ལས་དོན་དུ་མའི་རྣམ་པར་རིག་པ་ཉེ་བར་གནས་པའི་ཕྱིར་དབང་བོ་ཐམས་ཅད་ཚིམ་པར་བྱེད་པའོ། །ཇི་ལྟར་དམ་བཅས་པ་བཞིན་དུ་མཛད་པའི་ཕྱིར་མ་སྨད་པའོ། །ཐོབ་པའི་དུས་སུ་སྦྱོར་བའི་ཕྱིར་མི་འགྱུར་བའོ། །ཏབ་ཏབ་པོར་མི་གསུངས་པའི་ཕྱིར་མ་རྟབས་པའོ། །འཁོར་ཐག་རིང་བ་ཉེ་བ་མཚུངས་བར་ཐོས་བའི་ཕྱིར་འཁོར་ཀུན་ཏུ་གྲགས་པའོ། །འཇིག་རྟེན་པའི་དོན་ཐམས་ཅད་དཔེའི་ཆོས་སུ་བསྒྱུར་བའི་ཕྱིར་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའོ། །ཞེས་འཕགས་པ་ཐོགས་མེད་གསུངས་སོ། །ཞེས་སོ། །ལུས་པ་ནི་ལྷག་མ་ཡིན་ལ། དཔའ་པོས། ཁྱོད་འབའ་ཞིག་གི་ཡེ་ཤེས་ཀྱིས། །ཤེས་བྱ་ཐམས་ཅད་ཁྱབ་ལགས་ཀྱི། །ཁྱོད་ལས་གཞན་པ་ཐམས་ཅད་ཀྱིས། །ཤེས་བྱ་ཁོ་ན་ལྷག་པ་ལགས། །ཞེས་གསུངས་པ་ལྟར། གཅིག་ཀྱང་མ་ལུས་པའི་ཤེས་བྱ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐད་ཅིག་རེ་རེས་ཀྱང་ལག་མཐིལ་གྱི་སྐྱུ་རུ་ར་རློན་པ་བཞིན་ཕྱི་ནང་ངོ་བོ་ཁྱད་པར་ཕྲ་རགས་སྔ་ཕྱི་དང་ཐུགས་རྗེས་འགྲོ་བ་འདུལ་བའི་ཐབས་དང་མཛད་པ་མཐའ་དག་མ་འདྲེས་བར་རང་རང་གི་ཁྱད་པར་ཇི་ལྟ་བ་བཞིན་དུ་མངོན་སུམ་དུ་གཟིགས་པའི་ཐུགས་མངའ་བ་ཡིན་ཏེ། ཆོས་ཐམས་ཅད་ཀྱི་རྣམ་པ་ཀུན་སྐད་ཅིག་མ་རེ་རེས་ཀྱང་མངོན་སུམ་དུ་མཁྱེན་པ་རྣམ་མཁྱེན་དང་འཕགས་པ་གཞན་མཉམ་བཞག་དང་རྗེས་ཐོབ་ཕྱོགས་རེ་བའམ་ཉི་ཚེ་རྣམས་ཐམས་ཅད་མཁྱེན་པའི་མངོན་སུམ་མ་ཡིན་པར་འདོད་པའི་ཕྱིར། འཇུག་པ་ལས། རྣམ་ཀུན་མཁྱེན་ཉིད་ཡེ་ཤེས་ནི། །མངོན་སུམ་མཚན་ཉིད་ཅན་དུ་འདོད། །གཞན་ནི་ཉི་ཚེ་བ་ཉིད་ཀྱིས། །མངོན་སུམ་ཞེས་བྱར་མི་འདོད་དོ། །ཞེས་དང༌། བདེན་གཉིས་ལས། མཁྱེན་པའི་སྐད་ཅིག་གཅིག་གིས་ཀྱང༌། །ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་ཅན། །ཞེས་གསུངས་པའི་ཕྱིར། དེས་ན་རྨོངས་པ་ཁ་ཅིག །སངས་རྒྱས་ཀྱི་ཡེ་ཤེས་ལ་ཀུན་རྫོབ་སྣང་བ་གཏན་ལོག་པ་ཟླ་བའི་ལུགས་སུ་བྱེད་པ་ཡང་བཀག་པར་བཞེད་ནས། རྗེ་རིན་པོ་ཆེས་དེ་ལྟར་བསྟོད་པ་ཡིན་ཏེ། ཉན་རང་དང་བྱང་སེམས་སློབ་པ་མན་ཆད་ལ་ཉོན་མོངས་ཅན་མ་ཡིན་པའི་མ་རིག་པ་ཡོད་པས་རྣམ་མཁྱེན་མེད་པར་བཤད་པ་གང་ཞིག །སངས་འཕགས་ཀྱིས་མ་རིག་པ་ཀུན་སྤངས་པས་མི་མཁྱེན་པ་མེད་པ་ཡིན་པའི་ཕྱིར། དང་པོ་ནི། ཟླ་བས་སྐྱབས་འགྲོ་བདུན་ཅུ་བ་ལས། མ་རིག་ཉོན་མོངས་མེད་ཡོད་པས། །རྣམ་པ་ཀུན་མཁྱེན་སྤངས་པ་ཉིད། །སློབ་མ་རང་སངས་རྒྱས་དག་གི །བྱང་ཆུབ་དངོས་པོ་མེད་པ་ཡིན། །ཞེས་སོ། །
གཉིས་པ་ནི། ཟླ་བས་སྐྱབས་འགྲོ་བདུན་ཅུ་བ་ལས། རྒྱལ་བས་དངོས་པོ་དེ་རྣམས་ནི། །གཟུགས་བརྙན་དང་ཡང་འདྲར་མཁྱེན་པས། །གཉིས་མེད་ཡེ་ཤེས་མ་རིག་ཟད། །ཤེས་བྱ་སྐྱེ་མེད་པས་རབ་ཕྱེ། །དེ་བས་དེ་ནི་ཅུང་ཟད་ཀྱང༌། །མི་མཁྱེན་ཅི་ཡང་སྟོན་མཛད་ནི། །ཞེས་རྒྱལ་བའི་དངོས་པོ་ཐམས་ཅད་གཟུགས་བརྙན་ལྟར་གཟིགས་པའི་ཡེ་ཤེས་ལ་མ་རིག་པ་ཀུན་ཟད་པས་གཉིས་མེད་མཉམ་བཞག་ཡེ་ཤེས་དང་སྐད་ཅིག་རེ་རེ་ལ་ངོ་བོ་གཅིག་ཏུ་ཚོགས་པ་སྐྱེ་བས་མི་མཁྱེན་པ་ཅུང་ཟད་ཀྱང་མེད་པར་བཤད་པའི་ཕྱིར་དང༌། དེ་བཞིན་དུ་འཇུག་པ་ལས་ཀྱང༌། རོ་མཉམ་ཉིད་དུ་ཡང་དག་ཐུགས་སུ་ཆུད་པར་མཛད་གྱུར་བ། །མཁྱེན་བཟང་ཁྱོད་ཀྱིས་སྐད་ཅིག་གིས་ནི་ཤེས་བྱ་ཐུགས་སུ་ཆུད། །ཅེས་དང༌། ས་སོ་སོ་ལ་ཡོན་ཏན་ཇེ་རྒྱས་སུ་སོང་ཚུལ་གྱིས་ཀྱང་གྲུབ་ཅིང་ཤེས་བྱེད་མང་ཡང་མ་སྤྲོས། མདོ་བསྐལ་བཟང་ལྟར་དེ་ལྟ་བུའི་སྐུ་གསུང་ཐུགས་མངའ་བའི་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་ཡུལ་དང་རིགས་དང་རུས་དང་འོད་དང་འཁོར་འདུས་པ་སོགས་ཀྱི་ཁྱད་པར་ཡོད་དེ། ཡུལ་སེར་སྐྱ་དང༌། རིགས་རྒྱལ་རིགས། འདུལ་བ་ལུང་ལྟར་ན་ཟས་གཙང་མ་ཡན་ཆད་དུ་རྒྱལ་པོ་ས་ཡ་ཆིག་འབུམ་ཉི་ཁྲི་ཆིག་སྟོང་ལྔ་བརྒྱ་བཅུ་བཞི་བྱུང་བའི་ཟས་གཙང་དེའི་སྲས་བཅོམ་ལྡན་འདས་ཡིན། མང་བཀུར་ནས་ཤཱཀྱའི་མིང་གི་ཐོག་མ་སྐར་མདའ་གདོང༌། དེ་རྗེས་ལག་རྣ་དང༌། དེ་རྗེས་གླང་ཆེན་འདུལ་རྣམས་ལ་བུ་མེད་ཅིང༌། དེ་རྗེས་རྐང་གདུབ་ཅན་ཡན་ཆད་ལ་ས་ཡ་དྲུག་ཁྲི་བདུན་སྟོང་ལྔ་བརྒྱ་སོང༌། ཤཱཀྱའི་ཐོག་མ་རྐང་གདུབ་ཅན་ནས་ཟས་གཙང་ཡན་ལ་རྒྱལ་པོ་ལྔ་ཁྲི་ལྔ་སྟོང་བཅུ་བཞི་སེར་སྐྱར་བྱུང༌། མངོན་པའི་གདགས་བ་ལྟར་ན་མང་བཀུར་ནས་ཟས་གཙང་མ་ཡན་ཆད་ལ་རྒྱལ་བོ་འབུམ་ཁྲི་ཕྲག་གཅིག་ལྔ་ཁྲི་ལྔ་སྟོང་ཆིག་བརྒྱ་ཞེ་དགུ་སོང་བར་གདགས་པས་བཤད་ཀྱང་སེར་སྐྱའི་རབས་མི་རྒྱས་བས་ཆད་ལྷག་གི་བཤད་པར་སེམས་ཏེ། ཀུན་མཁྱེན་དབྱིག་གཉེན་གྱིས་ཀྱང་སྡེ་བདུན་ལ་ཟུར་ཟ་བ་ལ་གནད་གཅིག་དེར་འདུག་པས་བཤད་ཚུལ་མ་བྲིས། རུས་ནི་གོའུ་ཏ་མ་སྟེ། མདོ་སྡེ་བསྐལ་བཟང་ལས། མཆོག་ཏུ་དགའ་བའི་རྒྱལ་པོ། ང་སྐྱེས་པའི་ཡུལ་ནི་སེར་སྐྱའི་གནས་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །གདུང་ནི་གོའུ་ཏ་མའོ། །འོད་ནི་འདོམ་གང༌ངོ༌། །ཡབ་ནི་ཟས་གཙང་མ་ཞེས་བྱ། ཡུམ་ནི་སྒྱུ་འཕྲུལ་ཞེས་བྱའོ་སོགས་གསུངས་ལ། རིགས་རུས་ཀྱི་ཁྱད་པར་ནི། བརྒྱ་པ་ལས། བྱ་བའི་ཐབས་ནི་ཅོག་ལ་ཡང༌། །རིགས་ཞེས་བྱ་བར་བརྗོད་པ་ཡིན། །གསུངས་པ་ལྟར་བྱ་བའི་ཆ་ནས་རིགས་དང༌། ས་བོན་ལས་བྱུང་རུས་ཡིན་ནོ། །ཞེས་གསུངས་པ་ལྟར། ཕའི་ས་བོན་ལས་གདུང་རུས་བྱེད་ཅིང༌། སངས་རྒྱས་འོད་སྲུང་གི་དུས་རྒྱལ་པོ་ཀྲི་ཀྲི་བྱུང་བ་དེའི་བརྒྱུད་པ་གྲུ་འཛིན་དུ་བྱུང་བའི་ཐ་མ་རྣ་བ་ཅན་གྱི་བུ་གོའུ་ཏ་མ་སྟེ། གཽ་རིགས་དང༌། ཏ་མ་མཆོག་སྟེ། དེའི་ས་བོན་བུར་ཤིང་ལ་ལྷུང་བ་ཉི་མའི་འོད་ཀྱིས་སྨིན་པའི་སྒོ་ང་ལས་ཁྱེའུ་གཉིས་སྐྱེས་པ་ཉི་མའི་རིགས་དང་གོའུ་ཏ་མའི་བུ་ཡིན་བས་གོའུ་ཏ་མ་དང༌། རང་གི་ཡན་ལག་སྐྱེས་པས་ཡན་ལག་སྐྱེས་དང༌། བུ་རམ་ཤིང་གི་ཚལ་ནས་བརྙེད་པས་བུ་རམ་ཤིང་བ་ཞེས་བཏགས་ལ། དེའི་ཕུ་བོ་རྒྱལ་པོར་བསྐོས་ཀྱང་བུ་མེད། ནུ་བོ་རྒྱལ་སྲིད་ལ་དབང་བསྐུར་པས་རྒྱལ་པོ་བུ་རམ་ཤིང་བ་ཞེས་གྲགས་ཤིང༌། དེའི་བུ་རྒྱལ་པོ་བུ་རམ་ཤིང་བ་བརྒྱ་གྲུ་འཛིན་དུ་བྱུང་བའི་ཐ་མ་འཕགས་སྐྱེས་བོས་བུ་བཞི་བསྐྲད་པས་དེ་བཞི་ལ་དགའ་བའི་སྐྱེ་བོའི་ཚོགས་དྲངས་སྲོང་སེར་སྐྱའི་བསྟི་གནས་དང་སེར་སྐྱའི་གྲོང་བཅས་མས་དབེན་གྱི་སྲིང་མོ་དང་འགྲོགས་པས་གྲོང་སྡེ་ཆེན་པོ་སྐྱེས་པ་དེ་སྐབས་འཕགས་སྐྱེས་བོས་བུ་རྣམས་དྲིས་བས། བློན་པོས་རྒྱས་བར་བཤད་པས། ཀྱེ་མ་གཞོན་ནུ་རྣམས་ཕོད་པའོ། ཞེས་དབང་ཆེན་པོའི་ཚིག་ཏུ་བརྗོད་པས། བོད་བའམ་ཤཱཀྱར་གྲགས་ཞེས་ལུང་ལས་བཤད་ལ། ཡང་འཇིག་རྟེན་ཀྱེ་གྲགས་བར་བུ་རམ་ཤིང་གི་ནགས་དེར་ཐུབ་བ་སེར་སྐྱ་ལ་བརྟེན་ནས། དེ་ན་ཤིང་ཤཱཀྱ་ཞེས་པའི་དྲུང་དུ་བཞུགས་ཏེ་སེར་སྐྱའི་སློབ་མར་གྱུར་ཅིང་རིག་པ་དང་ལྡན་པས་དེ་ནི་ཤཱཀྱ་ཞེས་གྲགས་པར་བཤད་པའི་ཕྱིར། འཆི་མེད་མཛོད་ཀྱི་འགྲེལ་བ་འདོད་འཇོ་ལས། ཤཱཀྱ་ནི་བུ་རམ་ཤིང་བའི་རིགས་ལས་བྱུང་བའི་རྒྱལ་པོ་ཀེ་ཙན་ཞེས་པའི་བུ་ཕས་ནགས་སུ་བསྐྲད་དེ། ནགས་དེར་ཐུབ་པ་སེར་སྐྱ་པ་ལ་བརྟེན་ནས་དེ་ན་ཤིང་ཤཱཀྱ་ཞེས་པའི་དྲུང་དུ་བཞུགས་ཏེ་སེར་སྐྱའི་སློབ་མར་གྱུར་ཅིང་རིག་པ་དང་ལྡན་ནོ། །དེ་ནི་ཤཱཀྱ་ཞེས་གྲག་གོ །ཞེས་གསུངས་པའི་ཕྱིར། ཕྲན་ཚེགས་འགྲེལ་བར། ཤཱཀྱའི་བུ་ནི་དཀའ་ཐུབ་གནས་པའི་ཕྱིར་ཤཱཀྱའི་བུའོ། །ཞེས་གསུངས་སོ། །ཤཱཀྱ་དེ་རྣམས་ཀྱི་ཡུལ་དུ་བྱུང་བའི་ཤཱཀྱའི་གཙོ་བོ་སྟོན་པ་མཉམ་མེད་དེ་ལ་རྗེ་བདག་ཉིད་ཆེན་པོ་ང་ནི་ཡོན་ཏན་དེ་ལྟར་དྲན་པས་ཐུགས་བསྐྱོད་པས་བ་སྤུ་གཡོ་ཞིང་ལུས་ཀྱི་ཕྱག་ཐལ་མོ་སྦྱར་མགོ་བོས་རབ་ཏུ་བཏུད་དེ་ངག་གིས་ཀྱང་ཡོན་ཏན་བརྗོད་དེ་ཕྱག་འཚལ་ལོ་ཞེས་བརྗོད་ཅིང༌། སྒོ་གསུམ་གུས་པས་འདུད་པར་མཛད་པ་ནི་གདུལ་བྱ་དེ་ལྟར་འཇུག་པའི་བགེགས་དང་བར་ཆད་ཞི་ཞིང་ཚོགས་རྫོགས་པ་དང་ཕྱིར་མི་ལྡོག་པའི་ས་བོན་བསྐྲུན་པའི་ཆེད་ཡིན་ཏེ། ལུང་ལས། འཇིག་རྟེན་གཙོ་བོ་རྣམ་འདྲེན་པ། །རྫོགས་སངས་རྒྱས་ཏེ་ལྷ་མིར་བཅས། །འཇིག་རྟེན་འདི་ནི་བསྒྲལ་བ་དང༌། །སྒྲོལ་བར་མཛད་པ་སྨོས་ཅི་དགོས། །ངས་ནི་འཇིག་རྟེན་དོན་གྱི་ཕྱིར། །མྱ་ངན་འདས་ནའང་ཆོས་ཀྱི་གྲུ། །བརྟན་པ་དག་ནི་བཅའ་བྱས་ཏེ། །བརྒྱ་སྟོང་དག་ནི་བསྒྲལ་བར་བྱ། །མི་གང་སངས་རྒྱས་སྐྱབས་སོང་ཞིང༌། །མྱ་ངན་འདས་ཀྱང་སངས་རྒྱས་ལ། །བྱ་བ་བྱས་པའི་སྐྱེས་བུ་དེ། །འཇིག་རྟེན་དག་ནི་སྐྱིད་དེ་བ། །གང་དག་དེ་བཞིན་གཤེགས་རྒྱལ་ལ། །བྱ་བ་ཅུང་ཟད་བྱེད་ནའང་དེ། །མཐོ་རིས་སྣ་ཚོགས་བགྲོད་ནས་ནི། །བདུད་རྩི་གོ་འཕང་ཐོབ་པར་འགྱུར། །ཞེས་པ་ལྟ་བུ་མང༌།
གཉིས་པ་ལ་སྲས་ཀྱི་ཐུ་བོ་གཉིས་ལ་བསྟོད་པ་དང༌། བརྒྱུད་པའི་བླ་མ་ལ་བསྟོད་པ་གཉིས། དང་པོ་ནི། ཟླ་མེད་སྟོན་པ་དེ་ཡི་སྲས་ཀྱི་མཆོག །སོགས་ཤོ་ལོ་ཀ་གཅིག་བྱུང༌། རྗེ་བདག་ཉིད་ཆེན་པོས་ཐུབ་དབང་ལ་བསྟོད་པ་ལས། །ཞིང་འདི་གཞན་གྱིས་སྤངས་དུས་མགོན་ཁྱོད་ཀྱིས། །ཡོངས་སུ་བཟུང་སྟེ་རྒྱལ་བ་སྲས་བཅས་ཀྱིས། །པད་དཀར་ལྟ་བུར་བསྔགས་པའི་ཞེས་གསུངས་པ་ལྟར། སྔོན་སློབ་པ་ལམ་གྱི་དུས་སུ་འཁོར་བསྒྱུར་རྩིབས་ཀྱི་མུ་ཁྱུད་ལ་སྲས་སྟོང་ཡོད་པས། དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོའི་སྤྱན་སྔར་རྒྱལ་སྲས་སྟོང་གིས་ཟླ་བ་གསུམ་གསུམ་བསྙེན་བཀུར་བྱས་ཏེ་སངས་རྒྱས་ཀྱི་ཞིང་བཟུང་ཞིང་སེམས་བསྐྱེད་ཅིང་ལུང་བསྟན་ནོ། །དེའི་ཚེ་སྟོན་པ་འདི་བྲམ་ཟེ་རྒྱ་མཚོའི་རྡུལ་ཞེས་བྱ་ལ། དེས་རྒྱལ་པོ་སོགས་ཀྱིས་དག་པའི་ཞིང་བཟུང་ཟིན་བདག་གི་ཞིང་མ་དག་པ་མི་མཇེད་ཀྱི་ཞིང༌། སེམས་ཅན་མ་རུང་པ་མི་དགེ་བ་བཅུ་ཚང་བར་སྤྱོད་པ་མཚམས་མེད་ལྔ་བྱེད་པ་གདུལ་དཀའ་བ་རྣམས་ལ་གཟིགས། སྨོན་ལམ་ཆེན་པོ་ལྔ་བརྒྱ་བརྗོད་དེ། སངས་རྒྱས་རིན་ཆེན་སྙིང་པོས་ལེགས་སོ་གནང་སྟེ། ཁྱོད་ནི་པདྨ་དཀར་པོ་ལྟ་བུའི་བྱང་ཆུབ་སེམས་དཔའོ། །གཞན་ནི་མེ་ཏོག་ལྟ་བུའི་བྱང་ཆུབ་སེམས་དཔའོ། །ཞེས་བྱ་བ་སོགས་བསྔགས་པ་བསམ་གྱིས་མི་ཁྱབ་པ་བརྗོད་དེ་བསྐལ་བཟང་གི་སངས་རྒྱས་བཞི་བར་ལུང་བསྟན། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་སྐྱེས་བསྐུར་ལྷ་དང་མིའི་སྐྱེ་དགུ་དག་གིས་མཆོད་པ། དེས་ན་འགྲན་པའི་ཟླ་མེད་པ། ཆོས་ཐམས་ཅད་ཀྱི་དོན་ཇི་ལྟ་བ་བཞིན་དུ་སྟོན་པས་ན་སྟོན་པ་སྟེ། སློབ་དཔོན་ཚུལ་ཁྲིམས་སྐྱངས་ཀྱི་ཕྲན་ཚེགས་འགྲེལ་པ་ལས། དེ་བཞིན་གཤེགས་པ་དེ་ཁོ་ན་བཞིན་མ་ཡིན་པ་མི་གསུངས་ཏེ། དངོས་པོ་ཇི་ལྟ་བ་དེ་བཞིན་དུ་གསུངས་པ་ཉིད་ཀྱི་དེ་ནི་འདིར་སྟོན་པ་ཉིད་དེ་སངས་རྒྱས་བཅོམ་ལྡན་འདས་ཏེ། ཞེས་དང༌། ཕྱོགས་གླང་གིས་ཀྱང༌། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །སྟོན་པ་བདེ་གཤེགས་ཞེས་དང༌། ཀུན་མཁྱེན་དབྱིག་གཉེན་གྱིས་ཀྱང༌། དོན་བཞིན་སྟོན་པ་ཞེས་དང༌། རྟེན་འབྲེལ་བསྟོད་པ་ལས། སྟོན་པ་ཞེས་བྱ་ཁྱོད་ཉིད་དེ། །ཝ་སྐྱེས་ལ་ནི་སེངྒེ་བཞིན། །མུ་སྟེགས་ཅན་ལའང་གཅམ་བུའི་ཚིག །ཅེས་གསུངས་པ་དེས་ཆོས་གསུངས་པ་ལས་ཐེག་པ་གསུམ་གྱི་རང་གི་སློབ་མའི་གོ་འཕང་སོ་སོར་ཐོབ་པས་དེའི་སྲས་ཏེ། ལུས་ཕ་མས་བསྐྱེད་ཀྱང་ཡོན་ཏན་སོ་སོར་ཐོབ་པའི་འཕགས་པ་སོ་སོར་འོངས་པ་སྟོན་པའི་གསུངས་ལས་ཡིན་པས། སྲས་དེ་རྣམས་ཀྱི་མཆོག་རྒྱལ་བའི་མཛད་པ་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་ཁུར་རམ་མཛད་པ་བཅུ་གཉིས་སོགས་གདུལ་བྱ་གང་ལ་གང་འདུལ་གྱི་སྐུར་སྤྲུལ་བ་ཡིན་ཏེ། ནམ་གདུལ་བྱ་རྣམས་འཁོར་བསྒྱུར་ལ་དགའ་ན་རྒྱལ་སྲིད་སྣ་བདུན་དང་ལྡན་པའི་འཁོར་ལོས་བསྒྱུར་པ་སྟོན་ཅིང་དགེ་བཅུས་འདུལ་ལ། དེ་བཞིན་དུ་བརྒྱ་བྱིན་དང༌། ཚངས་པ་དང༌། ཉན་ཐོས་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང༌། སངས་རྒྱས་དང༌། སངས་རྒྱས་ཀྱི་ཞིང་ཁམས་མཛེས་པ་དང༌། བྱང་ཆུབ་ཀྱི་སྙིང་པོ་བྱང་ཆུབ་ཤིང་རིན་པོ་ཆེའི་རང་བཞིན་ཅན་དང༌། ལྷ་ཀླུ་ནས། བྱང་སེམས་བར་གྱི་འཁོར་མང་པོ་སྤྲུལ་པར་མཛད་དེ། གྲངས་མེད་པའི་ཞིང་དུ་རྣམ་པར་རོལ་པར་མཛད་ནས་སེམས་ཅན་མཐའ་ཡས་པ་སྐད་ཅིག་རེ་རེ་ལའང་གྲོལ་བར་མཛད་པའི་ཕྱིར། དཔེར་ན་ས་དང་པོ་ལ་སྐད་ཅིག་མ་ཐུང་ཤོས་གཅིག་ལ་སེམས་ཅན་བརྒྱ་འདུལ་པ་དང༌། འཁོར་བརྒྱ་སྟོན་པ་སོགས་ལྟ་བུ་སྟེ། ཆོས་ཡང་དག་པར་སྡུད་པའི་མདོ་ལས། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྲུལ་པ་ནི་རྣམ་པ་བཅུར་ཤེས་པར་བྱ་སྟེ། བཅུ་གང་ཞེ་ན་འདི་ལྟ་སྟེ། འཁོར་ལོ་བསྒྱུར་པར་སྤྲུལ་པ་དང༌། བརྒྱ་བྱིན་དུ་སྤྲུལ་པ་དང༌། ཚངས་པར་སྤྲུལ་པ་དང༌། ཉན་ཐོས་སུ་སྤྲུལ་པ་དང༌། རང་སངས་རྒྱས་སུ་སྤྲུལ་པ་དང༌། བྱང་ཆུབ་སེམས་དཔར་སྤྲུལ་པ་དང༌། སངས་རྒྱས་སུ་སྤྲུལ་པ་དང༌། སངས་རྒྱས་ཞིང་དུ་སྤྲུལ་པ་དང༌། བྱང་ཆུབ་ཀྱི་སྙིར་པོར་སྤྲུལ་པ་དང༌། འཁོར་ཆེན་པོ་སྤྲུལ་པ་སྟེ། ཞེས་དང༌། འཇུག་པ་ལས། བ་སྤུའི་ཁུང་བུར་བྱང་ཆུབ་སེམས་རྣམས་དང༌། །ལྷན་ཅིག་རྫོགས་སངས་རྒྱས་སྐུ་བགྲང་འདས་དང༌། །དེ་བཞིན་ལྷ་དང་ལྷ་མིན་མི་དག་ཀྱང༌། །སྐད་ཅིག་སྐད་ཅིག་ལ་ནི་སྟོན་པར་ནུས། །ཞེས་གསུངས་པ་ལྟར་སྟོན་པའི་རྒྱལ་སྲས་འཕགས་པ་ཐམས་ཅད་དང་ཁྱད་པར་དུ་དེའི་ནང་ནས་ཐུབ་པའི་རྒྱལ་ཚབ་བདུད་བཞི་ལས་རྒྱལ་བའི་མི་ཕམ་མགོན་པོའི་ཞབས་དང༌། རྒྱལ་བ་ཐམས་ཅད་ཀྱི་ཡབ་ཏུ་གྱུར་ཀྱང་སྲས་ཀྱི་ཚུལ་འཛིན་པའི་འཇམ་ཞིང་གྲགས་པའི་སྒྲའམ་དབྱངས་ཀྱིས་ནམ་མཁའི་མཐར་ཁྱབ་པའི་རྗེ་བཙུན་ཏེ། འདིར་བཤད་བྱའི་ཟབ་རྒྱས་ཀྱི་ཆོས་གཉིས་ཀྱི་རྩ་བའི་འབྱུང་གནས་ལའང་རྗེ་རིན་པོ་ཆེ་བདག་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །སྤྱིར་བྱང་སེམས་འཕགས་པ་ཐམས་ཅད་བསྟོད་ཡུལ་ཡིན་ཀྱང་ཐོགས་མེད་དང་ཀླུ་སྒྲུབ་གཉིས་ནི་རྟེན་གཞི་དབུ་སེམས་ཀྱི་ལུགས་འདི་གཉིས་ལས་བྱུང་བར་ཤེས་པའི་ཕྱིར་ཡིན་ནོ། །
གཉིས་པ་བརྒྱུད་པའི་བླ་མ་རྣམས་ལ་བསྟོད་པ་ལ། ཤིང་རྟའི་སྲོལ་འབྱེད་གཉིས་ལ་དང༌། དེ་གཉིས་ཀྱི་གདམས་པ་ཡོངས་རྫོགས་འཛིན་པའི་ཇོ་བོ་ལ་དང༌། གསུང་རབ་མ་ལུས་པའི་དོན་ཚང་བར་འཛིན་པའི་རྒྱ་བོད་ཀྱི་བླ་མ་གོང་མ་རྣམས་ལ་བསྟོད་པ་གསུམ། དང་པོ་ནི། ཤིན་ཏུ་དཔག་པར་དཀའ་བ་རྒྱལ་བའི་ཡུམ། །སོགས་ཤོ་ལོ་ཀ་གཅིག་བྱུང༌། སྟོན་པ་སངས་རྒྱས་པའི་ཚུལ་བསྟན་པ་ན། མདོ་ལས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུ་མ་བྱས། །བདུད་རྩི་ལྟ་བུའི་ཆོས་གཅིག་ཁོ་བོས་རྟོགས། །སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། །མི་སྨྲ་ནགས་ཀྱི་ཚལ་དུ་གནས་པར་བྱ། །ཞེས་གསུངས་པས་ན་རིན་ཆེན་འཕྲེང་བ་ལས་ཀྱང༌། ཆོས་འདི་ཟབ་ཕྱིར་སྐྱེ་བོ་ཡིས། །ཤེས་པར་དཀའ་བར་ཐུགས་ཆུད་དེ། །དེས་ན་ཐུབ་པ་སངས་རྒྱས་ནས། །ཆོས་བསྟན་པ་ལས་ལོག་པར་གྱུར། །ཞེས་གསུངས་པ་ལྟར། ཤིན་ཏུ་དཔག་པར་ཏེ་རྟོགས་པར་དཀའ་བའི་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པའི་ཤེས་རབ་དེ་ཉན་རང་བྱང་འཕགས་སངས་རྒྱས་འཕགས་པ་སྟེ་བཞི་ཀ་གང་རུང་གཅིག་ཐོབ་པ་ལས་ཐོག་མ་ངེས་པར་ཟབ་མོའི་རྟོགས་པ་དེ་སྔོན་དུ་འགྲོ་བ་སྐྱེད་མ་ལྟ་བུ་ཡིན་པས། རྒྱུད་བླ་མ་ལས། ཐེག་མཆོག་ལ་མོས་ས་བོན་ཤེས་རབ་ནི། །སངས་རྒྱས་ཆོས་སྐྱེད་མ་དང་ཞེས་དང༌། མདོ་ལས་ཀྱང༌། མ་ནི་ཤེས་རབ་ཕ་ནི་ཐབས། །ཞེས་དང༌། མངོན་རྟོགས་རྒྱན་ལས་ཀྱང༌། ཉན་ཐོས་བྱང་ཆུབ་སེམས་དཔའི་ཚོགས་བཅས་སངས་རྒྱས་ཀྱི་ནི་ཡུམ་དེ་ལ་ཕྱག་འཚལ། །ཞེས་གསུངས་པ་ལྟར་ཡིན་ཀྱང་དེ་ཤིན་ཏུ་རྟོགས་དཀའ་ལ་མ་རྟོགས་ན་འཁོར་བ་ལས་གྲོལ་བ་ལྟ་ཅི་སྨོས། ཐེག་པ་གསུམ་པོ་གང་གི་མཐོང་ལམ་ཙམ་ཡང་མི་ཐོབ་པས་སངས་རྒྱས་རྣམས་གྱིས་དེ་རྟོགས་པའི་ཆེད་དུ་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་སོགས་གསུངས་པའི་ཕྱིར། འཕགས་པ་ཡུལ་འཁོར་སྐྱོང་གིས་ཞུས་པ་ལས། སྟོང་པ་ཞི་བ་སྐྱེ་བ་མེད་པའི་ཚུལ། །མི་ཤེས་པས་ནི་འགྲོ་བ་འཁྱམས་གྱུར་པ། །དེ་དག་ཐུགས་རྗེ་མངའ་བའི་ཐབས་ཚུལ་དང༌། །རིགས་པ་བརྒྱ་དག་གིས་ནི་འཛུད་པར་མཛད། །ཅེས་དང༌། རྗེ་བདག་ཉིད་ཆེན་པོས་ཀྱང་དེའི་དོན་བཤད་པ་ན། ལེགས་བཤད་སྙིང་བོ་ལས། ཆོས་རྣམས་ཀྱི་དེ་བཞིན་ཉིད་ནི་ཤིན་ཏུ་རྟོགས་པར་བཀའ་བ་དང༌། མ་རྟོགས་ན་འཁོར་བ་ལས་མི་གྲོལ་བར་གཟིགས་ནས་ཐུགས་རྗེ་ཅན་གྱི་སྟོན་པས་ཐབས་ཀྱི་ཚུལ་དང་རིགས་པའི་སྒོ་དུ་མ་ཞིག་གིས་དེ་ཁོང་དུ་ཆུད་པ་ལ་འཛུད་པར་གསུངས་སོ། །ཞེས་གསུངས་པའི་ཕྱིར། དེར་མ་ཟད་སྟོན་པས་ཆོས་གསུངས་པ་ཐམས་ཅད་གདུལ་བྱ་སོ་སོ་ལ་སྟོང་ཉིད་རྟོགས་ཆེད་དང་ཐར་པ་ཐོབ་པའི་ཆེད་དུ་གསུངས་པ་ཁོ་ན་ཡིན་ཏེ། སྤྱོད་འཇུག་ལས། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །ཞེས་དང༌། རྟེན་འབྲེལ་བསྟོད་པ་ལས། ཁྱོད་ཀྱིས་ཇི་སྙེད་བཀའ་སྩལ་བ། །རྟེན་འབྲེལ་ཉིད་ལ་བརྩམས་ཏེ་འཇུག །དེ་ཡང་མྱ་ངན་འདའ་ཕྱིར་ཏེ། །ཞི་འགྱུར་མིན་མཛད་ཁྱོད་ལ་མེད། །ཅེས་སོ། །དེ་ཡང་དགྲ་བཅོམ་པ་ལ་ལྟོས་ཏེ་ཐར་བ་ཐོབ་ཕྱིར་མིན་ཀྱང་དེ་མ་ཐོབ་པ་ལ་ཡིན་ལ། དེ་བཞིན་དུ་སྟོང་ཉིད་ཀྱང་ཤེས་དགོས་ཤིང་གདམས་ངག་དང་རྗེས་བསྟན་ཡང་གང་ཟག་གཅིག་ལ་དོན་སོ་སོ་ལ་མི་འགལ་ཡང་དོན་ལ་དེ་གཉིས་སུ་འགྲོ་མི་དགོས་སོ། །རྒྱལ་བའི་ཡུམ་གཞུང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དགོངས་དོན་གདུལ་བྱའི་ཁམས་བཞིན་དུ་རྒྱལ་བའི་མདོ་སོ་སོར་བཤད་པ་ཇི་ལྟ་བ་བཞིན་དུ་ཡུམ་གྱི་དགོངས་པ་སེམས་ཙམ་དང་དབུ་མར་འགྲེལ་པར་མཛད་པས་འཛམ་གླིང་གི་སྐྱེ་བོ་རྣམས་ལ་མདོ་དོན་དང་ཐུབ་པའི་དགོངས་པ་གསལ་བར་བྱེད་པ་དངོས་པོ་སྣ་ཚོགས་མདོག་དབྱིབས་མི་འདྲ་ཡང་མུན་པས་མི་མཐོང་བ་ཉི་མས་གསལ་པར་བྱས་པ་ལྟ་བུའི་རྒྱན་ཡིན་ཏེ། ཐོགས་མེད་ཀྱིས་ཐེག་ཆེན་གྱི་རིགས་ཅན་ཡིན་ཀྱང་ཆོས་ཐམས་ཅད་རང་བཞིན་མེད་པར་བསྟན་ན་ཆད་ལྟར་ལྟུང་བ་དེ་བློར་མ་ཆུད་པའི་ངོར་སེམས་ཙམ་ལུགས་ཀྱི་ཟབ་རྒྱས་བསྟན། ཀླུ་སྒྲུབ་ཀྱིས་ཐེག་ཆེན་གྱི་རིགས་ཅན་རིགས་དང་དབང་པོ་གཉིས་ཀ་སྨིན་པས་རང་བཞིན་མེད་པར་བསྟན་ཀྱང་རྒྱ་ཆེ་བ་མིང་ཙམ་གྱིས་འཇོག་ཤེས་པ་ལ་ཆོས་ཐམས་ཅད་རང་བཞིན་མེད་པར་བསྟན། ལུགས་དེ་གཉིས་ཀ་ཡང་ས་འོག་ཀླུ། ས་སྟེང་གི་མི། ས་བླའི་ལྷ་སྟེ། ས་གསུམ་འགྲོ་བ་རྣམས་ལ་ཉི་མ་ལྟར་ཆེས་གསལ་བར་མཛད་པའི་ཤིང༌རྟ་ཆེན་པོ་ཞེས་ཡོངས་སུ་གྲགས་པའི་ཞབས་ལ་རྗེ་བདག་ཉིད་ཆེན་པོ་བདག་ཕྱག་འཚལ། ཞེས་བསྟོད་ཕྱག་མཛད་པའི་ཕྱིར། དང་པོ་ཡིན་ཏེ། དགོངས་འགྲེལ་ལྟར་མདོ་སྡེ་རྒྱན་དང་དབུས་མཐའ་རྣམ་འབྱེད་ཆོས་ཉིད་རྣམ་འབྱེད་རྣམས་ཀྱིས་དེ་ལྟར་བཤད་པའི་ཕྱིར། ལེགས་བཤད་སྙིང་པོ་ལས། དེས་ན་ཇི་སྲིད་དུ་གང་བདེན་པར་མེད་པར་བསྟན་པ་དེ་ལ་བཅིང་གྲོལ་སོགས་ཀྱི་རྣམ་བཞག་ཐམས་ཅད་བཞག་པས་མི་ཆོག་པ་དེ་སྲིད་དུ་ཁ་ཅིག་མི་བདེན་ལ་ཁ་ཅིག་བདེན་པའི་རྣམ་དབྱེ་མཛད་དགོས་ཏེ། ཞེས་པ་ནས། དེ་ལྟར་ན་ཐེག་པ་མཆོག་གི་རིགས་ཅན་ལ་ཡང་ལས་འབྲས་སོགས་ལ་ཆད་པར་ལྟ་བའི་ཉེན་ཆུང་བ་རྣམས་ལ་དགག་བྱ་བདེན་པ་རགས་པ་འགའ་ཞིག་བཀག་ཀྱང་ཕྲ་མོ་ནས་མི་ཁེགས་པ་ཤིན་ཏུ་མང་ལ། ཕྲ་མོ་ནས་བཀག་པ་རྣམས་ལ་ནི་ཚད་མས་གྲུབ་པའི་རྣམ་བཞག་ཐམས་ཅད་བྱ་ས་མེད་པར་སོང་བ་ཤིན་ཏུ་མང་པས་མདོ་སྡེ་དགོངས་འགྲེལ་གྱིས་དྲང་ངེས་ཕྱེ་བ་དེ་ནི་གདུལ་བྱ་ཤིན་ཏུ་མང་པོ་ཞིག་ཐེག་པ་ཆེན་པོ་ལ་བཀྲི་བའི་ཐབས་མཁས་ཆེན་པོར་སྣང་ངོ་ཞེས་གསུངས་པའི་ཕྱིར། སེམས་ཙམ་པ་ཐོགས་མེད་ཀྱིས་གདུལ་བྱའི་ངོར་བྱས་པ་བྱམས་པས་སེམས་ཙམ་བསྟན་པ་ལྟར་བྱེད་དགོས་པའི་ཕྱིར་ཏེ། ལེགས་བཤད་སྙིང་པོ་ལས། མདོ་སྡེ་དེ་གདུལ་བྱའི་དབང་གིས་བཤད་པ་དེ་བཞིན་དུ་དེ་དང་རྗེས་སུ་མཐུན་པར་སྟོན་པ་རྣམས་ཀྱང་ཤེས་པར་བྱ་སྟེ་ཞེས་སོ། །
གཉིས་པ་ཀླུ་སྒྲུབ་ཀྱིས་བཤད་པ་དེ་ལྟར་ཡིན་ཏེ། རྒྱུ་རྐྱེན་ལ་ལྟོས་པ་ཁོ་ནས་རང་བཞིན་མེད་པར་གྲུབ་ཅིང་བཅིང་གྲོལ་སོགས་ཀྱང་ཆེས་འཐད་པར་སྒྲུབ་པའི་ཕྱིར། དེ་བློ་གྲོས་མི་ཟད་པའི་དྲང་ངེས་ཕྱེ་བའི་ངེས་དོན་ཡིན་པའི་ཕྱིར་ཏེ། ལེགས་བཤད་སྙིང་པོ་ལས། དེས་ན་རྒྱུ་རྐྱེན་ལ་རགས་ལས་པ་ཉིད་ཀྱིས་རང་གི་མཚན་ཉིད་ཀྱིས་གྲུབ་པ་མེད་པ་ཡིན་ལ་ཞེས་པ་ནས། འདི་ནི་མགོན་པོ་ཀླུ་སྒྲུབ་ཀྱིས་ཡུམ་གྱི་མདོ་དང་དེ་དང་རྗེས་སུ་མཐུན་པའི་གསུང་རབ་རྣམས་ཀྱི་དོན་གཞན་དུ་དྲང་དུ་མི་རུང་བར་དོན་དེར་ངེས་པའི་ངེས་དོན་དུ་སྒྲུབ་པའི་སྒྲུབ་བྱེད་ཀྱི་རིགས་པ་དང༌། དེ་དག་དང་མི་མཐུན་པར་སྟོན་པའི་མདོ་རྣམས་ཀྱི་སྒྲ་ཇི་བཞིན་པ་ལ་རིགས་པའི་གནོད་པ་སྟོན་པའི་ཤིང་རྟའི་སྲོལ་ཕྱེ་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཁྱད་པར་གསུམ་པ་ཡང་ཡིན་ཏེ། ཀླུ་སྒྲུབ་ཀྱིས་ཐེག་ཆེན་ཀླུའི་ཡུལ་ནས་སྤྱན་དྲངས་པ་དང་ཐོགས་མེད་ཀྱིས་དགའ་ལྡན་དུ་རྗེ་བཙུན་ལ་གསན་པས་ཀྱང་གྲུབ་པའི་ཕྱིར། ལེགས་བཤད་སྙིང་པོ་ལས། དེ་ལྟར་སྔར་བཤད་པའི་ཚུལ་གྱིས་གསུང་རབ་ཀྱི་དྲང་ངེས་ཕྱེ་ནས་དེ་ཁོ་ན་ཉིད་གཏན་ལ་འབེབས་པའི་ཤིང་རྟའི་སྲོལ་གཉིས་པོ་འདི་ནི་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་སྐབས་སུ་རྒྱས་མོད་ཀྱང༌། གསང་སྔགས་ཀྱི་གཞུང་འགྲེལ་པའི་པཎྜི་ཏ་དང་གྲུབ་ཐོབ་རྣམས་ཀྱིས་ཀྱང་དེ་གཉིས་གང་རུང་གཅིག་དང་མཐུན་པར་དེ་ཁོ་ན་ཉིད་ཀྱི་དོན་གཏན་ལ་འབེབས་པ་ལས་གཞན་པའི་ཕུང་གསུམ་མེད་པ་ཚུལ་འདི་ནི་གསུང་རབ་མདོ་སྔགས་མཐའ་དག་གི་དེ་ཁོ་ན་ཉིད་གཏན་ལ་འབེབས་པའི་ལམ་དུ་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར། འདིའི་རྒྱུ་མཚན་གྱིས་དྲང་ངེས་རྣམ་འབྱེད་ལ་མཁས་པར་བསླབ་དགོས་ཏེ། དེ་ཉིད་ཕྲ་རགས་དེ་ལྟར་དུ་རྟོགས་དགོས་པའི་ཕྱིར། སྐལ་བཟང་མིག་འབྱེད་ཀྱིས་གསུངས་པ་ལྟར་རོ། །
གཉིས་པ་ནི། ཤིང་རྟ་ཆེན་པོ་གཉིས་ལས་ལེགས་བརྒྱུད་པའི། །སོགས་ཤོ་ལོ་ཀ་གཅིག་བྱུང༌། ལམ་སྲོལ་ཆུང་ངུ་ལྟ་བུ་མ་ཡིན་པར་ཤིང་རྟ་ཆེན་པོ་དྲངས་ཆོག་པ་ལྟ་བུའི་རིགས་པའི་ལམ་སྲོལ་དབུ་སེམས་གཉིས་ཕྱེ་བའི་ཤིང་རྟ་ཆེན་པོ་དེ་གཉིས་ལས་ཚིག་དོན་མ་འཁྲུལ་ཞིང༌། བྱིན་གྱིས་བརླབས་པའི་བླ་མ་སོ་སོ་ནས་བརྒྱུད་པའི་ཟབ་མོའི་ལྟ་བ་སྟོང་ཉིད་ཀྱི་སྐོར་དང་རྒྱ་ཆེ་བ་སྤྱོད་པ་ཕྱིན་དྲུག་གི་ལམ་སོགས་ཀྱི་ངོ་བོ་དང་ཁྱད་པར་སོགས་མ་ནོར་བ་དང༌། དེ་ཡང་འདི་ནས་སངས་རྒྱས་ཀྱི་སའི་བར་གྱི་སྐྱེས་བུ་གསུམ་གྱི་ལམ་ཆ་ཚང་བས་ཡོངས་སུ་རྫོགས་པ་དང༌། ལམ་གྱི་ཡན་ལག་སོགས་ཀྱི་ཚིག་དོན་གྱི་གནད་ཐམས་ཅད་འགག་མདོ་བསྡུས་པའི་མདོ་སྔགས་གཉིས་ཀའི་གདམས་པའི་མཛོད་མི་ཟད་པ་འཛིན་པའི་དཔལ་ལྡན་མར་མེ་མཛད་ལ་སྒོ་གསུམ་འདུད་པས་ལམ་སྒྲོན་བྱེད་པ་པོ་ལ་ཕྱག་འཚལ་བ་སྟེ། རྒྱུ་མཚན་འོག་ཏུ་འཆད་པར་འགྱུར་རོ། །
གསུམ་པ་ནི། རབ་འབྱམས་གསུང་རབ་ཀུན་ལ་ལྟ་བའི་མིག །སོགས་ཤོ་ལོ་ཀ་གཅིག་བྱུང༌། མཐའ་ཡས་པའམ་རབ་འབྱམས་གསུངས་པ་ཀུན་གྱི་རབ་ཡིན་པས་གསུང་རབ་ཀུན་ལ་ལྟ་བའི་མིག་ལྟ་བུའི་ལམ་རིམ་དང་བླ་མའང་རུང་གསུངས། ཆོས་ཀྱི་སྐལ་བ་བཟང་པོ་ལས་ཉོན་ལས་གྲོལ་པའི་ཐར་པར་བགྲོད་པའི་འཁོར་བའི་རྒྱ་མཚོ་བརྒལ་པའི་འབབས་སྟེགས་སམ་འཇུག་ངོགས་ལྟ་བུ་བདེ་བར་འཇུག་ལ་དོན་ཆེན་པོ་སྟེར་བས་མཆོག་བྱང་ཆུབ་ལམ་རིམ་འདི་རྙེད་བཀུར་སོགས་གྱིས་མ་ཡིན་པར་སེམས་ཅན་ཐམས་ཅད་གྲོལ་ན་སྙམ་པའི་བརྩེ་བའི་ཐུགས་རྗེ་ཡིས་སྐྱོབ་པའམ་གཡོ་བར་མཛད་ནས། གདུལ་བྱའི་བློ་རིམ་པ་གསུམ་དང་བསྟུན་ནས་སངས་རྒྱས་ཀྱི་སའི་བར་དུ་འཁྲིད་པའི་ཐབས་མཁས་མཛད་པ་ཡི་ལམ་རིམ་གྱི་སྒོ་ནས་སམ་རིགས་ལམ་སྒོས་གསུང་རབ་ཐམས་ཅད་ཀྱི་ཚིག་དོན་ཐོས་བསམ་སྒོམ་གསུམ་སྒོས་གསལ་བར་མཛད་པའི་དབུ་སེམས་ཀྱི་མཁས་པ་དང་རྒྱ་བོད་ཀྱི་བཤེས་གཉེན་རྣམས་ལའང་གུས་པས་ཕྱག་འཚལ་བ་ཡིན་ཏེ་གཙོ་བོར་དབུ་སེམས་ཀྱི་རིགས་པ་དང་ལུང་གིས་གཏན་ལ་ཕབ་པའི་ཕྱིར་ཏེ། ལེགས་བཤད་སྙིང་པོ་ལས། ཤིང་རྟ་ཆེན་པོའི་སྲོལ་གཉིས་ལེགས་བཟུང་ནས། །འཛམ་གླིང་བློ་གསལ་བྱེ་བའི་མིག་འབྱེད་པ། །ནས། ཐུབ་བསྟན་མི་ནུབ་རྒྱལ་མཚན་འཛིན་པའི་མཆོག །མཁས་པའི་དབང་པོ་རྣམས་པ་གུས་པས་འདུད། །ཅེས་སོ། །
གཉིས་པ་རྩོམ་པར་དམ་བཅའ་བ་ལ། རྩོམ་པའི་རྒྱུ་དང༌། རྒྱུ་དེས་ཤིང་རྟ་ཆེན་པོའི་ཟབ་རྒྱས་ཀྱི་རིགས་ལམ་བརྩེ་བས་བཤད་པར་སྤྲོ་བ་གཉིས། དང་པོ་ནི། དེང་དུས་རྣལ་འབྱོར་བརྩོན་རྣམས་ཐོས་པ་ཉུང༌། །མང་ཐོས་ཉམས་ལེན་གནད་ལ་མི་མཁས་ཤིང༌། །ཕལ་ཆེར་གསུང་རབ་ལྟ་ལ་ཕྱོགས་རེ་མིག །ལུང་དོན་རིགས་པས་འབྱེད་པའི་མཐུ་མེད་པས། །བསྟན་པའི་གནད་རྣམས་རྫོགས་པའི་གདམས་པ་མཆོག །མཁས་པ་དགྱེས་པའི་ལམ་དང་བྲལ་མཐོང་ནས། །ཞེས་བྱུང༌། རྗེ་བདག་ཉིད་ཆེན་པོས་ལམ་རིམ་འདི་རྩོམ་པ་ལ་ཐུགས་བརྩེ་པའི་རྒྱུ་ཆེན་པོ་དུ་མ་དང་ཁྱད་པར་དུ་ཆེ་བ་བཞི་མཐོང་བས་ཡིན་ཏེ། བོད་དུ་བསྟན་པ་དར་བའི་དེང་དུས་ཏེ། དུས་དེར་སྒོམ་གྱི་རྣལ་འབྱོར་ལ་བརྩོན་པ་རྣམས་རྣམ་རྟོག་མང་ན་མི་བཟང་ཞེས་ཐོས་པ་མི་བྱེད་པར་མ་ཟད་ཐོས་པ་བྱས་པ་ཡང་བརྗེད་འཇུག་པས་ཐོས་པ་ཉུང་བ་དཔེར་ན་སྒོམ་བྱེད་པས་དཔེ་ཆ་བལྟས་ན་མཚང་ཆེར་བྱེད། ཁ་ཅིག་ཚིག་མང་དུ་ཉན་ཅིང་ལུང་དམ་ཆོས་ཉན་ཀྱང་དེ་དག་ད་གདོད་ཉམས་སུ་ལེན་སྙམ་པ་མེད་པས་ཉམས་སུ་ལེན་འདོད་ཚེ་སྔར་ཀྱི་ཆོས་ཉན་པ་མཐོལ་བཤགས་བྱས་ནས། མི་ཤེས་པ་རི་ལ་ཚེ་བཏང་བ་གཅིག་གི་གང་ལབ་ཉན་པ་དང་ཐོས་བསམ་བྱེད་དུས་ཉམས་ལེན་ཡོད་པའི་གནད་ཡོད་ཚུལ་ལ་མི་མཁས་པས། ཐོས་བསམ་དུས་མྱོས་འགྱུར་ཆང་དང༌། དུས་མ་ཡིན་པའི་ཁ་ཟས་དང༌། བག་མེད་པའི་རྩེད་མོ་དང་གླུ་གར་འཐབ་རྩོད་གཡུལ་འགྱེད་སོགས་ལ་ཉེས་པ་མེད་པར་འདོད་ཅིང་སྨྲ་བ་དང༌། ཕལ་ཆེར་མདོ་སྔགས་ཚ་གྲང་ལྟར་ཕྱོགས་རེ་བ་ཡིན་པས་ཐོས་བསམ་གྱི་ཚེ་སྟོན་པའི་གསུང་རབ་མཐར་ཐུག་པ་གསང་སྔགས་ཀྱི་བསྐྱེད་རྫོགས་དང་ཆོ་ག་དོན་དུ་གཉེར་ན་བླ་མ་དང་གྲོགས་སོགས་ཀྱིས་འདི་ལྟ་བུ་དུས་མིན་དགོས་པ་ཆུང༌། ནམ་ཞིག་ཐོས་བསམ་སོགས་མི་ནུས་པའི་ཚེ་དེ་དག་བསླབ་ནས་གྲོང་དང་ཉེ་བའི་དགོན་པར་གཏོར་མ་དང་ཁྲུས་སོགས་ཀྱིས་ལྟོ་བཙལ་བའི་ཐབས་ཡིན་གྱི་ད་ལྟ་ཐོས་བསམ་གྱི་བར་ཆད་ཟེར་ཞིང་སྤོང༌། ཡང་ཁ་ཅིག །སྔགས་པར་ཁས་ལེན་པ་ཅིག་ཡིན་ན། མྱོས་འགྱུར་དང་ཕྱི་དྲོའི་ཟས་དང་ཕྱག་རྒྱ་སོགས་མ་སྤྱད་ན་དམ་ཚིག་ཉམས་ཟེར་ཚུལ་ཁྲིམས་འདོར་བར་མ་ཟད། གདུལ་བྱ་དུ་མའི་འདྲེན་པར་རློམ་པ། དུ་མས་བཀུར་བ་ཡིན་ཀྱང་ངུར་སྨིག་དང་བཅས་བཞིན་དུ་བུད་མེད་ཀྱི་ཚོགས་ཆེན་པོར་བབས་པ་ལ་རང་ཉིད་ཀྱང་ཡ་མི་ང་ཞིང༌། སུ་ཡང་སྨོད་པར་མི་བྱེད་ལ། ད་དུང་རབ་བྱུང་དང་བསྙེན་རྫོགས་སྒྲུབ་པར་བྱེད་དོ། །ཡང་ཐམས་ཅད་ཀྱིས་གསང་སྔགས་ལ་རྟོག་གེའི་དཔྱད་པ་བྱར་མེད་ཅེས་ཚིག་ཙམ་གྱིས་བླུན་པོའི་གང་ཤར་རེ་ལབ་པ་ལ་བླ་མའི་མན་ངག་མཐར་ཐུག་ཅེས་དཔྱད་པ་ཀུན་དོར་བས་གྲུབ་སྙིང་སོགས་ཀྱིས་ཕྱི་ནང་མཐའ་དག་གི་ལུགས་དཔྱད་པ་དང༌། རྒྱུད་འགྲེལ་གྲུབ་ཆེན་གྱིས་མཛད་པ་ལམ་ཐམས་ཅད་ཀྱི་མིང་ཙམ་ཡང་བསྣུབས་ནས་མ་ལུས་པར་བྱེད་དོ། །ཡང་ཁ་ཅིག །ཐོས་བསམ་སོགས་མེད་པས་སེམས་ཀྱི་ངོ་བོ་མཐོང་ཁུལ་གྱིས་དམ་ཚིག་ཐམས་ཅད་དོར་བ་དང༌། གསུང་རབ་མཐའ་དག་སྤོང་བ་དང༌། ལྷ་སྒོམ་སྔགས་བཟླས་སོགས་ཀྱང་སྤོང་བ་དཔའ་བོ་གཙུག་ལག་གི་རྟོགས་བརྗོད་ལྟ་བུ་དང༌། དེ་བཞིན་དུ་སློབ་གཉེར་ཡང་ཕྱོགས་རེ་བ་སྟེ་འདུལ་བ་སློབ་ན་ཚད་མ་དང་ཕར་ཕྱིན་སོགས་ལ་སྨོད་པ་རྣམ་ཐར་སོ་སོར་ཡོད་ཅིང༌། ཚུལ་ཁྲིམས་ལ་ཐོས་བསམ་སྒོམ་གསུམ་དགོས་པ་བསླབ་པ་གསུམ་གྱི་གྲངས་ངེས་དང་གོ་རིམ་གསུངས་པ་སོགས་ཀྱང་འབད་པས་འགོག །དེ་ཐམས་ཅད་ཀྱིས་ཀྱང་དམ་པའི་ཆོས་འདུལ་བའི་བསླབ་ཁྲིམས་རྣམ་པར་དག་པ་སྙིང་ཐག་པས་སུན་འབྱིན་པར་བྱེད་ཅིང༌། སྔོན་དུས་གྲྭ་ས་ཆེན་པོ་དག་གི་རབ་བྱུང་ཕལ་ཆེ་བས་ཀྱང་གདིང་ལྷུང་སོགས་ངོ་ཤེས་དཀའ་བར་ཡོད་ཅིང༌། བླ་གོས་མཐང་གོས་སྣམ་ཕྲན་གླེགས་བུ་སྦྱར་བ་སོགས་རྣ་བས་ཀྱང་མ་ཐོས་པས་མཁས་པ་གསུམ་གྱིས་གནམ་རྩིབ་སྟེང་དུ་ཆོས་གོས་གསུམ་གྱི་སྣམ་ཕྲན་དང་གླེགས་བུའི་དཔེ་ཙམ་མ་རྙེད་པ་ཐམས་ཅད་ལ་གྲགས་པ་དེ་ཡིན་ལ། ལུང་དོན་རིགས་པས་འབྱེད་པའི་མཐུ་མེད་པས་དཾཥྚ་སེ་ནས་བཤད་པའི་ལུང་ཙམ་ལ་བརྟེན་རྟག་བརྟན་ཐེར་ཟུག་གི་བདག་ལྟ་བ་མཐར་ཐུག་ཏུ་ཆེན་པོ་མང་པོས་སྨྲས་ཤིང༌། མདོར་ན་བསླབ་པ་གསུམ་གང་ཟག་གཅིག་གིས་ཡ་མ་བྲལ་བར་ཉམས་སུ་ལེན་པའི་གནད་ཡོངས་རྫོགས་ལྟ་ཅི། ཕྱོགས་འགྲོས་ཀྱང་མེད་པས་རྒྱལ་བའི་རང་ལུགས་ལྟར་ཉམས་སུ་ལེན་ཅིང་སྟོན་པས་དགྱེས་ཤིང༌བསྔགས་པ་དག་འོང་བའི་ལམ་ཀུན་དང་བྲལ་བར་མཐོང་བ་དེ་རྣམས་ཡིན་པའི་ཕྱིར། འདི་ནི་ཡེ་ཤེས་མཁའ་འགྲོ་མའི་ལུང་བསྟན་གཅོད་ཀྱི་རྣམ་བཤད་ཆེན་མོ་སོགས་ལས་རྒྱལ་ཁྲིམས་ཆོས་ཁྲིམས་གཉིས་ཀ་འཆུགས་ནས་མུན་པ་ལྟ་བུའི་དུས་བསྟན་པའི་སྣང་བྱེད་གཅིག་འབྱུང་གསུངས་བ་ལྟར་འཇམ་དཔལ་རྩ་རྒྱུད་ལས་ཀྱང་གསུངས་ཏེ། རྩ་རྒྱུད་ལས། དང་པོ་ཡི་གེ་བ་གྲགས་དང༌། །སྟོན་པའི་གཟུགས་བརྙན་དོན་ཡང་བྱེད། །བློ་ལྡན་དང་པོ་ཡི་གེ་མ། །དེ་བཞིན་སྡོམ་བརྩོན་དད་པ་འབྱུང༌། །རྣམ་པ་དུ་མ་སྡོམ་བརྩོན་གསུངས། །དེ་ཚེ་མཐའ་ཡས་འབྱུང་བར་འགྱུར། །སྡོམ་བརྩོན་ཐམས་ཅད་བསྒྲགས་པ་ཡང༌། །སྟོན་པའི་བསྟན་པ་གསལ་བྱེད་པའོ། །བསྟན་པ་དེ་ཚེ་ས་སྟེང་དུ། །རྣམ་པར་ཉམས་ཤིང་སྣང་མེད་ལ། །བསྟན་པའི་གཟུགས་བརྙན་ཡིད་དུ་འོང༌། །བྱེད་པར་འགྱུར་པ་ཐེ་ཚོམ་མེད། །ཐམས་ཅད་བྱང་ཆུབ་ལུང་བསྟན་ཏེ། །ང་ཡི་བྱང་ཆུབ་མཆོག་ཐོབ་འགྱུར། །དེ་བཞིན་འཇིག་རྟེན་སྦྱིན་གནས་འགྱུར། །སྲིད་པ་གསུམ་གྱི་མཐར་ཡང་བྱེད། །སྔགས་དང་རྒྱུད་ལ་མངོན་བརྩོན་པས། །གྲགས་པ་འཛིན་པར་ཤེས་པར་བྱ། །ཞེས་གསུངས་སོ། །དེའི་རྐང་བ་དང་པོ་གཉིས་ཀྱིས་མཚན་པ་དང་པོར་ཡོད་པས་སྟོན་པའི་སྐུ་གཉིས་ཀྱི་དོན་བྱེད་ཚུལ། དེ་ནས་གཉིས་ཀྱིས་མཚན་དང་པོ་བློ་ཞེས་པ་ལེགས་སྦྱར་གྱིས་མ་ཏི་ཟེར་བ་བློ་དང་ལྡན་ཅིང་དེ་བཞིན་སྡོམ་པ་ལ་བརྩོན་པར་དགའ་ཞིང་དད་པ་འབྱུང༌། །དེ་ནས་བཞིས་རྣམ་པ་ཐམས་ཅད་དུ་སྡོམ་པ་ལ་བརྩོན་པར་གསུངས་ཤིང༌། །དེའི་ཚེ་སྡོམ་བརྩོན་དགེ་འདུན་མཐའ་ཡས་དགེ་ལུགས་སོགས་ལ་འབྱུང་བར་འགྱུར་ལ། སྡོམ་བརྩོན་པར་གསུངས་ཡུལ་ཐམས་ཅད་ཀྱང་བསྟན་པའི་གསལ་བྱེད་རྐྱང་ཡིན། དེ་ནས་བཞིས་བསྟན་པ་དེ་དུས་ཆོས་ཀྱི་སྣང་བ་མེད་པའི་བསྟན་པའི་གཟུགས་བརྙན་ཡིད་དུ་འོང་བ་བྱེད་ཚུལ་དང༌། ལྷག་མས་བྱང་ཆུབ་ཐོབ་ཅིང་སྔགས་ཀྱི་རྒྱུད་དོན་སྟོན་པ་ལ་བརྩོན་པ་དང་མཚན་ཟུར་གྲགས་པ་འཛིན་པའོ། །ཞེས་དང༌། གཉིས་པ་ནི། ཤིང་རྟ་ཆེན་པོའི་ལམ་འདི་བཤད་པ་ལ། །བདག་གི་ཡིད་ནི་ཀུན་ནས་སྤྲོ་བར་གྱུར། །ཞེས་བྱུང༌། དེང་དུས་བོད་འདིར་ཁ་ཅིག་རྗེ་བཙུན་བྱམས་པའང་འགོག་ཟེར་ཞིང་ཕལ་ཆེར་འཕགས་ཡུལ་གྱི་ཀླུ་སྒྲུབ་ཟླ་གྲགས་སོགས་རང་དང་མི་མཐུན་པ་འགོག་ཅིང༌། མདོ་བསྟན་བཅོས་རྒྱུད་སྡེ་གཅིག་དང་མི་མཐུན་པ་སྔར་བཤད་པ་ལྟ་བུ་ཡིན་པས་ལམ་གྱི་ངོ་བོ་མིན་ལ། གཞན་དག་གི་ལམ་གྱི་ཆ་ཤས་ལུས་ལ་འཆད་པའི་སེམས་གནས་དང་སྟོང་རྐྱང་དང་སྡུག་བསྔལ་གྱི་སྡུག་བསྔལ་ཙམ་རེ་ལ་དམིགས་པའི་སྙིང་རྗེ་ཡིན་ཀྱང་ལམ་གྱི་ཆའམ་གྲངས་མ་ཚང་བ་ལྷུར་བྱེད་པས། ལམ་གྱི་ལུས་ཡོངས་རྫོགས་ལ་མཁས་པ་རྣམས་དགྱེས་པའི་ལམ་གྱི་གཙོ་བོ་ངེས་འབྱུང་དང་ཐེག་ཆེན་གྱི་ལམ་གྱི་གཞུང་ཤིང་བྱང་ཆུབ་ཀྱི་སེམས་དང༌། མངོན་རྟོགས་རྒྱན་ལས། ཤེས་པས་སྲིད་ལ་མི་གནས་ཤིང༌། །རྙིང་རྗེས་ཞི་ལ་མི་གནས་དང༌། །ཞེས་གསུངས་པ་ལྟར་གྱི་སྲིད་མཐའ་འགོག་བྱེད་སྟོང་ཉིད་རྟོགས་པའི་ཤེས་རབ་སྐྱེད་པའི་ཐབས་ཐོས་བསམ་དང་རྟོགས་དཔྱོད་ལ་འབད་པའི་གནད་འགག་མ་ཚང་ཞིང་དེ་དང་བྲལ་བར་མཐོང་ནས་ཤིང་རྟ་ཆེན་པོ་གཉིས་ཀྱི་གདམས་པའི་ལམ་འདི་ལུང་རིགས་དུ་མས་བཤད་ན་ཅི་མ་རུང་སྙམ་པའི་ཐུགས་རྗེས་བདག་ཉིད་ཀུན་ནས་སྤྲོ་བར་གྱུར་བ་ཡིན་ཏེ། ཆོས་རྣམས་ཀྱི་གནས་ལུགས་མ་རྟོགས་པར་མི་གྲོལ་ཞིང༌། དེ་རྟོགས་པའི་ཐབས་དྲང་ངེས་སྣ་ཚོགས་གསུངས་པའི་དོན་འབྱེད་པ་སངས་རྒྱས་ཀྱིས་ལུང་བསྟན་པའི་ཤིང་རྟ་ཆེན་པོའི་རིགས་པ་ལ་རག་ལས་ཤིང༌། རིགས་པ་དེ་ཡང་ཐོས་བསམ་དང་རྟོགས་དཔྱོད་ཀྱིས་ལེགས་པར་བརྟགས་དགོས་ཀྱི། སངས་རྒྱས་ལ་དད་ཙམ་གྱིས་ཅི་དགར་མི་རུང་བའི་ཕྱིར། བཅོམ་ལྡན་འདས་ཀྱིས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླངས་པར་བྱ་ཡིས་གུས་ཕྱིར་མིན། །ཞེས་གསུངས་པའི་ཕྱིར་དང༌། སངས་རྒྱས་ཀྱིས་ཀྱང་ཤིང་རྟ་ཆེན་པོས་དྲང་ངེས་འབྱེད་པར་ལུང་བསྟན་པའི་དགོས་པ་ཡོད་པའི་ཕྱིར། ལེགས་བཤད་སྙིང་པོ་ལས་ཀྱང༌། དེའི་ཕྱིར་གསུང་རབ་ཀྱི་དྲང་ངེས་འབྱེད་པར་ལུང་བསྟན་པའི་ཤིང་རྟ་ཆེན་པོ་དག་གིས་དྲང་ངེས་ཀྱི་དགོངས་པ་བཀྲལ་ཞིང༌། ཞེས་བ་ནས། རིགས་པས་གཏན་ལ་ཕབ་པ་གཅིག་གི་རྗེས་སུ་འབྲངས་ནས་དགོངས་པ་ཚོལ་དགོས་པས་མཐར་གཏུགས་ན་དྲི་མ་མེད་པའི་རིགས་པ་ཉིད་ཀྱིས་དབྱེ་དགོས་ཏེ། རིགས་པ་དང་འགལ་པའི་གྲུབ་མཐའ་ཁས་ལེན་ན་སྨྲ་བ་པོ་ཚད་མའི་སྐྱེས་བུར་མི་རུང་བའི་ཕྱིར། དངོས་པོའི་དེ་ཁོ་ན་ཉིད་ཀྱང་འཐད་པས་སྒྲུབ་པའི་རིགས་པའི་སྒྲུབ་བྱེད་དང་ལྡན་པའི་ཕྱིར་རོ། །ཞེས་སོ། །དེས་ན་སྤྱིར་ལུང་བསྟན་པའི་བསྟན་འཛིན་མཐའ་ཡས་ཏེ། ལུང་བསྟན་ནས་སྔར་བྱུང་བ་འདུལ་བ་ཕྲན་ཚེགས་ལས། འོད་སྲུང་ཀུན་དགའ་ཤཱ་ནའི་གོས་ཅན་དང༌། །ཉེར་སྦས་དྷི་དྷི་ཀ་དང་ནག་པོ་དང༌། །ལེགས་མཐོང་ཆེན་པོ་བསྟན་པའི་གཏད་རབས་བདུན། །ཞེས་དང༌། ལང་གཤེགས་ལས། བདེར་གཤེགས་མྱ་ངན་འདས་དུས་ནི། །ཡང་དག་བསྟན་པ་སུ་ཞིག་འཛིན། །ཞེས་སོགས་ཀྱི་འགྲེལ་པ་ལས་ཐུབ་པ་ནས་དྷི་དྷི་ཀའི་བར་ལུང་དང་འདྲ་ལ། དེས་བི་བྷ་ན་ལ། དེས་བཙུན་པ་བུདྷ་ན་དི་ལ། དེས་བུ་དྷ་མེ་ཏ་ལ། དེས་སློབ་མ་དགེ་སློང་རྩིབ་ལ། དེས་བུ་ན་ཤ་ད་ལ། དེས་རྟ་སྐད་ལ། དེས་མ་ཤི་བ་ལ། དེས་ཀླུ་སྒྲུབ་ལ། དེས་ཨརྱ་དེ་བ་ལ། དེས་ར་ཧུ་ལ་ལ། དེས་སམ་གྷ་ནན་དི་ལ། དེས་དགེ་སློང་དགྲ་བཅོམ་ལ། དེས་ཀུ་མར་ཏ་ལ། དེས་ཤ་ཡ་ཏ་ལ། དེས་བ་སུ་བ་ན་དུ་ལ། དེས་མ་ནུ་ཏ་ལ། དེས་ཧ་ཀ་ལི་ཀ་ན་ཡ་ན་ཤ་ལ། དེས་དགེ་སློང་སེངྒེ་ལ་གཏད་པར་བཤད་ལ། དུས་འཁོར་རྒྱུད་ཕྱི་མ་ལས། དགེ་སློང་ཀླུ་སྒྲུབ་ཅེས་བྱ་མ་ལུས་ཡོན་ཏན་འབྱུང་ཁུངས་སེམས་ཅན་ཀུན་ལ་ཕན་འདོགས་པས། སློབ་དཔོན་བློ་བརྟན་ཞེས་བྱ་གཅོད་བྱེད་ཚེ་ཡི་གྲུབ་པ་སྟོང་ཕྲག་བཅུ་དང་བཅས་བ་རྣམས། དགེ་བཅུའི་ལམ་གྱིས་སྲུང་བར་གྱུར་བ་འཕགས་པ་ལྷ་དང་ལྭ་བའི་ན་བཟའ་རྟ་དབྱངས་དང༌། །ཕྱོགས་ཀྱི་གླང་བོ་གཞན་ལ་ཕན་པའི་བསམ་པ་བཙུན་པ་ཟླ་བ་པདྨའི་མྱུ་གུ་ཞེས། །བང་གོ་ས་ལ་རྟོག་པའི་རྒྱལ་བོ་མ་ལུས་ནག་བོ་རྒྱལ་པོ་ཨིནྡྲ་བྷུ་ཏི་དང༌། །ཡེ་ཤེས་མིང་ཅན་རྡོ་རྗེ་དྲིལ་བུ་ལག་གདུབ་དག་ཀྱང་དེ་བཞིན་ཐོད་པར་ཆང་འཐུང་ཞིང༌། །ཁ་ཊཱཾ་ག་དང་རུས་པའི་རྒྱན་ཆ་ཆང་སྣོད་ཅང་ཏེའུ་སྟེར་བ་ནག་པོའི་མིང་ཅན་ནོ། །ཞེས་དང༌། མགོན་པོ་མངོན་འབྱུང་གི་རྒྱུད་ལས་ཀྱང༌། ཉ་བ་གཅིག་ཉ་ཡིས་ཟོས་ནས་ཤི་བ་དང་དེ་རྣལ་འབྱོར་བ་དཱ་རི་ཀ་བ་ཞེས་བར་གྱུར་བ་དེས་ཆུ་བོ་གངྒཱ་ལ་ཆང་འཕངས་པས་ཆུ་ཚོད་གཅིག་ན་ཡུལ་བ་ཏ་ཏ་ཞེས་བར་འགྱུར་རོ། །དེའི་སྔགས་ཀྱི་འབྲས་བུས་མཁའ་འགྲོ་དང་མཁའ་འགྲོ་མ་རྣམས་འཆིང་ངོ༌། །ཞེས་དང༌། ཡུལ་ཨུ་རུ་པི་ས་དེར་སྐྱེས་བུ་བརྩོན་འགྲུས་ཆེན་པོའི་སྦྱོར་བ་དང་ལྡན་པ། ར་མ་ནའི་བཀའ་དང་མཚུངས་པ། སྡེ་ཚན་དང་པོའི་དང་པོ་ཀ་ལ་དབྱངས་ཡིག་དང་པོས་བརྒྱན་པ། སྡེ་ཚན་བདུན་པའི་བཞི་པ་ཅུང་ཟད་ན་ལ་ཞོན་པའི་མིང་ཅན་རྣལ་འབྱོར་དབང་པོ་གཅིག་པོ་འདིས་དངོས་གྲུབ་ཆེན་པོ་བརྒྱད་ཐོབ་པ་འབྱུང་དེ། ཞེས་གསུངས་པས་ཀརྣ་བ་སྟེ་ནག་པོ་སྤྱོད་པ་ལུང་བསྟན་ཅིང༌། རྒྱུད་དེ་ལས། དེའི་སློབ་མ་རྣལ་འབྱོར་བ་དྲུག་གིས་ལུས་དངོས་པོ་སྤང་པའི་ཕྱག་རྒྱ་ཆེན་པོ་ཐོབ་པར་འགྱུར། ཞེས་དང༌། ཡང་རྒྱུད་དེ་ལས། པཎྜི་ཏ་རྣམས་ཀྱི་གཙོ་བོར་གྱུར་བ་ཆོས་ཀྱི་གྲགས་པ་འདི་དང་སྐྱེས་བུ་དྲུག་བསྟན་པ་ལ་ཕན་པ་ཚངས་བར་སྤྱོད་པར་གནས་པ་རྣམས་ཀྱིས་གྲུབ་པ་ཐོབ་བོ། །ཞེས་སོགས་དུ་མ་ལུང་བསྟན་པ་རྣམས་དང༌། འཕགས་པའི་གནས་བརྟན་བཅུ་དྲུག་འཁོར་དགྲ་བཅོམ་ཁྲི་དང་དྲུག་སྟོང་བཞི་བརྒྱར་བཅས་པ་དག་གིས་བསྟན་པ་སྤེལ་ལ། ཁྱད་པར་དུ་ཀླུ་སྒྲུབ་ཀྱིས་ངེས་དོན་འབྱེད་ཅིང་ལོ་དྲུག་བརྒྱར་བཞུགས་པར་བཤད་དེ། ལང་གཤེགས་ལས། ལྷོ་ཕྱོགས་བེ་ཏའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཞེས་གྲགས་པ། །དེ་མིང་ཀླུ་ཞེས་འབོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་པ། །ང་ཡི་ཐེག་པ་འཇིག་རྟེན་དུ། །བླ་མེད་ཐེག་ཆེན་རབ་བཤད་ནས། །རབ་ཏུ་དགའ་བའི་ས་སྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོའོ། །ཞེས་དང༌། འཇམ་དཔལ་རྩ་རྒྱུད་ལས། དེ་བཞིན་གཤེགས་པ་ང་འདས་ནས། །ལོ་ནི་བཞི་བརྒྱ་ལོན་པ་ན། །དགེ་སློང་ཀླུ་ཞེས་དེ་འབོད་འབྱུང༌། །བསྟན་པ་ལ་ནི་དད་ཅིང་ཕན། །རབ་ཏུ་དགའ་བའི་ས་ཐོབ་པ། །ལོ་ནི་དྲུག་བརྒྱ་དག་ཏུ་འཚོ། །རིག་པ་རྨ་བྱ་ཆེན་མོ་ནི། །བདག་ཉིད་ཆེན་པོ་དེས་ཀྱང་གྲུབ། །བསྟན་བཅོས་སྣ་ཚོགས་དོན་དང་ནི། །དངོས་པོ་མེད་པའི་དོན་དེ་རིག །གང་ཚེ་ལུས་དེ་བོར་བ་ན། །བདེ་བ་ཅན་དུ་སྐྱེ་བར་འགྱུར། །དེ་ནི་མཐར་གྱིས་སངས་རྒྱས་ཉིད། །ངེས་པ་ཁོ་ནར་ཡང་དག་ཐོབ། །ཅེས་དང༌། སྤྲིན་ཆེན་པོ་སྟོང་ཕྲག་བཅུ་གཉིས་པ་ལས་ཀྱང་དེ་ལྟར་ལུང་བསྟན་ལ། སློབ་དཔོན་ཐོགས་མེད་ཀྱིས་ཀྱང་དྲང་ངེས་སྣ་ཚོགས་གསུངས་པ་དང་བསྟན་པ་རིང་དུ་གནས་པའི་ཆེད་དུ་མདོའི་དོན་སྡུད་བྱེད་ཅིང་ལོ་བརྒྱ་དང་ལྔ་བཅུར་བཞུགས་པ་དང་མཐར་སངས་རྒྱ་བར་བཤད་དེ། འཇམ་དཔལ་རྩ་རྒྱུད་ལས། ཐོགས་མེད་ཅེས་བྱའི་དགེ་སློང་ནི། །བསྟན་བཅོས་དེ་ནི་དོན་ལ་མཁས། །མདོ་སྡེ་ངེས་དོན་དྲང་བའི་དོན། །རྣམ་པ་མང་པོ་རབ་ཏུ་འབྱེད། །འཇིག་རྟེན་རིགས་པ་སྟོན་བདག་ཉིད། །གཞུང་འབྱེད་ངང་ཚུལ་ཅན་དུ་འགྱུར། །དེ་ཡི་རིག་པ་གྲུབ་པ་འདི། །ས་ལའི་ཕོ་ཉ་མོ་ཞེས་བརྗོད། །དེ་ཡི་སྔགས་ཀྱི་མཐུ་ཡིས་ནི། །བློ་ནི་བཟང་པོ་སྐྱེ་བར་འགྱུར། །བསྟན་པ་ཡུན་རིང་གནས་པའི་ཕྱིར། །མདོ་ཡི་དེ་ཉིད་དོན་སྡུད་བྱེད། །ལོ་ནི་བརྒྱ་དང་ལྔ་བཅུར་འཚོ། །དེ་ལུས་ཞིག་ནས་ལྷ་ཡུལ་འགྲོ། །འཁོར་བ་རྣམས་སུ་འཁོར་བ་ན། །ཡུན་རིང་བདེ་བ་རྗེས་མྱོང་ནས། །བདག་ཉིད་ཆེན་པོ་མཐར་གྱིས་ཏེ། །བྱང་ཆུབ་ཐོབ་པར་འགྱུར་བ་ཡིན། །ཞེས་གསུངས་ཤིང༌། མདོ་སྡེ་ངེས་དོན་རྒྱུད་བླ་མ་དང་གཟུངས་རྒྱལ་གྱི་མདོ་དོན་བཤད་ཚུལ་དབུ་མ་ཐལ་འགྱུར་པར་གནས་པ་དང༌། དྲང་དོན་དགོངས་འགྲེལ་ལྟར་ས་སྡེར་བཀྲལ་བ་དང༌། མདོ་ཡི་དོན་བསྡུ་ནི་གཞི་བསྡུ་བ། གཏན་ལ་དབབ་པ་བསྡུ་བ། རྣམ་གྲངས་བསྡུ་བ་རྣམས་ཡིན་པས་སེམས་ཙམ་པར་མ་ཟད་དབུ་མའི་དོན་ཡང་བཀྲལ་ལོ། །དེ་ཙམ་དུ་མ་ཟད་རྒྱལ་བའི་བསྟན་པ་འདི་ལ་དུས་ཀྱི་མཐའི་བར་དུ་རྣམ་པ་ཤིན་ཏུ་མང་པའི་དགེ་སློང་མཁས་པ་ཤེས་རབ་ལྡན་ཞིང་ཆོས་ཚུལ་བཞིན་དུ་སྤྱོད་པ་མང་པོས་ཤིང་རྟ་ཆེན་པོ་དེ་གཉིས་ཀྱི་བཤད་པ་དེ་ལྟར་འཛིན་སྤེལ་བྱེད་པར་བཤད་པའི་ཕྱིར། དཔེར་ན་སྔོན་ནས་ད་ལྟའི་བར་གྱི་རྒྱ་བོད་ཀྱི་མཁས་པ་ཆེན་པོ་མང་དུ་བྱུང་བ་བཞིན་ནོ། །དེ་མ་ཐག་འཇམ་དཔལ་རྩ་རྒྱུད་ལས། དེ་ལྟར་རྣམ་པ་མང་པོ་ཡི། །ང་ཡི་བསྟན་ལ་དགེ་སློང་རྣམས། །ཤེས་རབ་ལྡན་ཞིང་ཆོས་ཀྱང་སྤྱོད། །དུས་ཀྱི་མཐའ་ལ་དེ་ཚེ་འབྱུང༌། །ཞེས་གསུངས་ཤིང༌། ཀླུ་སྒྲུབ་ཡབ་སྲས་རྗེས་སུ་བསྟན་པ་གཏད་པར་བཤད་པའི་དགེ་སློང་དགྲ་བཅོམ་ཞེས་པས་བུམ་བཟང་གྲུབ་པ་མ་སྲུངས་པས། བགེགས་བཙུག་སྤྱོད་ཀྱིས་ཁྱེར་བ་ཁྲོས་ནས། ཧཱུཾ་གཅིག་གིས་ཚངས་པ་བརྒྱ་བྱིན་སོགས་བཀུགས་ནས་སྐྲག་ཅིང་ཉམས་ཐག་པར་བཤད་དེ། རྩ་རྒྱུད་ལས། ཕྱི་མ་དེ་ཚེ་དུས་དག་ཏུ། །དགེ་སློང་དགྲ་བཅོམ་ཞེས་བྱ་བ། །དེ་ནི་སྔགས་དོན་བདག་ཉིད་ལྡན། །རྒྱུད་ཤེས་དེ་བཞིན་མང་དུ་ཐོས། །ཞེས་པ་ནས། སྐད་ཅིག་དྲན་པ་ཙམ་གྱིས་ནི། །སྡོམ་བརྩོན་དེ་ནི་ལས་མྱུར་བྱེད། །ཡི་གེ་ཧཱུཾ་གི་སྔགས་གཅིག་གིས། །ཚངས་སོགས་ས་སྟེང་འདྲེན་པར་བྱེད། །ལྷ་རྣམས་མ་ལུས་རབ་བཀུག་པ། །ཚངས་སོགས་བརྒྱ་བྱིན་དང་ཡང་བཅས། །ཧ་ཧ་ཞེས་བྱའི་སྒྲ་འདོན་ཅིང༌། །ཉམས་ཐག་འཇིག་པའི་སྒྲ་ཡང་སྒྲོག །ཅེས་སོགས་བྱུང༌། དེ་བཞིན་དུ་དུ་མ་བསྟན་ཏེ་ཡི་གེ་མང་དོགས་ལ་དེ་ལྟར་བཤད་པས་འདིར་མདོ་སྔགས་ལ་འདི་དག་གི་གཞུང་ཚད་མར་ཤེས་པའི་ཆེད་དུ་ལུང་གི་ཐོ་ཙམ་བྲིས་སོ། །
གསུམ་པ་སྐལ་ལྡན་མཁས་པ་རྣམས་ལ་ཉན་པར་བསྐུལ་བ་ནི། གང་དག་ཕྱོགས་འཛིན་མུན་པས་མ་བསྒྲིབས་ལ། །ལེགས་ཉེས་འབྱེད་པའི་བློ་ཡི་མཐུ་ལྡན་ཞིང༌། །དལ་བའི་རྟེན་བཟང་དོན་ལྡན་བྱེད་འདོད་པའི། །སྐལ་ལྡན་དེ་རྣམས་རྩེ་གཅིག་བསྒྲིམས་ཏེ་ཉོན། །ཞེས་བྱུང༌། སྐྱེ་བོ་གང་ཞིག་ཆོས་ཀྱི་དོན་རྟོགས་འདོད་ན་ཕྱོགས་ལྷུང་དོར་ནས་གཟུར་གནས་དང༌། ལེགས་ཉེས་འབྱེད་པའི་བློ་གྲོས་དང༌། ཆོས་ལ་དོན་གཉེར་ཆེ་བ་དང༌། གུས་པའི་དད་པ་བཞི་དགོས་ཏེ། རང་ཕྱོགས་ལ་ཆགས་པ་དང་གཞན་གྱི་ཕྱོགས་ལ་སྡང་བ་ཡོད་ན་དེས་མུན་པ་བཞིན་དོན་མཐོང་བ་ལ་སྒྲིབ་པས་ན་དེས་མ་བསྒྲིབས་པ་དང༌། ཕྱོགས་ལྷུང་མེད་ཀྱང་ཤེས་རབ་མེད་ན་འདི་ལེགས་པ་དང་འདི་ཉེས་པ་ཞེས་སོ་སོར་འབྱེད་མི་ནུས་པས། སྐྱེས་ཐོབ་དང་སྦྱངས་སྟོབས་གང་རུང་གིས་ལེགས་བཤད་ལ་ལེགས་བཤད་དུ་ཤེས་ཤིང༌། ཉེས་བཤད་ལའང་དེར་ཤེས་པའི་བློ་གྲོས་ཀྱི་མཐུ་དང་ལྡན་ཞིང༌། མི་ཁོམས་པ་བརྒྱད་དང་བྲལ་བའི་དལ་བའི་རྟེན་བཟང་པོ་དོན་ཆེན་པོ་དང་ལྡན་པར་བྱེད་འདོད་པ་དང༌། དེ་འདྲའི་སྐལ་ལྡན་ཡིན་ཀྱང་སེམས་རྩེ་གཅིག་པ་སྟེ་དམིགས་པ་གཅིག་ལ་བསྒྲིམས་ནས་འཆད་འགྱུར་ལྟར་ཉན་དགོས་པའི་ཕྱིར།
ཁྱད་པར་དང་པོ་ཡིན་ཏེ། དབུ་མ་སྙིང་པོ་ལས། ཕྱོགས་སུ་ལྷུང་བས་ཡིད་གདུངས་པས། །ཞི་བ་ནམ་ཡང་རྟོགས་མི་འགྱུར། །ཞེས་དང༌། དེའི་འགྲེལ་བ་རྟོག་གེ་འབར་བ་ལས། གང་གི་ཕྱིར་འཇིག་རྟེན་ནི་ཕལ་ཆེར་ཕྱོགས་སུ་ལྷུང་བས་སེམས་ཀྱི་རྒྱུད་གསུངས་པས་ལེགས་པར་གཟུངས་བ་ལ་དམ་དུ་ཉེ་བར་འཛིན་པ་ཡིན་པས་དེ་དག་གིས་ནི་ནམ་ཡང་ཞི་བ་རྟོགས་པར་མི་འགྱུར་པའི་ཕྱིར་རོ། །ཞེས་གསུངས་སོ། །
ཁྱད་པར་གཉིས་པ་ཡིན་ཏེ། དབུ་མ་སྙིང་བོ་ལས། གང་ལ་ཤེས་པའི་མིག་ཡོད་པ། དེ་ལ་མིག་ཡོད་གཞན་མ་ཡིན། །ཞེས་དང༌། དེའི་འགྲེལ་བ་ལས། ཤེས་པའི་ངོ་བོ་ཉིད་ནི་མིག་ཡིན་ཏེ། འདས་པ་དང༌། མ་འོངས་པ་དང༌། ད་ལྟར་དང༌། ཐག་རིང་བ་དང༌། ཉེ་བ་དང༌། རགས་པ་དང༌། ཆ་ཕྲ་པའི་དངོས་བོ་དག་ལ་ཐོགས་པ་མེད་པར་འཇུག་པའི་ཕྱིར་རོ། །གང་ལ་ཤེས་པའི་མིག་དེ་ཡོད་པ་དེ་ལ་ནི་མིག་ཡོད་པ་ཡིན་ནོ། །གཞན་མ་ཡིན་ཞེས་བྱ་བ་ནི། ཤའི་མིག་ཧ་ཅང་ཉེ་བ་དང༌། རིང་པ་དང༌། དབང་པོ་ལས་འདས་པ་ལ་སོགས་པའི་དངོས་བོ་དག་ལ་ལོང་བ་དང་འདྲ་བས་དེ་ཡོད་དུ་ཟིན་ཀྱང་ཅི་ལ་ཡང་མི་ཕན་པས། དེ་ཡོད་དུ་ཟིན་ཀྱང་མིག་དང་མི་ལྡན་ནོ། །ཞེས་སོ། །
ཁྱད་པར་གསུམ་པ་ཡིན་ཏེ། ཆོས་བྱེད་པ་ལ་མི་ཁོམས་པ་སྤང་དགོས་ཤིང་དེ་རྙེད་དཀའ་བའི་ཕྱིར་ཏེ། ཇོ་བོ་ལྷ་ཅིག་གི་ཐེག་ཆེན་སྒྲུབ་ཐབས་ལས། སངས་རྒྱས་འབྱུང་དང་དགེ་སློང་དང༌། །མི་ལུས་རྙེད་དཀའ་རྙེད་གྱུར་ཅིང༌། །དགེ་བཤེས་འཕྲད་དཀའ་འཕྲད་གྱུར་ནས། །དོན་མེད་པར་ནི་མ་བྱེད་གསུངས། །ཞེས་སོ། །
ཁྱད་པར་བཞི་བ་ཡིན་ཏེ། དེ་ལྟར་ཤིན་ཏུ་རྙེད་དུས་ཚིགས་བཅད་གཉིས་ཀྱི་ཚིག་གམ་དོན་བཟུང་ན་ཡང་ཕན་ཡོན་བཅུ་ཐོབ་ཅིང་མཐར་བྱང་ཆུབ་ཐོབ་པར་བཤད་པའི་ཕྱིར། མདོ་སྡེ་རྒྱན་ལས། གང་ཞིག་ཚིག་གམ་དོན་སྒོ་ནས། །ཚིགས་བཅད་གཉིས་འཛིན་རབ་སྦྱོར་བ། །སེམས་ཅན་བློ་ལྡན་མཆོག་དེ་ཡིས། །ཡོན་ཏན་རྣམ་བཅུ་ཐོབ་འགྱུར་ཏེ། །ཁམས་ནི་ཟད་པར་རྟས་པ་དང༌། །འཆི་བའི་ཚེ་ན་རབ་དགའ་མཆོག །ཅི་ལྟར་འདོད་པར་སྐྱེ་བ་དང༌། །ཀུན་ཏུ་ཚེ་རབས་དྲན་པ་དང༌། །སངས་རྒྱས་རྣམས་དང་འཕྲད་པ་དང༌། །དེ་ལས་ཐེག་མཆོག་ཐོས་པ་དང༌། །མོས་པ་བློ་དང་བཅས་པ་དང༌། །སྒོ་གཉིས་བྱང་ཆུབ་མྱུར་ཐོབ་པའོ། །ཞེས་གསུངས་པས། ཆོས་འཛིན་པ་དང་ཉན་བཤད་གསུམ་གའི་ཕན་ཡོན་ཡོད་ལ་དེས་ན་འབད་རིགས་པར། །རྒྱ་ཆེ་རོལ་བ་ལས། མི་དང་སངས་རྒྱས་འབྱུང་རྙེད་དཀའ། །དད་པའང་ཤིན་ཏུ་རྙེད་པར་དཀའ། །མི་ཁོམས་བརྒྱད་སྤངས་རྙེད་པར་དཀའ། །ཆོས་ཉན་པ་ནི་གཙོ་བོ་ཡིན། །སངས་རྒྱས་འབྱུང་དང་དལ་བ་དང༌། །དད་དང་ཆོས་ཉན་དམ་པ་དང༌། །དེ་དག་ཐམས་ཅད་དེ་རྙེད་ཀྱིས། །བག་མེད་མ་ལུས་རྣམ་པར་སྤོངས། །ཞེས་གསུངས་ཏེ་རྒྱས་བར་འོག་ཏུ་འཆད་དོ། །
སྨྲས་པ། རྒས་པའི་དགུན་གྱི་གྲང་བའི་རེག་བྱ་དེས། །མང་ཐོས་དཔྱིད་ཀྱི་ལང་ཚོ་རྒྱས་པ་ཟོས། །ཐོས་བསམ་སྒོམ་པའི་པདྨ་ཀུ་མུད་ཚལ། །ཉིན་མཚན་རེས་ཀྱིས་བཞད་ལ་བྲེལ་ལམ་སྙམ། །མ་རིག་མཚན་དུས་རང་མདོག་མ་བཏང་ཡང༌། །བློ་གྲོས་བདུད་རྩིའི་འོད་ཟེར་སྟོང་བཞད་པས། །ལེགས་བཤད་རྒྱུ་སྐར་གྲངས་ཀྱི་རྗེས་སོང་པར། །སྟོད་སྐད་སྟོན་གྱི་ལང་ཚོའི་དྲེགས་པ་འཛིན། །ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །
གཉིས་པ་གཞུང་གི་དོན་ལ་མཚམས་སྦྱར་བ་དང༌། གཞུང་དངོས་བཤད་པ་གཉིས། དང་པོ་ལ་བཤད་བྱའི་ཆོས་ཀྱི་མིང་དོན་ངོས་བཟུངས་པ་དང༌། འཕགས་ཡུལ་གྱི་འཆད་ཚུལ་གྱི་རྣམ་གྲངས་འགོད་པ་དང༌། གང་གི་རྗེས་སུ་འབྲངས་བསྟན་པ་གསུམ་ལས། དང་པོ་ནི། འདིར་རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་གནད་བསྡུས་པ། ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀྱི་ལམ་སྲོལ། རྣམ་པ་ཐམས་ཅད་མཁྱེན་པའི་སར་འགྲོ་བའི་སྐྱེ་བོ་མཆོག་གི་ཆོས་ལུགས། སྐྱེས་བུ་གསུམ་གྱིས་ཉམས་སུ་བླང་བའི་རིམ་པ་ཐམས་ཅད་མ་ཚང་བ་མེད་པར་བསྡུས་པ། བྱང་ཆུབ་ལམ་གྱི་རིམ་པའི་སྒོ་ནས་སྐལ་བ་དང་ལྡན་པ་སངས་རྒྱས་ཀྱི་སར་འཁྲིད་པའི་ཚུལ་ནི་གང་བཤད་པར་བྱ་བའི་ཆོས་སོ། །ཞེས་བྱུང༌། ཐོག་མར་བཤད་བྱའི་ཆོས་ངོས་བཟུངས་པ་ནི། སྔ་མ་ཁ་ཅིག་བསྟན་པའི་སྲོལ་ཀ་དང༌། ལ་ལས་བསྟན་རིམ་དང༌། གཞན་དག་གིས་ལམ་མཆོག་སོགས་སྣ་ཚོགས་རེ་བཏགས་ཤིང་དེ་ཁོ་ན་ཟེར་བ་དག་གིས་མིང་དོན་ལ་འཁྲུལ་བ་སེལ་པའི་ཆེད་ཡིན་ཏེ། ལམ་རིམ་འདི་མདོ་ཁོ་ན་ལས་སྔགས་མི་སྟོན་སྙམ་པ་སེལ་ཆེད་དུ་རྒྱལ་བའི་གསུང་རབ་མདོ་སྔགས་ཐམས་ཅད་ཀྱི་གནད་དམ་སྙིང་པོ་མཐའ་དག་ཚང་བར་བསྡུས་པར་བཤད་པ་ཇོ་བོ་ལྷ་ཅིག་གི་དགོངས་པ་ཡིན་ཏེ། འདི་མདོ་སྔགས་གཉིས་ཀ་གང་ཟག་གཅིག་གིས་སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་ཚུལ་སྟོན་པའི་ཕྱིར། ཕན་ཡོན་ཡང་དེ་དག་ཐམས་ཅད་བཤད་པའི་ཕན་ཡོན་འོངས་པའི་ཕྱིར་རོ། །ཇོ་བོས་སྤྱོད་བསྡུས་ལས། གསང་སྔགས་ཕ་རོལ་ཕྱིན་པ་ལ། །བརྟེན་ནས་བྱང་ཆུབ་བསྒྲུབ་བོ་ཞེས། །བླ་མ་སངས་རྒྱས་གསུངས་པས་ན། །དེ་དོན་བདག་གིས་བྲི་བར་བྱ། །ཞེས་དང༌། ལམ་སྒྲོན་ལས་ཀྱང༌། གནས་བརྟན་མར་མེ་མཛད་དཔལ་ཀྱིས། །མདོ་སོགས་ཆོས་ལས་བཤད་མཐོང་བ། །བྱང་ཆུབ་འོད་ཀྱིས་གསོལ་བཏབ་ནས། །བྱང་ཆུབ་ལམ་བཤད་མདོར་བསྡུས་བྱས། །ཞེས་གསུངས་པའི་ཕྱིར་དང༌། རྗེ་རིན་པོ་ཆེས་ཉམས་མགུར་ལས་ཀྱང༌། གསུང་རབ་ཀུན་གྱི་སྙིང་པོ་བསྡུ་བསྡུ་བ། །ཚུལ་འདི་ཐུན་རེ་སྟོན་དང་ཉན་པས་ཀྱང༌། །དམ་ཆོས་འཆད་དང་ཐོས་པའི་ཕན་ཡོན་ཚོགས། །རླབས་ཆེན་སྡུད་པར་ངེས་པས་དེ་དོན་བསམ། །ཞེས་གསུངས་པའི་ཕྱིར། དེ་ཡང་དབུ་སེམས་ཀྱི་དྲང་ངེས་སྟེང་ནས་འཛམ་བུའི་གླིང་གི་གསུང་རབ་ཐམས་ཅད་ཀྱི་དྲང་ངེས་དངོས་ཤུགས་ཅི་རིགས་ལ་འབྱེད་པའི་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀྱི་ལམ་སྲོལ། རྣམ་པ་ཐམས་ཅད་མཁྱེན་པའི་ས་སྟེ་སངས་རྒྱས་ཀྱི་སར་འགྲོ་བའི་དུས་གསུམ་གྱི་སྐྱེ་བོ་མཆོག་གི་ཆ་ཚང་བའི་ཐབས་ཤེས་གཉིས་ཀྱིས་མཐའ་སྤོངས་པའི་ཆོས་ལུགས་སམ་ཚུལ་ཡིན་ཏེ། ཤིང་རྟ་ཆེན་པོའི་གསུང་ལྟར་ཐབས་ཤེས་ཆ་ཚང་བ་དགོས་ཀྱི། རེ་རེས་མི་འོང་བར་བཤད་པའི་ཕྱིར། དེ་ལྷ་ཅིག་ཇོ་བོའི་དགོངས་པ་ཡིན་པའི་ཕྱིར། ལམ་སྒྲོན་ལས། སེམས་ཅན་དམ་པ་བྱང་ཆུབ་མཆོག །འདོད་པར་གྱུར་བ་དེ་དག་ལ། །བླ་མ་རྣམས་ཀྱིས་བསྟན་པ་ཡི། །ཡང་དག་ཐབས་ནི་བཤད་པར་བྱ། །ཞེས་དང༌། དེའི་ཕྱིར་ཉོན་མོངས་ཤེས་བྱ་ཡི། །སྒྲུབ་པ་མ་ལུས་སྤངས་པའི་ཕྱིར། །ཤེས་རབ་ཕ་རོལ་ཕྱིན་རྣལ་འབྱོར། །རྟག་ཏུ་ཐབས་བཅས་སྒོམ་པར་བྱ། །ཞེས་སྒྲིབ་གཉིས་སྤོང་བ་ལ་ཐབས་ཤེས་གཉིས་མ་བྲལ་དགོས་པར་གསུངས་པའི་ཕྱིར། ལམ་སྒྲོན་ལས། ཐབས་དང་བྲལ་བའི་ཤེས་རབ་དང༌། །ཤེས་རབ་བྲལ་བའི་ཐབས་དག་ཀྱང༌། །གང་ཕྱིར་འཆིང་བ་ཞེས་གསུངས་པ། །དེ་ཕྱིར་གཉིས་ཀ་སྤངས་མི་བྱ། །ཞེས་གསུངས་པ་ལྟར་མདོ་ལས་གསུངས་ཤིང༌། ལྷ་བྲིས་པའི་དཔེས་རྒྱུད་བླ་མར་ཡང་བཤད་པའི་ཕྱིར་རོ། །དེས་བརྗོད་བྱའི་དོན་ཐམས་ཅད་བསྡུས་ཚུལ་བཤད། གདུལ་བྱའི་སྒོས་ཀྱང་དོན་ཐམས་ཅད་བསྡུས་ཚུལ་ནི་སྐྱེས་བུ་གསུམ་གྱིས་ཉམས་སུ་བླང་བའི་རིམ་པ་ཐམས་ཅད་མ་ཚང་བ་མེད་པར་བསྡུས་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་མངོན་མཐོ་སྒྲུབ་ལུགས་ཀྱིས་སྐྱེས་བུ་ཆུང་ངུའི། ངེས་ལེགས་ཀྱི་རིམ་པས་འབྲིང་གི་ཐར་བ་དང༌། ཆེན་པོའི་འཚང་རྒྱ་བའི་ལམ་སྟོན་པའི་ཕྱིར་ན། བྱང་ཆུབ་ལམ་གྱི་རིམ་པའི་སྒོ་ནས་སྐལ་བ་དང་ལྡན་པའི་སྐྱེས་བུ་རྣམས་སངས་རྒྱས་ཀྱི་སར་འཁྲིད་པའི་ཚུལ་ལམ། ལུགས་ཡང་དག་པ་གང་ནི་བཤད་པར་བྱ་བའི་ཆོས་ཡིན་ཏེ། མངོན་མཐོ་ངེས་ལེགས་ཀྱི་ལམ་གྱི་རིམ་པ་དང་མདོ་སྔགས་ཀྱི་ལམ་རང་རང་གང་ལ་གང་གི་སྐལ་བ་ལྡན་པ་དེའི་སྒོ་ནས་འཁྲིད་པར་སྔར་བཤད་ཟིན་པའི་ཕྱིར། མཚན་དེ་ཡང་ཇོ་བོ་ལྷ་ཅིག་གི་དགོངས་པ་ཡིན་ཏེ། ལམ་སྒྲོན་ལས། སློབ་མ་བཟང་བོ་བྱང་ཆུབ་འོད་ཀྱིས་བསྐུལ་གྱུར་བས། །བྱང་ཆུབ་ལམ་གྱི་སྒྲོན་མ་རབ་ཏུ་གསལ་བར་བྱ། །ཆུང་ངུ་འབྲིང་དང་མཆོག་གྱུར་བས། །སྐྱེས་བུ་གསུམ་དུ་ཤེས་པར་བྱ། །ཞེས་གསལ་བར་བཤད་པའི་ཕྱིར་རོ། །
གཉིས་པ་འཆད་ཚུལ་གྱི་རྣམ་གྲངས་ནི། དེ་ལ་དཔལ་ནཱ་ལེཎྡྲའི་མཁས་པ་རྣམས་ནི་སློབ་དཔོན་གྱི་ངག་དག་པ་དང༌། སློབ་མའི་རྒྱུད་དག་པ་དང༌། བཤད་བྱའི་ཆོས་དག་པ་སྟེ། དག་པ་གསུམ་གྱི་སྒོ་ནས་ཆོས་འཆད་པར་བཞེད་ལ། དུས་ཕྱིས་ནི་བྲི་ཀཱ་མ་ལ་ཤཱི་ལར་བསྟན་པ་དར་བས། དེའི་མཁས་པ་རྣམས་ནི་རྩོམ་པ་པོའི་ཆེ་བ་དང༌། ཆོས་ཀྱི་ཆེ་བ་དང༌། དེ་ཇི་ལྟར་བཤད་ཅིང་ཉན་པའི་ཚུལ་གསུམ་སྔོན་དུ་གལ་ཆེ་བར་བཞེད་པའི་ཚུལ་གཉིས་བྱུང་བར་གྲགས་པ་ཞེས་བྱུང༌། དེ་ལ་ནཱ་ལེཎྡྲ་ནི་སྔོན་ཤཱ་རི་བུ་འཁྲུངས་ས་དང་གཤེགས་ས་ཡང་ཡིན་པས་དེའི་མཆོད་རྟེན་ཡོད་པ་ལ་གཞི་བྱས་ཐོ་བཙུན་གྲུབ་རྗེ་སོགས་ཀྱིས་གཙུག་ལག་ཁང་བྱས་ཤིང༌། ཐེག་ཆེན་གྱི་སློབ་དཔོན་ས་ར་ཧ་དང་ཀླུ་སྒྲུབ་ཡབ་སྲས་ལཱ་ལི་ཏ་སློབ་དཔོན་ཆོས་སྐྱོང་སོགས་ཀྱང་དེའི་པཎྜི་ཏ་ཡིན་པས་ཕྱིས་ཀྱི་ཐེག་ཆེན་ཐོག་མར་དར་ས་ཡིན་ལ། ཁ་ཅིག་ནཱ་ལེཎྡ་རྒྱུད་སྟེང་ཟེར་བ་སྒྲ་དོན་གཉིས་ཀ་མ་དག་པས་མི་འཐད་དེ། ནཱ་ལམ་སྡོང་བུ་སོགས་དང༌། དེ་སྦྱིན་པའི་མིང་ཡིན་པས་རྣམ་དབྱེ་མ་ཕྱིས་ན་ནཱ་ལེནྡྲ་དང༌། རྣམ་དབྱེ་ཕྱིས་ན་ལུང་ལས་གྲོང་ནཱ་ལ་དཱའི་བྲམ་ཟེ་ཉེ་རྒྱལ་གསུངས་པ་ལྟར་ཡིན་ཀྱང༌། ཟུར་ཆག་པས་ནཱ་ལེནྡྲ་ཟེར་བའི་ཕྱིར་རོ། །དེའི་མཁས་པ་རྣམས་དག་པ་གསུམ་གྱི་སྒོ་ནས་ཆོས་འཆད་པར་བཞེད་པ་ཡང་ལེགས་ཏེ། སློབ་དཔོན་གྱི་ངག་མ་དག་ན་ཆོས་དག་ཀྱང་ངག་མ་དག་པ་སློབ་པ་དང༌། སློབ་མའི་རྒྱུད་མ་དག་ན་སློབ་དཔོན་གྱི་ངག་དང་ཆོས་དག་ཀྱང་མི་གོ་བའམ་ལོག་པར་འཛིན། ཆོས་མ་དག་ན་གཞི་མི་གཙང་བ་བཞིན་སྤྱོད་པ་པོ་དྲི་མ་ཅན་དུ་བྱེད་པ་སྤོངས་དགོས་པའི་ཕྱིར། འདིས་ནི་འཆད་པ་པོ་དང༌། ཉན་པ་པོ་དང༌། ཉན་བྱ་གསུམ་དག་པ་ལ་འབད་དགོས་པར་གོའོ། །བྲི་ཀ་མ་ལ་ཤཱི་ལ་སྟེ་རྣམ་གནོན་དང་ཚུལ་གྱི་མཁས་པ་རྣམས་ནི། མཛད་པ་པོའི་ཆེ་བ་དང༌། ཆོས་ཀྱི་ཆེ་བ་དང༌། ཆོས་ལ་ཉན་བཤད་ཇི་ལྟར་བྱེད་པ་གསུམ་གལ་ཆེ་བར་བཤད་པ་ཡང་སྔ་མ་ལྟར་ལེགས་ཏེ། མཛད་པ་པོ་ཚད་ལྡན་ཡིན་ན་ཆོས་མིན་མི་བྱེད་པས་མཛད་པ་པོའི་ཆེ་བ་དང༌། མཛད་པ་པོ་བཟང་ཡང་སྨན་དང་བརྟགས་པ་བརྒྱད་དང་སྒྲ་ལྟ་བུ་སྤྱིར་དགོས་ཀྱང་དོན་ཧ་ཅང་མི་ཆེ་བས་ཆོས་ཀྱི་ཆེ་བ་དང་ལྡན་པ་དོན་གཉིས་སྟོན་པ་གཅིག་དགོས་ཤིང༌། ཉན་བཤད་གཉིས་ཇི་ལྟར་བྱེད་པ་ནི་སྔར་ལྟར་དག་པ་གཉིས་ལྡན་དགོས་པ་འདིར་ཡང་འདྲ་བའི་ཕྱིར། ཇོ་བོའི་ངེས་འབྱུང་གི་གླུ་ལས། བུད་མེད་མཚན་ཉིད་སྐྱེ་བའི་མཚན་ཉིད་དང༌། །སྨན་དང་གླང་ཆེན་བརྟགས་པའམ་གཟའ་སྐར་རྩིས། །མཚོན་ཆ་བརྟགས་པའམ་རྟ་དཔྱད་རང་བཟོ་བའི། །བསྟན་བཅོས་ངན་པ་སློབ་དང་ཀློག་པ་སྤངས། །ཞེས་གསུངས་པའི་ཕྱིར། རྒྱུད་ལས་ཀྱང་སློབ་དཔོན་ངན་པས་སྨན་དང་རྩིས་བྱེད་པར་བཤད་པས་དོན་ཆུང་བ་འཛིན་པ་དང་ཀློག་པ་སྤངས་ནས། ཐར་པ་དང་ཐམས་ཅད་མཁྱེན་པ་སྟོན་པའི་བསྟན་བཅོས་འཛིན་ཀློག་བྱས་ན་བསོད་ནམས་ཆེ་བའི་ཕྱིར་རོ། །
གསུམ་པ་གང་གི་རྗེས་སུ་འབྲངས་པ་ནི། ཚུལ་གཉིས་བྱུང་པར་གྲགས་པ་ལས་འདིར་ནི་ཕྱི་མ་ལྟར་བཤད་པར་བྱའོ། །ཞེས་བྱུང༌། གོ་སླའོ། །གཉིས་པ་ལ་དེ་ལྟར་ན་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ལ་བཞི། ཆོས་ཁུངས་བཙུན་པར་བསྟན་པའི་ཕྱིར་མཛད་པ་པོའི་ཆེ་བ་བསྟན་པ་དང༌། གདམས་ངག་ལ་གུས་པ་བསྐྱེད་པའི་ཕྱིར་ཆོས་ཀྱི་ཆེ་བ་བསྟན་པ་དང༌། ཆེ་བ་གཉིས་དང་ལྡན་པའི་ཆོས་ལ་ཉན་བཤད་ཇི་ལྟར་བྱ་བ་དང༌། གདམས་པ་དངོས་ཀྱིས་སློབ་མ་ཇི་ལྟར་བཀྲི་བའི་རིམ་པའོ། །དང་པོ་ལ་གདམས་ངག་གི་རྩ་བ་དང་དངོས་ཀྱི་མཛད་པ་པོ་ངོས་བཟུང་བ་དང༌། དེའི་ཆེ་བ་བསྟན་པ་གཉིས་ལས། དང་པོ་མཛད་པ་པོ་ནི། གདམས་ངག་འདི་སྤྱིར་རྗེ་བཙུན་བྱམས་པས་མཛད་པའི་མངོན་པར་རྟོགས་པའི་རྒྱན་གྱི་གདམས་ངག་ཡིན་ལ། ཁྱད་པར་དུ་འདིའི་གཞུང་ནི་བྱང་ཆུབ་ལམ་གྱི་སྒྲོན་མ་ཡིན་པས་དེ་མཛད་པ་པོ་ཉིད་འདིའི་ཡང་མཛད་པ་པོའོ། །ཞེས་བྱུང༌། དེ་ཡང་མངོན་རྟོགས་རྒྱན་གྱི་གཞི་ཤེས་སྐབས་སུ་མི་རྟག་སོགས་བཅུ་དྲུག་གི་སྐྱེས་བུ་ཆུང་འབྲིང་གི་ལམ་བསྟན་ཞིང༌། ལམ་ཤེས་དང་རྣམ་མཁྱེན་གྱི་རིགས་ཅན་གསུམ་གའི་ལམ་རིམ་ཀུན་བསྟན་ནས་དེ་ནས་བསྡུས་པས་ན་དེའི་མན་ངག་ཡིན། ཁྱད་པར་དུ་ལམ་རིམ་གྱི་རྩ་བ་ལམ་སྒྲོན་ཡིན་པས་དེ་མཛད་པ་པོ་ལམ་རིམ་གྱི་མན་ངག་མཛད་པ་པོ་ཡིན་པས་སོ། །
གཉིས་པ་ལ་ལམ་རིམ་ཐོག་མའི་མཛད་པ་པོ་དང༌། བྱེ་བྲག་ལམ་རིམ་ཆེན་མོའི་མཛད་པ་པོའི་ཆེ་བ་གཉིས་ལས། དང་པོ་ལ། རིགས་ཕུན་སུམ་ཚོགས་པར་སྐྱེ་བ་བཞེས་ཚུལ་དང༌། རྟེན་དེ་ལ་ཡོན་ཏན་བརྙེས་པའི་ཚུལ་དང༌། བརྙེས་ནས་བསྟན་པ་ལ་བྱ་བ་མཛད་པའི་ཚུལ་ལོ། །དང་པོ་ནི། དེ་ཡང་སློབ་དཔོན་ཆེན་པོ་རབ་བྱུང་གི་མཚན་དཱིཔཾ་ཀར་ཤྲཱི་ཛྙཱ་ན་སྟེ། དཱི་པཾ་མར་མེ་དང་ཀ་ར་ཤྲཱི་མཛད་དཔལ་དང་ཛྙཱ་ན་ཡེ་ཤེས་ཏེ། བོད་ལྷ་བཙན་ནམ་བྱང་ཆུབ་འོད་ཀྱིས་ཨ་ཏི་ཤཱ་སྟེ་ཕུལ་བྱུང་མཚན་གསོལ་བའོ། །དེའི་ཕུན་ཚོགས་ནི་ལོ་ཙྪ་པ་ཆེན་པོ་ནག་ཚོས་མཛད་པའི་བསྟོད་པ་བརྒྱད་ཅུ་པ་ལས། ཤར་ཕྱོགས་ཟ་ཧོར་ཡུལ་མཆོག་ན། །ཞེས་པ་ནས། ད་ལྟ་བླ་མ་རྗེ་བཙུན་ཡིན། །ཞེས་གསུངས། རྡོ་རྗེ་གདན་གྱི་ཤར་ཕྱོགས་ཟ་ཧོར་ཞེས་པའི་ཡུལ་དེ་ན་གྲོང་ཁྱེར་ཆེན་པོ་ཡོད་པ། བི་ཀྲ་མ་པཱུ་ར་ཡིན། ཁ་ཆེ་ཁྲི་སྟན་དང་མཉམ་པ། ཁ་ཆེ་ཁྲི་སྟན་ལ་མི་ཁྱིམ་འབུམ་ཚོ་སོ་དྲུག་ཡོད། བྷཾ་ག་ལར་མི་ཁྱིམ་འབུམ་ཉེར་དྲུག་ཡོད་ཅེས་བླ་མ་དག་གི་ལམ་རིམ་དུ་གསུངས། །དེའི་དབུས་ན་བྷཾ་ག་ལའི་རྒྱལ་བོ་མང་བཀུར་གྱི་གདུང་དང་མཁན་ཆེན་ཞི་འཚོ་སོགས་འཁྲུངས། མི་རབས་བཅུ་གསུམ་དུ་ཙན་དན་དང་ཨ་ཀ་རུའི་སྤོས་དུད་གཤོལ་མདའ་ཙམ་རྒྱུན་མ་ཆད་པའི་རྒྱལ་ཁབ་ཕོ་བྲང་ཤིན་ཏུ་ཡངས་པ་གསེར་གྱི་རྒྱལ་མཚན་ཅན་ཞེས་བྱ་བ་ལོངས་སྤྱོད་རྒྱ་ནག་སྟོང་ཁུན་ཟེར་ཡང་ཏོང་ཁུ་སྟེ་ཤར་ཕྱོགས་རྒྱལ་པོ་དང་འདྲ་བ་དེ་རུ་ཡབ་རྒྱལ་པོ་དགེ་བའི་དཔལ་དང་ཡུམ་བཙུན་མོ་འོད་ཟེར་ཅན་གཉིས་ལ་སྲས་པདྨའི་སྙིང་པོ་དང༌། ཟླ་བའི་སྙིང་པོ་དང༌། དཔལ་གྱི་སྙིང་པོ་གསུམ་ཡོད་པས། པདྨའི་སྙིང་བོར་སྲས་དགུའི་ཐུ་བོ་ཇོ་བོའི་ཚ་བོ་བསོད་ནམས་དཔལ་ནི་མཁས་པ་དྷ་ན་ཤྲཱི་གྲགས་པ་དང༌། ཆུང་བ་དཔལ་གྱི་སྙིང་པོ་དགེ་སློང་བིརྱ་ཙཎྡྲ་ཡིན་ལ། འབྲིང་བོ་ཟླ་བའི་སྙིང་པོ་མཉམ་མེད་ལྷ་ཅིག་ཇོ་བོ་རིན་པོ་ཆེ་ཡིན་ནོ། །འདི་ནི་མངོན་རྟོག་རྒྱན་ལས། རིགས་དང་རུས་དང་ཆོ་འབྲང་དང༌། །ཞེས་གསུངས་པ་ལྟར་གྱི་ཕུན་སུམ་ཚོགས་པར་འཁྲུངས་སོ། །
གཉིས་པ་རྟེན་དེ་ལ་ཡོན་ཏན་བརྙེས་ཚུལ་ལ། མང་ཐོས་ལུང་དང༌། སྒྲུབ་པའི་རྟོགས་པ་བརྙེས་ཚུལ་གཉིས། དང་པོ་ལ་མདོ་སྔགས་ལ་སྦྱངས་ཚུལ། སྦྱངས་ནས་མཁྱེན་ཚུལ་གཉིས། དང་པོ་ལ་རིགས་གནས་ལ་དང༌། སྔགས་ལ་དང༌། ནང་རིག་གོང་འོག་མཐའ་དག་གསན་ཚུལ་གསུམ།དང་པོ་ནི། བསྟོད་པ་ལས། ལོ་ནི་ཉི་ཤུ་རྩ་གཅིག་ན། །ཞེས་པ་ནས། གྲོ་ལུང་པ་ཆེན་པོ་གསུངས་སོ་ཞེས་སོ། །ལོ་ཉེར་གཅིག་གི་བར་དུ་སྒྱུ་རྩལ་དྲུག་ཅུ་རྩ་བཞི་དང༌། ཕྱི་ནང་གི་རིག་གནས་ཐུན་མོང་བ་སྒྲ་པཱ་ཎི་སོགས་དང༌། གཏན་ཚིགས་དུ་མ་དང༌། བཟོའི་བསྟན་བཅོས་དུ་མ་དང༌། གསོ་བ་ཡན་ལག་བརྒྱད་པ་སོགས་ལ་སྦྱངས་ཤིང༌། གཏན་ཚིགས་རིགས་ཐིགས་གསན་ནས་ཀྱང་ཕྱི་རོལ་པའི་རྟོག་གེ་མཁས་པ་གཅིག་ཚར་བཅད་པས་སྙན་གྲགས་རྒྱས་པར་བཤད་ལ་གཞན་སླ། སྒྱུ་རྩལ་དྲུགཅུ་རྩ་བཞི་ནི། ཕྲན་ཚེགས་འགྲེལ་ལས། སྒྱུ་རྩལ་རོལ་མོའི་མཚན་ཉིད་དང༌། །སྒྱུ་མའི་གཡུལ་དང་མེ་ཏོག་ལས། །སྡེ་དཔོན་བྱ་དང་བདག་ཉིད་ཅན། །ཞེས་པ་ནས། རྒྱུ་སྐར་གཏན་ཚིགས་རིག་པ་དང༌། །ལྟོས་དང་གཞུང་གི་ངེས་ཚིག་ཉིད། །ཤེས་པ་ཤེས་བྱ་དེ་དག་ནི། །སྒྱུ་རྩལ་དྲུག་ཅུ་རྩ་བཞི་ཤེས། །ཞེས་སོ། །འོ་ན་འཁོར་པར་ངེས་འབྱུང་གི་གླུ་དང་འགལ་སྙམ་ན། །དེ་ནི་བློ་དམན་པའི་དབང་དང༌། འདི་ནི་སྤྱོད་འཇུག་ལས། རྒྱལ་སྲས་རྣམས་ཀྱིས་མི་སློབ་པའི། །དངོས་དེ་གང་ཡང་ཡོད་མ་ཡིན། །ལྟ་བུ་ཡིན་པས་སོ། །
གཉིས་པ་སྔགས་ལ་སྦྱངས་པ་ནི། དེ་ནས་རི་ནག་པོའི་གཙུག་ལག་ཁང་གི་རྣལ་འབྱོར་གྱི་དབང་ཕྱུག་ཅེས་པ་ནས། ཌཱ་ཀི་མ་རྣམས་ཀྱིས་སྔགས་ཀྱི་གླགས་བམ་སྔར་མཐོང་མ་མྱོང་བ་མང་པོ་མནལ་ལམ་དུ་བསྟན་ནས་ཐུགས་རྒྱལ་བཅག་གོ །ཞེས་སོ། །དེ་ཡང་ཐོག་མར་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ཀྱེ་རྡོར་ཞལ་གཟིགས་ཤིང་རྡོ་རྗེ་མཁའ་འགྲོ་མའི་ལུང་བསྟན་ཐོབ་པའི་བླ་མ་རཱ་ཧུ་ལ་གུབྟ་སྟེ་སྒྲ་གཅན་སྦས་པ་ལ་ཀྱེ་རྡོར་གྱི་དབང་རྫོགས་པར་ཞུས་ཤིང༌། གསང་མཚན་ཡེ་ཤེས་གསང་བའི་རྡོ་རྗེར་བཏགས་ཏེ་དགུང་ལོ་ཉེར་དགུ་ཚུན་ཆད་ལ་དངོས་གྲུབ་བརྙེས་པའི་བླ་མ་ཤནྟི་པ་དང༌། ནཱ་རོ་པ་དང༌། ཌོམ་བྷི་བ་དང༌། བོ་དྷི་བྷ་ཏྲ་དང༌། ཀུ་སུ་ལུ་ཆུང་བ་སོགས་དུ་མའི་སྤྱན་སྔར་རྡོ་རྗེ་ཐེག་པ་ལ་སྦྱངས་ཤིང་གདམས་ངག་མ་ལུས་པ་ལ་མཁས་པར་གྱུར་ཏེ། གསང་སྔགས་ལ་ང་མཁས་སོ་སྙམ་པའི་ཐུགས་རྒྱལ་ལན་གསུམ་བར་དུ་མཁའ་འགྲོ་མ་རྣམས་ཀྱིས་མནལ་ལམ་དུ་གླེགས་བམ་མ་གཟིགས་པ་མང་པོ་བསྟན་ནས་བཅག་གོ །
གསུམ་པ་ནང་རིག་གོང་འོག་མཐའ་དག་ལ་སྦྱངས་ཚུལ་ནི། དེ་ནས་བླ་མ་དང་ཡི་དམ་རྣམས་ཀྱིས་ཞེས་པ་ནས། བླང་དོར་གྱི་ཆ་ཕྲ་མོ་རྣམས་ཀྱང་མ་འདྲེས་པར་མཁྱེན་ནོ། །ཞེས་སོ། །དེས་གཞན་སླ། བླ་མ་དང་ཡི་དམ་རྣམས་ཀྱིས་དངོས་དང་རྨི་ལམ་ཅི་རིགས་པར་རབ་ཏུ་བྱུང་ན་བསྟན་པ་དང་འགྲོ་བ་མང་པོ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་བསྐུལ་ནས་རབ་བྱུང་མཛད་དེ། གསང་སྔགས་ཀྱི་བསྐྱེད་རྫོགས་ལ་ནུས་པ་ཐོན་ནས་ལམ་འདིས་མྱུར་དུ་སངས་རྒྱ་དགོངས་དུས་སུ་ནུབ་གཅིག་རྨི་ལམ་དུ། དཔལ་ཧེ་རུ་ཀས་མདུན་གྱི་ནམ་མཁའ་ལ་བྱོན་ནས། རིགས་ཀྱི་བུ་ཨ་ཝ་དྷཱུ་ཏིའི་སྤྱོད་པས་གར་ཡང་མི་ཕྱིན་གྱི། ཁྱོད་རབ་ཏུ་བྱུང་ན་དུས་ཕྱིས་ཙ་ན་རབ་ཏུ་བྱུང་བའི་གདུལ་བྱ་མང་བོ་འོངས་པར་འདུག་གོ་ཞེས་དང༌། ཡང་ནུབ་གཅིག་རྨི་ལམ་དུ་སྟོན་པ་འཁོར་བཅས་གདུགས་ཚོད་གསོལ་གྱིན་འདུག་པ། དེའི་གྲལ་ཞབས་ཇོ་བོ་ཉིད་ཀྱང་བཞུགས་པར། བཅོམ་ལྡན་འདས་ཀྱིས་ཇོ་བོ་གཟིགས་ནས། མི་མ་གི་ཅི་ལ་ཆགས་ནས་རབ་ཏུ་མི་བྱུང་བའི་ཞེས་གསུངས་ཤིང༌། དེ་བཞིན་དུ་བླ་མ་རཱ་ཧུ་ལ་ནག་པོ་སོགས་ཀྱིས་བསྐུལ་ནས། བསྟོད་པ་ལས། ཁྱོད་ཀྱི་མཁན་པོ་སྦྱོར་ལམ་པ། །ཡིན་པར་ཀུན་ལ་རབ་ཏུ་གྲགས། །ཞེས་པ་ལྟར་དགུང་ལོ་ཉེར་དྲུག་པ་ལ་ཕལ་ཆེན་སྡེ་པའི་གནས་བརྟན་འདུལ་བ་འཛིན་པ་ཤཱི་ལ་རཀྵི་ཏ་སྟེ་ཚུལ་ཁྲིམས་སྲུང་བ་ཞེས་བྱ་བ་སྦྱོར་བའི་ལམ་གྱི་དེ་ཁོ་ན་ཉིད་ལ་ཡུལ་གྱི་སྣང་བ་རགས་པ་ནུབ་པའི་ཕྱོགས་གཅིག་ལ་ཞུགས་པ། མདོ་སྡེ་རྒྱན་དང་གསེར་འཕྲེང་ལྟར་གྱི་བཟོད་པ་ཐོབ་པའི་ཏིང་ངེ་འཛིན་བརྙེས་པ་ཞིག་ལ་མཁན་པོ་མཛད་ནས་རབ་ཏུ་བྱུང་སྟེ། མཚན་མར་མེ་མཛད་དཔལ་ཡེ་ཤེས་སུ་བཏགས་སོ། །དེ་ནས་སུམ་ཅུ་རྩ་གཅིག་གི་བར་བླ་མ་མང་པོ་དང༌། ཁྱད་པར་དུ་བོ་དྷི་བྷ་ཏྲ་དང་ཤནྟི་བར་མཚན་ཉིད་ཐེག་པའི་སྡེ་སྣོད་གོང་འོག་ཀུན་ལ་སྦྱངས་ཏེ། ཐེག་པ་ཆུང་ངུ་ལ་རྩ་བའི་སྡེ་བཞི་ཀའི་མདོ་སྡེ་དང་འདུལ་བ་དང་མངོན་པ་གསུམ་ག་སོ་སོར་མཁྱེན་ཅིང༌། སྡེ་པ་བཞི་ཀའི་ལག་ལེན་དང་བྱིན་ལེན་ཚུན་ཆད་མ་འདྲེས་པར་མཁྱེན་ཅིང་ཁྱད་པར་དུ་སྡེ་པ་ཐམས་ཅད་ཀྱི་ཐུན་མོང་བ་བྱེ་བྲག་བཤད་མཚོ་ཆེན་མོ་དགྲ་བཅོམ་པ་མང་པོའི་བཞེད་པ་ཉེར་སྦས་ཀྱིས་མཛད་པ་བམ་པོ་བརྒྱད་བརྒྱ་ཡོད་པ་དེ་བླ་མ་དྷརྨཱ་རཀྵི་ཏའི་ཆོས་སྲུང་ལ་ཨོ་ཏནྟ་པཱུ་རི་སྟེ་མཚོ་སྦས་གྲོང་ཞེས་པར་ལོ་བཅུ་གཉིས་སུ་གསན་པས་ཤིན་ཏུ་མཁས་པར་མཛད་པའི་ཕྱིར། བསྟོད་པ་ལས། བླ་མ་བཟང་པོ་མང་བསྟེན་པས། །ཁྱོད་ནི་ཐོས་པའི་རྒྱན་གྱིས་བརྒྱན། །ཐེག་པ་གསུམ་དང་སྡེ་སྣོད་གསུམ། །ཁྱོད་ནི་མཁས་པ་ཆེན་པོ་ཡིན། །ཞེས་སོ། །
གཉིས་པ་སྦྱངས་ནས་མཁྱེན་ཚུལ་ནི། དེ་ལྟར་ན་རང་དང་གཞན་གྱི་སྡེའི་གྲུབ་མཐའ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་པས་ན་ལུང་གི་བསྟན་པའི་གནད་ཐམས་ཅད་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པ་ཡིན་ནོ། །ཞེས་བྱུང༌། དོན་གོ་བ་ལྟ་ཅི་དོན་སྤྱི་ཡང་མ་ཤར་བའི་ཚིག་མང་པོ་ཤེས་ཀྱང་ནེ་ཙོའི་མ་ཎི་དང་རི་མོའི་མར་མེ་ལྟ་བུ་ཡིན་པའི་ཕྱིར་ཏེ། ཀུན་མཁྱེན་དབྱིག་གཉེན་གྱི་ཚིགས་སུ་བཅད་པའི་དོན་བསྡུ་ལས། ཚིག་མང་དུ་ལོབ་ཀྱང་དོན་མི་ཤེས་ན་དོན་དེ་ཐོབ་པར་མི་འགྱུར་ཏེ། ཇི་ལྟར་བུས་པའི་མགུལ་དུ་ནོར་ཁུག་བཏགས་པ་བཞིན་ནོ། །དེ་ལྟ་བས་ན་མང་དུ་ཐོས་ཀྱང་དོན་ཤེས་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་བཀའི་དོན་ཉན་པ་ལ་འབད་པར་བྱའོ། །ཞེས་དང༌། རྗེ་རིན་པོ་ཆེས་ཀྱང༌། གསུང་རབ་གདམ་པར་ཤར་ལ་མཁས་པ་ཟེར། །ལྷག་མ་ནེ་ཙོའི་འདོན་པ་ཇི་བཞིན་དང༌། །ཆུ་མེད་ཁྲོན་པ་རི་མོའི་མར་མེ་བཞིན། །ཞེས་དང༌། མཁས་གྲུབ་ཐམས་ཅད་མཁྱེན་པས་ཀྱང༌། གསུང་རབ་དགོངས་འགྲེལ་བཅས་པ་མཐའ་དག་གི །དགོངས་དོན་རིགས་པས་འབྱེད་པའི་མཐུ་མེད་ཅིང༌། །དེ་དོན་ཉམས་ལེན་གནད་ལ་མི་མཁས་པའི། །བཤེས་གཉེན་ཕལ་ཆེར་མཁས་པའི་གཟུགས་བརྙན་ཡིན། །ཞེས་གསུངས་སོ། །
གཉིས་པ་རྟོགས་པའི་ཡོན་ཏན་བརྙེས་ཚུལ་ལ་གསུམ་དུ་བསྟན་པ་དང༌། སོ་སོར་བཤད་པ་གཉིས། དང་པོ་ནི། སྤྱིར་རྒྱལ་བའི་ལུང་གི་བསྟན་པ་ཐམས་ཅད་སྡེ་སྣོད་གསུམ་དུ་འདུ་སྟེ། གཉེན་པོ་གསུམ་གྱི་སྒོ་ནས་གསུམ་དང༌། བརྗོད་བྱ་བསླབ་གསུམ་གྱི་སྒོ་ནས་གསུམ་དང༌། ཆོས་དང་དོན་བཤད་པ་དང༌། ཆོས་དང་དོན་སྒྲུབ་པ་དང་ཆོས་དང་དོན་འབྲེལ་པའི་གཏམ་གཏན་ལ་འབེབས་པ་གསུམ་སྟེ། རྒྱུའམ་རྒྱུ་མཚན་དགུའི་སྒོ་ནས་སྡེ་སྣོད་གསུམ་དུ་བཞག་པའི་ཕྱིར། མདོ་སྡེ་རྒྱན་ལས། སྡེ་སྣོད་དག་ནི་གསུམ་མམ་གཉིས་ཀྱང་རུང༌། །བསྡུས་པའི་ཕྱིར་ཏེ་རྒྱུ་ནི་དགུར་འདོད་དོ། །ཞེས་གསུངས་པའི་ཕྱིར་དང༌། དེའི་འགྲེལ་པ་ལས། སྡེ་སྣོད་གསུམ་ནི་མདོ་སྡེ་དང་འདུལ་བ་དང་ཆོས་མངོན་པ་རྣམས་སོ། །ཞེས་དང༌། བསྡུས་པའི་ཕྱིར་ཏེ་ཤེས་བྱའི་དོན་ཐམས་ཅད་བསྡུས་པའི་ཕྱིར་རོ། །ཅིའི་ཕྱིར་གསུམ་ཡིན་ཞེ་ན། རྒྱུ་དགུ་སྟེ་ཞེས་སོ། །དེས་ན་བརྗོད་བྱ་ལམ་ཐམས་ཅད་ཀྱང་ཕྱིན་དྲུག་ཏུ་འདུ་ལ་དེ་དྲུག་ཀྱང་བསླབ་པ་གསུམ་དུ་འདུ་བའི་ཕྱིར་ཏེ། མདོ་སྡེ་རྒྱན་ལས། བསླབ་གསུམ་དབང་དུ་མཛད་ནས་ནི། །རྒྱལ་བས་ཕ་རོལ་ཕྱིན་པ་དྲུག །ཡང་དག་བཤད་དེ་དང་པོ་གསུམ། །ཐ་མ་གཉིས་ཀྱིས་རྣམ་པ་གཉིས། །གཅིག་ནི་གསུམ་ཆར་ལ་ཡང་གཏོགས། །ཞེས་གསུངས་པ་ལྟར། རྟོགས་པའི་བསྟན་པ་ཡང་བསླབ་པ་རིན་པོ་ཆེ་གསུམ་དུ་འདུ་དགོས་སོ། །
གཉིས་པ་ལ་ལྷག་པ་ཚུལ་ཁྲིམས་དང༌། ལྷག་པ་ཏིང་ངེ་འཛིན་དང༌། ལྷག་པ་ཤེས་རབ་ཀྱི་བསླབ་པ་དང་ལྡན་ཚུལ་གསུམ། དང་པོ་ལ་མཚམས་སྦྱོར་དང༌། འདུལ་བ་བྱང་སེམས་སྔགས་ཀྱི་ཚུལ་ཁྲིམས་གསུམ་སོ་སོར་བཤད་པ་གསུམ། དང་པོ་ནི། དེ་ལ་ཚུལ་ཁྲིམས་ཀྱི་བསླབ་པ་ནི། ཞེས་པ་ནས། ལྡན་དགོས་སོ། །ཞེས་བྱུང༌། ཚུལ་ཁྲིམས་བསླབ་པ་གཞན་གཉིས་ལ་སོགས་པའི་ཡོན་ཏན་ཐམས་ཅད་ཀྱི་གཞིའམ་རྟེན་གཞིར་སྟོན་པའི་གསུང་རབ་མདོ་རྒྱུད་བསྟན་བཅོས་དུ་མ་ནས་གསུངས་ཏེ། ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ་ལས། ཚུལ་ཁྲིམས་ལྡན་པའི་དགེ་སློང་འོད་དང་ལྡན། །ཚུལ་ཁྲིམས་ལྡན་པ་གྲགས་འགྱུར་བདེ་བ་འཐོབ། །ཅེས་པ་ནས། ཇི་ལྟར་བུམ་པ་བཟང་པོ་རིན་ཆེན་སྣོད། །དེ་བཞིན་ཚུལ་ཁྲིམས་ཆོས་རྣམས་བསྐྱེད་པའི་གཞི། །ཞེས་དང༌། མགོན་པོ་ཀླུ་སྒྲུབ་ཀྱིས། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལེགས་པར་གསུངས། །ཞེས་དང༌། འཇམ་དཔལ་རྩ་རྒྱུད་ལས། ཚུལ་ཁྲིམས་འཆལ་ལ་ཐུབ་དབང་གིས། །སྔགས་འགྲུབ་པར་ནི་མ་གསུངས་ཏེ། །ཡུལ་དང་ཕྱོགས་ན་མི་གནས་སོ། །ཞེས་གསུངས་སོ། །དེས་ན་ཐོག་མར་ཚུལ་ཁྲིམས་ཀྱི་བསླབ་པའི་དབང་དུ་བྱས་པའི་རྟོགས་པའི་ཡོན་ཏན་དང་ལྡན་དགོས་ཏེ། དེ་མེད་ན་གཞི་མེད་པར་ཁང་པ་བྱེད་པ་དང་འདྲ་བས་སོ། །
གཉིས་པ་སྡོམ་པ་གསུམ་དང་ལྡན་ཚུལ་ལ། སོ་ཐར་གྱི་སྡོམ་པ་མཆོག་དང༌། བྱང་སེམས་ཀྱི་སྡོམ་པ་དང༌། སྔགས་ཀྱི་སྡོམ་པ་དང་ལྡན་ཚུལ་གསུམ་ལས། དང་པོ་ནི། བསྟོད་པ་ལས། ཁྱོད་ནི་ཉན་ཐོས་ཐེག་པའི་སྒོར་ཞུགས་ནས། །ཚུལ་ཁྲིམས་གཡག་རྔ་བཞིན་དུ་སྲུངས་མཛད་ཅིང༌། །ཚངས་སྤྱོད་དཔལ་དང་ལྡན་པའི་དགེ་སློང་མཆོག །གནས་བརྟན་འདུལ་བ་འཛིན་ལ་ཕྱག་འཚལ་ལོ། །ཞེས་པ་ནས། ཞེས་བསྟོད་པ་ལྟར་རོ། །ཞེས་བྱུང༌། ཇོ་བོ་ལྷ་ཅིག་ཁྱོད་ནི་ཉན་ཐོས་རིགས་ཅན་ལ་གསུངས་པའི་རྗོད་བྱེད་ཚིག་གི་ཐེག་པའི་སྒོར་ཞུགས་ནས་དེར་བཤད་པ་ལྟར་དགེ་སློང་གི་སྡོམ་པ་བླངས་ཤིང༌། ཚུལ་ཁྲིམས་དཔའ་བོའི་མྱ་ངན་བསལ་བར་རྔ་རྩིད་ལ་ཆགས་པའི་གཡག་གསོད་པར་བཤད་པ་བཞིན་དུ་རྔ་རྩིད་ལ་ཆགས་ནས་རྔོན་པས་སྲོག་གཅོད་ཀྱང་རྔ་རྩིད་མི་གཅོད་པར་སྲུང་ནས་སྡོད་པ་བཞིན་དུ་ཚུལ་ཁྲིམས་བསྲུང་བར་མཛད་ཅིང༌། དེ་ཡང་སོ་ཐར་རིས་བདུན་གྱི་ནང་ནས་ཚངས་སྤྱོད་དཔལ་གྱི་སྡོམ་པ་སྟེ་དགེ་སློང་གི་སྡོམ་པ་མཆོག་ཡིན་ལ་དེ་བརྟན་མཁས་གཉིས་དང་ལྡན་པའི་སྒོ་ནས་རང་ཉིད་གཞན་ལ་བརྟེན་མི་དགོས་པས་གནས་བརྟན་དང༌། འདུལ་པའི་སྡེ་སྣོད་ཚངས་མ་འཛིན་པས་ན་འདུལ་འཛིན་ཏེ་དེ་ལ་ཤོ་ལོ་ཀ་འབུམ་དགོས་བར་བཤད་པ་ལྟར་ཡིན་པའི་ཕྱིར་ཏེ། ལམ་སྒྲོན་ལས། སོ་སོར་ཐར་པ་རིས་བདུན་དུ། །དེ་བཞིན་གཤེགས་པས་བཤད་པ་ལ། །ཚངས་སྤྱོད་དཔལ་ནི་མཆོག་ཡིན་ཏེ། །དགེ་སློང་སྡོམ་པ་དག་ཏུ་བཞེད། །ཅེས་སོ། །དེས་ན་འདིའི་དོན་རྗེས་གསུངས་པ་དང་དཔའ་བོས་གསུངས་པ་ལྟར་བྱ་ཞིང༌། སོ་ཐར་འགྲེལ་བ་རྫུས་མ་དག་ལྟར་མི་བྱ་སྟེ། དེ་སྲུངས་ཚུལ་རྣམ་དག་མི་ཐོན་པའི་ཕྱིར་དང༌། ཆོས་བསྒྲགས་ཀྱི་མདོ་ལས་ཀྱང༌། དགེ་སློང་དག །སྲོག་དང་བྲལ་ཞིང་ཤི་བ་ནི་སླ་ཡི། ཚུལ་ཁྲིམས་ཉམས་ཤིང༌ཞིག་པ་ནི་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། སྲོག་དང་བྲལ་ཞིང་ཤི་བས་ནི་ཚེ་འདི་ཉིད་ཀྱི་སྐྱེ་བ་ཟད་བར་འགྱུར་གྱི། ཚུལ་ཁྲིམས་ཉམས་ཤིང་ཞིག་པས་སྐྱེ་བར་འབུམ་ཕྲག་བརྒྱའི་བར་དུ་རིགས་དང་བྲལ་ཞིང་བདེ་བ་སྤངས་ཏེ་རྣམ་པར་ལྟུང་བ་ཆེན་པོ་ཉམས་སུ་མྱོང་བར་འགྱུར་རོ། །ཞེས་སོ། །དེ་ལྟར་བསྲུང་དགོས་ཏེ། དེ་འཕགས་པའི་ནོར་ཀུན་གྱི་རྒྱུ་དང་གཞི་རྟེན་དང་བུམ་བཟང་གྲུབ་པ་ལྟ་བུ་ཡིན་པའི་ཕྱིར། ཇོ་བོ་ལྷ་ཅིག་གི་གསུང་ལས། དགེ་བཅུའི་ཚུལ་ཁྲིམས་དག་བྱ་ཞིང༌། །སོ་སོར་ཐར་བའི་སྡོམ་དག་ཀྱང༌། །ཅི་ནུས་རིམ་གྱིས་དག་པར་སྲུངས། །དེ་ནི་འཕགས་ནོར་ཀུན་གྱི་རྒྱུ། །ཞེས་གསུངས་སོ། །དེས་ན་ཐམས་ཅད་ཀྱིས་ནུས་པ་གང་ཡོད་ཀྱིས་ཚུལ་ཁྲིམས་བསྲུང་དགོས་སོ། །
གཉིས་པ་བྱང་སེམས་ཀྱི་སྡོམ་པ་དང་ལྡན་པ་ནི། བསྟོད་པ་ལས། ཁྱོད་ནི་ཕ་རོལ་ཕྱིན་པའི་སྒོར་ཞུགས་ནས། །ལྷག་པའི་བསམ་པ་རྣམ་པར་དག་གྱུར་ཅིང༌། །ཞེས་བ་ནས། རྒྱལ་སྲས་རྣམས་ཀྱི་བཅས་པའི་མཚམས་ལས་མི་འདའ་བར་མཛད་དོ། །ཞེས་བྱུང༌། བྱང་ཆུབ་སེམས་དཔའི་སྡོམ་པ་དང་ལྡན་པ་ལ་ཚུལ་ཁྲིམས་གསུམ་དང་ལྡན་དགོས་ཏེ། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང༌། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་དང༌། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་གསུམ་དང་ལྡན་དགོས་བའི་ཕྱིར་ཏེ། སྨོན་འཇུག་གང་གི་སྒོ་ནས་སེམས་བསྐྱེད་ཀྱང་ཚུལ་ཁྲིམས་གསུམ་ལ་མ་བསླབ་ན་རང་གི་ཁས་བླང་བའི་ཆོ་ག་དང་འགལ་བའི་ཕྱིར་ཏེ། སྨོན་སེམས་བསྐྱེད་ཚེ་ཡང་སྔོན་གྱི་དེ་བཞིན་གཤེགས་པ་དང་བྱང་སེམས་ས་ཆེན་པོ་ལ་གནས་པ་དག་གིས་སེམས་བསྐྱེད་པ་དེ་བཞིན་དུ་བདག་གིས་ཀྱང་སེམས་བསྐྱེད་པར་ཁས་བླངས་ལ། སངས་རྒྱས་དང་བྱང་སེམས་དེ་དག་གིས་དགེ་བ་ཀུན་སྒྲུབ་པ་དང་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ་དང་ཉེས་སྤྱོད་ཐམས་ཅད་སྤོངས་པར་ཁས་བླང་བའི་ཕྱིར་ཏེ། རང་གཞན་གཉིས་ཀས་སྐྱོན་ཀུན་ཟད་དང་ཚོགས་ཡོན་ཏན་ཀུན་རྫོགས་པའི་སངས་རྒྱས་འཐོབ་པར་འདོད་ཅིང་སྨོན་ལམ་ཞལ་གྱིས་བཞེས་པའི་ཕྱིར་རོ། །དེས་ན་འདི་བསམ་ན་རྨད་དུ་བྱུང་བའི་རྣམ་ཐར་ཡིན་ཏེ། ཉིན་ལྟོ་རེ་བྱིན་པ་དང་བཟང་ལན་དགོས་པའམ་ཕན་གང་བཏགས་ལའང་དགེ་བ་ཞེས་བསྔགས་པ་བྱེད་ན། མ་བཅོལ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་སྐྱོན་ཀུན་སེལ་ཞིང་ཡོན་ཏན་ཀུན་སྟེར་པའི་སྦྱིན་བདག་བྱེད་པའི་རྒྱལ་སྲས་ལ་ཡ་མི་མཚན་པ་དང་མི་བསྟོད་པ་སུ་ཞིག་ཡོད་དེ། སྤྱོད་འཇུག་ལས། བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། །འཁོར་པའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང༌། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །ཕན་བཏགས་ལན་ལོན་གང་ཡིན་པ། །དེ་ཡང་རེ་ཞིག་བསྔགས་འོས་ན། །མ་བཅོལ་ལེགས་པ་བྱེད་པ་ཡི། །བྱང་ཆུབ་སེམས་དཔའ་སྨོས་ཅི་དགོས། །འགྲོ་བ་ཉུང་ཟད་ནར་མའི་ཟས་སྦྱོར་དང༌། །སྐད་ཅིག་ཟས་ཙམ་སྦྱིན་པར་བྱེད་པ་དང༌། །བརྙས་བཅས་ཉིན་ཕྱེད་འགྲངས་པར་བྱེད་པ་ཡང༌། །དགེ་བ་བྱེད་པ་ཡིན་ཞེས་སྐྱེ་བོས་བཀུར། །སེམས་ཅན་གྲངས་མཐའ་ཡས་ལ་ཡུན་རིང་དུ། །བདེ་བར་གཤེགས་ཀྱི་བདེ་བ་བླ་ན་མེད། །ཡིད་ལ་བསམ་པ་མཐའ་དག་རྫོགས་བྱེད་པ། །རྟག་ཏུ་སྦྱིན་པ་ལྟ་ཞིག་སྨོས་ཅི་དགོས། །ཞེས་གསུངས་ཤིང༌། སེམས་དེ་འདྲ་བསྐྱེད་ཀྱང་ཚུལ་ཁྲིམས་གསུམ་མི་གཏོང་བའི་སྡོམ་པར་མ་ཞུགས་ནའང་ཕན་ཡོན་ལྷ་མིས་མཆོད་འོས་པ་དང་ཉན་རང་རིགས་ཀྱི་ཆེ་བས་ཟིལ་གྱིས་གནོན་པ་སོགས་ཡོད་མོད་ཀྱང་བླ་ན་མེད་པའི་བྱང་ཆུབ་མི་འཐོབ་པས་སྡོམ་པ་བཟུང་ནས་ཚུལ་ཁྲིམས་གསུམ་ལ་སློབ་དགོས་པའི་ཕྱིར། རྗེ་རིན་པོ་ཆེས། སེམས་ཙམ་བསྐྱེད་ཀྱང་ཚུལ་ཁྲིམས་རྣམ་གསུམ་ལ། །གོམས་པ་མེད་ན་བྱང་ཆུབ་མི་འགྲུབ་པར། །ཞེས་སོ། །ཇོ་བོ་ལྷ་ཅིག་ཁྱོད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོའི་སྒོར་སྨོན་སེམས་ཀྱིས་ཞུགས་ཤིང་འཇུག་སེམས་ཀྱིས་ཐེག་ཆེན་ལམ་ཚང་བར་སློབ་པའི་སྒོར་དངོས་སུ་ཞུགས་ནས་བརྒྱད་སྟོང་པ་དང་ཆོས་ཡང་དག་པར་སྡུད་པ་ལྟར་སེམས་ཅན་ཐམས་ཅད་ལ་ལྷག་པའི་བསམ་པ་རྣམ་པར་དག་པ་ཕ་ལྟ་བུ་དང༌། མ་ལྟ་བུ་དང་བུ་ལྟ་བུའི་ཐུགས་རྗེ་སྐྱེས་ཤིང༌། འགྲོ་བ་སྐྱོབས་པའི་ཐུགས་རྗེའི་བདག་ཉིད་བྱང་ཆུབ་སེམས་སམ་ཐུགས་ཀྱིས་འགྲོ་བ་ཀུན་དུས་ནམ་ཡང་མི་གཏོང་པར་སྡུག་བསྔལ་མཐའ་དག་ལས་བསྒྲལ་ཞིང༌། བདེ་བ་མཐའ་དག་སྦྱིན་པར་བྱ་སྙམ་པའི་སྒྲུབ་བྱེད་ཐམས་ཅད་ཤེས་པའི་བློ་གྲོས་དང་ལྡན་ཞིང་སྙིང་རྗེ་ཆེན་པོ་ཅན་ལ་ཕྱག་འཚལ་ལོ་ཞེས་བསྟོད་པ་གསུངས་པ་ལྟར་རོ། །དེའི་གཞན་སླ་ལ། བརྒྱད་སྟོང་པ་ལྟར་སེམས་ཅན་ཐམས་ཅད་མ་དང་གཉེན་བཤེས་སུ་བསྒོམ་པ་ཡིན་ཏེ། བརྒྱད་སྟོང་པ་ལས། ཚེ་དང་ལྡན་པ་ཤཱ་རིའི་བུ། ཁོ་བོ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་དཀའ་བ་སྤྱད་པ་སྤྱོད་པར་མི་འདོད་དོ་གང་དཀའ་བ་སྤྱོད་པར་འདུ་ཤེས་པས་སྤྱོད་པ་དེ་ནི་བྱང་ཆུབ་སེམས་དཔའ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ། བདེ་བར་འདུ་ཤེས་པ་ཉིད་དུ་བྱས་ཤིང་སེམས་ཅན་ཐམས་ཅད་ལ་མར་འདུ་ཤེས་པ་དང༌། ཕར་འདུ་ཤེས་པ་དང༌། བུར་འདུ་ཤེས་པ་དང༌། བུ་མོར་འདུ་ཤེས་པ་བྱས་པ་མ་གཏོགས་པར་སེམས་ཅན་གྲངས་མེད་དཔག་ཏུ་མེད་པའི་དོན་བྱ་བར་མི་ནུས་སོ། །དེ་ལྟར་སྐྱེས་པ་དང་བུད་མེད་དག་ལ་འདུ་ཤེས་བྱ་ཞིང་བྱང་ཆུབ་སེམས་དཔའ་ཆེན་པོ་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་དོ། །དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཐམས་ཅད་ལ་མར་འདུ་ཤེས་པ་དང༌། ཕར་འདུ་ཤེས་པ་དང༌། བུར་འདུ་ཤེས་པ་དང༌། བུ་མོར་འདུ་ཤེས་པ་བསྐྱེད་པར་བྱའོ། །བདག་ཉིད་ཀྱི་བར་དུ་འདུཤེས་བསྐྱེད་པར་བྱ་སྟེ། ཇི་ལྟར་བདག་ཐམས་ཅད་དུ་ཐམས་ཅད་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་སྡུག་བསྔལ་ཐམས་ཅད་ལས་ཐར་པར་བྱ་བ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་ཡང་འདུ་ཤེས་འདི་ལྟར་བསྐྱེད་པར་བྱ་སྟེ། བདག་གིས་སེམས་ཅན་འདི་དག་ཐམས་ཅད་ཡོངས་སུ་མི་བཏང་ངོ༌། །བདག་གིས་སེམས་ཅན་འདི་དག་ཐམས་ཅད་སྡུག་བསྔལ་ཀྱི་ཕུང་པོ་དཔག་ཏུ་མེད་པ་ལས་ཐར་པར་བྱའོ། །བདག་གི་ལུས་བརྒྱར་གཏུབ་ཀྱང་ཐ་ན་འདི་དག་ལ་གནོད་སེམས་ཀྱང་མི་བསྐྱེད་དོ་སྙམ་དུ་དེ་ལྟར་བྱང་ཆུབ་སེམས་དཔའ་ཆེན་པོས་སེམས་བསྐྱེད་པར་བྱའོ། །གལ་ཏེ་སེམས་དེ་ལྟར་དུ་སྤྱོད་ན་དཀའ་བའི་འདུ་ཤེས་སུ་གནས་པ་མ་ཡིན་ནོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་ཅི་ནས་ཀྱང་བདག་ནི་ཐམས་ཅད་དུ་ཐམས་ཅད་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མེད་ཅིང་མི་དམིགས་པ་དེ་ལྟར་སེམས་བསྐྱེད་པར་བྱ་སྟེ། དེ་བཞིན་དུ་ནང་དང་ཕྱིའི་ཆོས་རྣམས་ལ་འདུ་ཤེས་བསྐྱེད་པར་བྱའོ། །གལ་ཏེ་དེ་ལྟར་སྤྱོད་ན་དཀའ་བའི་འདུ་ཤེས་ཅན་དུ་མི་སྤྱོད་དོ། །ཞེས་གསུངས་པ་བློ་སྦྱོང་ཐམས་ཅད་ཀྱི་རྩ་བ་དང༌། བློ་སྦྱོང་ལས་ཀྱང༌། ཡིད་བདེ་འབའ་ཞིག་རྒྱུན་དུ་སྒོམ། །ཞེས་པའི་སྒོམ་ཚུལ་རྒྱས་པ་ཡིན་ལ། བདག་གཞན་བརྗེ་བ་དང་མན་ངག་རྒྱུ་འབྲས་བདུན་ཡང་འདི་ལ་བསྟེན་ནོ། །སྡུད་པ་ལས་ཀྱང༌། སངས་རྒྱས་ཐེག་པ་འདི་ལ་ངེས་པར་འབྱུང་འདོད་གང༌། །འགྲོ་བ་ཀུན་ལ་སེམས་སྙོམས་ཕ་མའི་འདུ་ཤེས་དང༌། །ཕན་པའི་སེམས་དང་བྱམས་པའི་སེམས་ཀྱིས་བཏུལ་བྱ་ཞིང༌། །ཐ་བ་མེད་ཅིང་དྲང་ལ་ཚིག་འཇམ་སྨྲ་བར་བྱ། །ཞེས་གསུངས་པ་དེ་བྱང་སེམས་ཀྱི་གཞན་དོན་བླ་མེད་བྱེད་པའི་ཐབས་མཁས་ཡིན་ཏེ། མདོ་ཏིང་ངེ་འཛིན་རྒྱལ་པོ་ལས། གཞོན་ནུ་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མཁས་པ་ཡིན་ཞེ་ན། གཞོན་ནུ་འདི་ལ་བྱང་ཆུབ་སེམས་དཔའ་ཆེན་པོས་སེམས་ཅན་ཐམས་ཅད་ལ་ཉེ་དུའི་སེམས་ཉེ་བར་བཞག་སྟེ། སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་དང་བསོད་ནམས་ཀྱི་ཕུང་པོ་ཅི་ཡོད་པ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྗེས་སུ་ཡི་རང་བར་བྱ་སྟེ། ཉིན་ལན་གསུམ་མཚན་ལན་གསུམ་དུ་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་དང་བསོད་ནམས་ཀྱི་ཕུང་པོ་ལ་རྗེས་སུ་ཡི་རང་ནས་ཐམས་ཅད་མཁྱེན་པ་ཉིད་ལ་དམིགས་པའི་སེམས་བསྐྱེད་པའི་དགེ་བའི་རྩ་བ་དང་བསོད་ནམས་ཀྱི་ཕུང་པོ་དེ་སེམས་ཅན་ཐམས་ཅད་ལ་བཏང་བར་བྱའོ། །
གཞོན་ནུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཐབས་མཁས་པ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་དེ་དང་ལྡན་པས་མྱུར་དུ་ཏིང་འཛིན་འདི་འཐོབ་ཅིང༌། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་འཚང་རྒྱའོ། །ཞེས་གསུངས་ཤིང༌། དེ་ལྟ་བུའི་སེམས་ཀྱིས་ཅི་མཛད་སེམས་ཅན་གྱི་དོན་དུ་མཛད་པ་བྱང་སེམས་ལམ་གྱི་གཞུང་ཤིང་ཡིན་ཅིང༌། ཇོ་བོ་ལྷ་ཅིག་གིས་ཀྱང་མཛད་པར་ལམ་ཡིག་ལས་བཤད་པ་ཤིན་ཏུ་བསྔགས་ཏེ། དེ་བྱང་སེམས་ཀྱི་ལམ་ཡང་དག་པར་བགྲོད་ཚུལ་ཡིན་པའི་ཕྱིར་ཏེ། ཆོས་ཡང་དག་པར་སྡུད་པ་ལས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔལ་རྣམས་ཀྱི་ལུས་ཀྱི་ལས་གང་ཅི་ཡང་རུང༌། ངག་དང་ཡིད་ཀྱི་ལས་ཅི་ཡང་རུང༌། དེ་ཐམས་ཅད་ནི་སེམས་ཅན་ཐམས་ཅད་ལ་བལྟ་བས་འཇུག་གོ །སྙིང་རྗེ་ཆེན་པོའི་དབང་དུ་གྱུར་པའོ། །སེམས་ཅན་ལ་ཕན་པའི་གནས་ཀྱི་རྒྱུའོ། །སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ལྷག་པའི་བསམ་པ་ལས་འབྱུང་ངོ༌། །དེ་ཕན་པའི་བསམ་པ་འདི་ལྟ་བུས་འདུ་ཤེས་འདི་ལྟར་འགྱུར་ཏེ། གང་སེམས་ཅན་ཐམས་ཅད་ལ་ཕན་པ་སྒྲུབ་པ་དང་བདེ་བ་སྒྲུབ་པའི་སྒྲུབ་པ་དེ་བདག་གིས་སྒྲུབ་པོ་སྙམ་མོ། །བྱང་ཆུབ་སེམས་དཔའ་མཐོང་དགས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཅི་ནས་ཀྱང་སེམས་ཅན་རྣམས་ཀྱིས་མཐོང་མ་ཐག་ཏུ་དགའ་བར་འགྱུར་བ་དེ་ལྟ་དེ་ལྟར་བསྒྲུབ་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་བགྱི་བ་གཞན་མ་མཆིས་ཀྱི། སེམས་ཅན་ཡོངས་སུ་སྨིན་པར་བགྱི་བ་བས་ཏེ། བཅོམ་ལྡན་འདས་འདི་ནི་བྱང་ཆུབ་སེམས་དཔའ་ཆོས་ཡང་དག་པར་བརྗོད་པ་ལགས་སོ། །ཞེས་གསུངས་པའི་ཕྱིར་ཏེ། འདིས་ལྷག་བསམ་ཡང་བསྟན་ལ་རང་འདོད་ཀྱི་འཁྲི་བ་མེད་པས་ལྷག་བསམ་རྣམ་པར་དག་པ་ཡིན་ཏེ། སེམས་བསྐྱེད་ཉེར་གཉིས་ཀྱི་ནང་ནས་གསུམ་པ་ཟླ་བ་ལྟ་བུ་ནས་འོངས་པས་ཇོ་བོས་དེ་ཐོབ་པར་བཤད་པ་ཡིན་པའི་ཕྱིར་ཏེ། ཐུབ་པ་དགོངས་རྒྱན་ལས། ལྷག་པའི་བསམ་པ་དང་ལྡན་པ་ནི་དཀར་པོའི་ཕྱོགས་ཀྱི་ཟླ་བ་ལྟ་བུ་སྟེ། དེས་དགེ་བ་རྣམས་སྐྱེ་བ་འཐོབ་པའི་ཕྱིར་རོ། །ཞེས་གསུངས་ལ་ལྷག་བསམ་གྱི་གོ་དོན་ཡང༌། ཕྱིན་དྲུག་ནས་རྣམ་མཁྱེན་བར་གྱི་སྦྱོར་བ་གོམས་པ་ལྟར་ལྷག་པར་རྟོགས་པའི་དོན་ཡིན་ཏེ། ཐུབ་པ་དགོངས་རྒྱན་ལས། ཁྱད་པར་རྟོགས་པའི་ཆེད་དུ་བསམ་པ་ནི་ལྷག་པའི་བསམ་པ་སྟེ། ཞེས་གསུངས་པའི་ཕྱིར། དེའི་ཤེས་བྱེད་ཡང་ཡུམ་ལས། དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རྣམས་བསྒོམ་པར་བྱའོ་ནས། ཇི་སྲིད་དུ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་བསྒོམ་པར་བྱའོ། །ཞེས་གསུངས་པས་སོ། །དེ་ལྟ་བུའི་ཇོ་བོའི་ཐུགས་རྒྱུད་ལ་འཁྲུངས་པའི་རྒྱུ་ཚོགས་ཚང་པར་ཐུགས་སྦྱངས་ཚུལ་ཡོད་དེ། བྱམས་དང་སྙིང་རྗེའི་རྩ་བ་ཅན་གྱི་སེམས་སྦྱོང་པའི་གདམས་པ་སློབ་དཔོན་རྟ་དབྱངས་དང༌། དྷརྨཱ་རཀྵི་ཏའི་མཚོན་ཆ་འཁོར་ལོ་དང༌། ཀུ་ས་ལིས་མཛད་པའི་བློ་སྦྱོང་སེམས་དཔའི་རིམ་པ་དང༌། ཐུན་བརྒྱད་མར་གྲགས་པ་ལྟ་བུའི་བློ་སྦྱོང་དང༌། ཁྱད་པར་བྱམས་པ་ནས་ཐོགས་མེད་དང༌། དབྱིག་གཉེན་བློ་བརྟན་ལས་གསེར་གླིང་པས་གསན་པའི་མདོ་སྡེ་རྒྱན་དང་རྒྱན་གྱི་གདམས་པ་རྒྱུ་འབྲས་བདུན་མ་དང་དོན་བདུན་མ་གཉིས་དང༌། འཇམ་དབྱངས་ནས། ཀླུ་སྒྲུབ་ཡབ་སྲས་ནས། ཀུ་ས་ལིའི་བར་དང༌། འཇམ་དབྱངས་ནས་སྤྱོད་འཇུག་ལྟར་ཞི་བ་ལྷ་ལ་སོགས་པ་ལས་བརྒྱུད་བའི་གདམས་པ་མཆོག་ལ་རིང་དུ་སྦྱངས་པ་ཡིན་ཏེ། གསེར་གླིང་དུ་ཕེབས་ནས་མཇལ་དུས་གསེར་གླིང་བ་ཆེན་པོས་ཇོ་བོའི་དབུ་ལ་ཕྱག་བཞག་ནས་ཤིས་པ་མང་པོ་བརྗོད་དེ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་སློབ་ནུས་སམ་དང༌། འདིར་ལོ་བཅུ་གཉིས་སྡོད་ཁོམ་མམ་ཞེས་གསུངས་ཤིང༌། ཇོ་བོས་ཀྱང་ཞལ་གྱིས་བཞེས། བསྟན་པའི་བདག་པོར་བྱིན་གྱིས་བརླབ་པའི་རྟེན་འབྲེལ་དུ་སྟོན་པའི་སྐུ་གཅིག་གནང༌། དེ་ནས་ལོ་བཅུ་གཉིས་སུ་དབུ་སྔས་སྦྲེལ་ནས་ཐེག་པ་ཆེན་པོའི་ཆོས་མ་ལུས་པ་གསན་ཞིང༌། ཁྱད་པར་དུ་ཕར་ཕྱིན་ལམ་རིམ་དང་བསླབ་བཏུས་དང་སྤྱོད་འཇུག་གི་གདམས་པ་ཐུན་མོང་མ་ཡིན་པ་དང༌། བདག་གཞན་བརྗེ་བའི་གདམས་པ་གསན་ཞིང་བསྒོམ་པས་ཐུགས་རྒྱུད་ལ་ཇི་ལྟ་བ་བཞིན་དུ་འཁྲུངས་པའི་ཕྱིར་ཏེ། བསྟོད་པ་ལས། རང་དོན་ཡལ་བར་དོར་ནས་གཞན་གྱི་དོན། །ལྷུར་མཛད་དེ་ནི་བདག་གི་བླ་མ་ལགས། །ཞེས་གསུངས་པ་ལྟར་བདག་པས་གཞན་གཅེས་པ་བརྒྱད་སྟོང་པ་དང༌། སྤྱོད་འཇུག་བསླབ་བཏུས་ནས་བཤད་པའི་བྱང་ཆུབ་ཀྱི་སེམས་སྐྱེ་དགུ་ཐམས་ཅད་ཀྱི་རྟེན་གཞི་ས་ལྟ་བུ། ཉེས་སྤྱོད་ཐམས་ཅད་སྲེག་པ་བསྐལ་པའི་མེ་ལྟ་བུ། ཕ༷་ལ༷་ཆེ༷ན༷་(ཕལ་ཆེར་)འདོད་པ་ཐམས་ཅད་སྒྲུབ་པ་རིན་པོ་ཆེ་དབང་གི་རྒྱལ་པོ་ཟླ་མེད་པ་དེ་ཐུགས་ལ་འཁྲུངས་ཤིང༌། སྨོན་སེམས་སེམས་ཅན་གྱི་དོན་དུ་འགྲོ་འདོད་པ་ལྟ་བུའི་བསམ་པས་དྲངས་ཏེ། འཇུག་སེམས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཕྱིན་དྲུག་སོགས་ཀྱིས་འགྲོ་བ་གང་ལ་གང་འདུལ་གྱིས་སྤྱོད་ཅིང་འགྲོ་བའི་བྱ་བ་ལྟ་བུའི་རྒྱལ་སྲས་ཀྱི་སྤྱོད་པ་ལ་ཞུགས་ཤིང༌། སེམས་དེས་ཀུན་ནས་སླངས་པ་གཞུང་ཤིང་ལྟ་བུས་འཇུག་སེམས་ཀྱི་སྤྱོད་པ་གཞན་གྱིས་དཔག་དཀའ་ཞིང་བློར་མི་ཤོང་བའི་རླབས་ཆེ་བ་ལ་སླེབ་པར་ཁས་བླངས་པའི་རྗེས་སུ་འགྲོ་བའམ་སྤྱོད་པའི་བསླབ་པ་ལ་སློབ་པའི་སྤྱོད་པ་བཟང་པོས་རྒྱལ་སྲས་ཀྱི་བཅས་མཚམས་ཚུལ་ཁྲིམས་ལེའུ། དེའི་རྣམ་བཤད་བྱང་ཆུབ་གཞུང་ལམ་དང་བསླབ་བཏུས་ལྟར་དུ་འདའ་བར་མི་བྱེད་པར་བསྲུང་བར་མཛད་པ་ནི་ཤིན་ཏུ་བསྔགས་ཚུལ་སྤྱོད་འཇུག་སོགས་ལྟར་ཡིན་ཏེ། སྤྱོད་འཇུག་ལས། སེམས་ཅན་མགུ་ལས་བྱུང་བ་ཡི། །མ་འོངས་སངས་རྒྱས་འགྲུབ་ལྟ་ཞོག །ཚེ་འདི་ཉིད་ལ་དཔལ་ཆེན་དང༌། །གྲགས་དང་སྐྱིད་འགྱུར་ཅིས་མི་མཐོང༌། །ཞེས་དང༌། མདོ་སྡེ་རྒྱན་ལས། སྐྱེ་བོ་རྨོང་བ་རང་གི་བདེ་དོན་བརྩོན། །རྟག་ཏུ་དེ་མ་ཐོབ་པར་སྡུག་བསྔལ་འགྱུར། །བརྟན་པ་རྟག་ཏུ་གཞན་དོན་བརྩོན་པ་ནི། །གཉིས་ཀའི་དོན་བྱས་མྱ་ངན་འདའ་བར་འགྱུར། །ཞེས་དང༌། ཕལ་པོ་ཆེ་ལས། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ནོར་བུ་རིན་པོ་ཆེ་ཡིད་བཞིན་གྱི་རྒྱལ་པོ་ཐོགས་པའི་མི་ནི་ཕོངས་པ་ཐམས་ཅད་ཀྱིས་མི་འཇིགས་སོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་ཡིད་བཞིན་གྱི་རྒྱལ་པོའི་ནོར་བུ་རིན་པོ་ཆེ་ཐོགས་པའི་བྱང་ཆུབ་སེམས་དཔའ་ཡང་ཡོ་བྱད་དང་འཚོ་བས་བག་ཚ་བ་ཐམས་ཅད་ཀྱིས་མི་འཇིགས་སོ། །ཞེས་དང༌། ཡང་དབུལ་བ་ཐམས་ཅད་ཡོངས་སུ་སེལ་བས་ངལ་སོས་པོ་ལྟ་བུའོ། །དོན་ཐམས་ཅད་ཡོངས་སུ་འགྲུབ་པས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྒྱལ་པོ་ལྟ་བུའོ། །བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས་བུམ་པ་བཟང་པོ་ལྟ་བུའོ། །ཞེས་གསུངས་སོ། །སྒོམ་ཚུལ་ཡང་ཇོ་བོ་ལྟར་ལོ་བཅུ་གཉིས་སོགས་སུ་ཡུན་བསྲིང་སྟེ་བསྒོམ་དགོས་པ་ལགས། འདི་དག་ནི་ཐེག་ཆེན་གྱི་གཞུང་ཤིང་སྲོག་ལྟ་བུ་ཡིན་པས་ཞིབ་བར་རྩད་བཅད་དགོས་སོ། །
གསུམ་པ་རིག་འཛིན་གྱི་སྡོམ་པ་དང་ལྡན་ཚུལ་ལ་དངོས་དང༌། སྡོམ་པ་གསུམ་དེ་ལྟར་བསྲུང་རིགས་པར་བསྟན་པ་གཉིས། དང་པོ་ནི། རྡོ་རྗེ་ཐེག་པའི་སྡོམ་པ་དང་ལྡན་པ་ནི། བསྟོད་པ་ལས། ཁྱོད་ནི་རྡོ་རྗེ་ཐེག་པའི་སྒོར་ཞུགས་ནས། །རང་ལྷར་གཟིགས་ཤིང་རྡོ་རྗེའི་ཐུགས་དང་ལྡན། །རྣལ་འབྱོར་དབང་ཕྱུག་ཨ་ཝ་དྷཱུ་ཏཱི་པ། །སྦས་པའི་བརྟུལ་ཞུགས་མཛད་ལ་ཕྱག་འཚལ་ལོ། །ནས། ལྟུང་བའི་ཉེས་པས་ཁྱོད་མ་གོས། །ཞེས་གསུངས་པ་ལྟར་རོ། །ཞེས་བྱུང༌། རྡོ་རྗེ་ཐེག་པའི་སྡོམ་པ་དང་ལྡན་པ་ཞེས་པ་ལ་བྱ་རྒྱུད་དང་སྤྱོད་རྒྱུད་གཉིས་ལ་སྔགས་ཀྱི་སྡོམ་པ་ཐུན་མོང་མ་ཡིན་པ་མེད་དེ། དེ་ལེན་པའི་ཆོ་ག་མེད་པའི་ཕྱིར་ཏེ། དབང་བསྐུར་གྱི་ཚེ་བྱང་སྡོམ་ལེན་པ་མ་གཏོགས་པའི་སྡོམ་བཟུང་གི་ཚིག་མེད་པའི་ཕྱིར། དེས་ན་རྣལ་འབྱོར་རྒྱུད་དང་རྣལ་འབྱོར་བླ་མེད་ཁོ་ན་ལ། རིགས་ལྔའི་སྡོམ་བཟུང་ཡོད་པས་རིགས་ལྔ་སྤྱིའི་དམ་ཚིག་རྩ་ལྟུང་བཅུ་བཞི་སྦོམ་པོ་བརྒྱད་ཡོད་ལ། ཐུན་མོང་མ་ཡིན་པ་རིགས་སོ་སོའི་དམ་ཚིག་ཀྱང་ཡོད་པས་འདིར་ཐུན་མོང་ཙམ་འཆད་པའི་སྐབས་སུ་རྒྱས་པར་མ་བཤད་དེ། རྒྱས་པར་རྗེ་ཡབ་སྲས་གསུམ་གྱི་གསུང་ལྟར་ཤེས་དགོས་ཏེ། སྤྱིར་བསྟན་པ་ཐམས་ཅད་གྲུ་བཞིར་ལམ་ཁྱེར་འདོད་པ་དང༌། ཁྱད་པར་དུ་རྗེའི་བསྟན་པ་གཞན་ལས་ལྷག་པ་ནི་སྔགས་དང་ལྟ་བ་སྤེལ་བར་བཤད་པས་སོ། ཇོ་བོ་ཆེན་པོ་ཁྱོད་ནི་ཐབས་ལྷ་སྐུ་དང་ཤེས་རབ་སྟོང་ཉིད་རྟོགས་པའི་བློ་གཉིས་ཐ་དད་མ་ཡིན་པར་སྣང་ངོར་ལྷ་སྐུ་དང་ངེས་ངོར་སྟོང་པ་རྟོགས་པའི་ཟབ་གསལ་གཉིས་མེད་ཀྱི་རྡོ་རྗེ་ཡང་ཡིན་ལ་བགྲོད་པའི་བྱེད་པ་ཡང་ཡིན་པས་ན་རྡོ་རྗེ་ཐེག་པ་སྟེ། བློ་གཅིག་གི་སྣང་ངོ་ངེས་ངོ་ཐབས་ཤེས་སུ་འཇོག་པ་རྡོ་རྗེ་སྟེ་མི་ཕྱེད་པས། སྙིམ་པའི་མེ་ཏོག་ལས། རྡོ་རྗེ་ཐེག་པ་ཞེས་བྱ་བ་ནི། ཐེག་པ་ཆེན་པོ་མ་ལུས་པ་བསྡུས་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡིན་ལ། དེ་རྣམས་བསྡུས་པ་ནི་ཐབས་དང་ཤེས་རབ་ཡིན་ཞིང༌། དེ་དག་ཀྱང་བསྡུས་པ་རོ་གཅིག་པ་དེ་ནི་བྱང་ཆུབ་ཀྱི་སེམས་ཡིན་ཏེ། དེ་ཡང་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཡིན་ལ། དེ་ཉིད་ནི་རྡོ་རྗེ་ཡིན་ནོ། །རྡོ་རྗེ་ཡང་དེ་ཡིན་ལ་ཐེག་པ་ཡང་ཡིན་པས་ན་རྡོ་རྗེ་ཐེག་པ་སྟེ། སྔགས་ཀྱི་ཐེག་པ་ཞེས་བྱ་བའི་དོན་ནོ། །ཞེས་གསུངས་ཏེ། བྱང་ཆུབ་ཀྱི་སེམས་ཡིན་ཏེ་ཡན་ཆད་ཀྱིས་ཐེག་ཆེན་ཚང་ཚུལ་བཤད། དེའི་རྗེས་སུ་རྡོ་རྗེ་སེམས་དཔའ་ལྷ་སྐུའི་ཏིང་ངེ་འཛིན་ལ་ཐབས་ཤེས་གཉིས་དབྱེར་མེད་པར་ཚང་བས་རྡོ་རྗེ་དང༌། ཐེག་པ་བཞོན་པའི་དོན་ཡིན་པས། བགྲོད་བྱེད་རྡོ་རྗེ་ལྟར་ཐབས་ཤེས་དབྱེར་མེད་པ་ཡིད་སྐྱོབ་པའི་སྔགས་ཀྱི་ལམ་དུ་གསུངས་སོ། །རྡོ་རྗེ་ཐེག་པ་ལ་བྱ་རྒྱུད་སྤྱོད་རྒྱུད་རྣམ་འབྱོར་བླ་མེད་དེ་རྒྱུད་སྡེའི་འཇུག་སྒོ་བཞི་ཡོད་དེ། འདོད་ཡོན་ལམ་དུ་བྱེད་ཚུལ་སྒོ་མི་འདྲ་བ་བཞི་ཡོད་པའི་ཕྱིར། ཁ་སྦྱོར་ལས། རྒོད་དང་ལྟ་དང་ལག་བཅང་དང༌། །གཉིས་གཉིས་འཁྱུད་དང་རྣམ་པ་བཞི། །སྲིན་བུའི་ཚུལ་གྱིས་རྒྱུད་བཞིར་གནས། །ཞེས་དང༌། གུར་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མེད་རྣལ་འབྱོར་དེ་ལྟག་ལ། །རྣལ་འབྱོར་མཆོག་ནི་སེམས་ཅན་མཆོག །རྣལ་འབྱོར་བླ་མེད་དེ་ལྟག་ལ། །ཞེས་དང༌། བླ་མེད་ཀྱི་རྒྱུད་དོན་ལ་འཇུག་པ་ལས་ཀྱང༌། གསང་སྔགས་འབྲས་བུ་རྡོ་རྗེ་ཐེག་པ་ལ་ནི་འཇུག་པའི་སྒོ་བཞི་སྟེ། བྱ་བའི་རྒྱུད་དང་སྤྱོད་པའི་རྒྱུད་དང་རྣལ་འབྱོར་གྱི་རྒྱུད་དང་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཅེས་སྤྱིར་གྲགས་པ་ཡིན་ནོ། །ཞེས་གསུངས་སོ། །རྒྱུད་སྡེ་བཞི་ཀའི་ཡང་འཇུག་སྒོ་དབང་བསྐུར་པས་བྱེད་དགོས་ཏེ། དབང་གིས་སློབ་མའི་རྒྱུད་སྣོད་རུང་དུ་བྱས་ན་དངོས་གྲུབ་ཐམས་ཅད་ཐོབ་ལ། དེ་མེད་ན་དོན་ཤེས་པ་དང་དངོས་གྲུབ་ཕྲ་མོ་ཐོབ་ཀྱང་དཔོན་སློབ་གཉིས་ཀ་དམྱལ་པར་འགྲོ་བའི་ཕྱིར་ཏེ། རྒྱུད་རྡོ་རྗེ་ཕྲེང་བ་ལས། ཐོག་མར་སློབ་མ་གང་གི་ཚེ། །བློ་ལྡན་ཡང་དག་དབང་བསྐུར་ནས། །རྫོགས་པའི་རིམ་པའི་རྣལ་འབྱོར་ལ། །དེ་ཡི་ཚེ་ན་སྣོད་དུ་འགྱུར། །ཡང་དག་དབང་བསྐུར་གྱིས་དབེན་ན། །སྒྲུབ་པོས་རྒྱུད་ཀྱི་དོན་ཤེས་ཀྱང༌། །སློབ་དཔོན་སློབ་མ་མཚུངས་པར་ནི། །མི་བཟད་དམྱལ་པ་ཆེན་པོར་འགྲོ། །ཞེས་གསུངས་ཤིང༌། ཐོད་པའི་འགྲེལ་པར་ལུང་དྲངས་པ་ལས། དབང་བསྐུར་ཡང་དག་སྦྱིན་ལྡན་ན། །སྐྱེ་དང་སྐྱེ་བར་དབང་བསྐུར་འགྱུར། །ཞེས་སོགས་མང༌། རྒྱུད་སྡེ་འོག་མར་ཡང་དེ་བཞིན་གཤེགས་པའི་རིགས་ལ་དབང་ཐོབ་ན། རིགས་གསུམ་ཀའི་བྱ་རྒྱུད་ཀྱི་དཀྱིལ་འཁོར་སུམ་སྟོང་ལྔ་བརྒྱ་པོ་ཐམས་ཅད་ལ་དབང་བ་ཡིན་ཏེ། སྤྱི་རྒྱུད་ལས། དེ་བཞིན་གཤེགས་རིགས་དཀྱིལ་འཁོར་དུ། །གང་གིས་ལེགས་པར་དབང་བསྐུར་བ། །དེ་ནི་རིགས་རྣམས་གསུམ་ཆར་ལ། །དཀྱིལ་འཁོར་ལ་སོགས་སློབ་དཔོན་འགྱུར། །ཞེས་གསུངས་སོ། །ཇོ་བོ་ནི་རྒྱུད་སྡེ་བཞིའི་རྡོ་རྗེ་ཐེག་པའི་འཇུག་སྒོ་དབང་གིས་ཕྱེ་སྟེ་ཞུགས་ནས་རང་གི་སྒོ་གསུམ་རྒྱུད་སྡེ་འོག་མ་ལྟར་ན་མཚན་བཅས་ཀྱི་ལྷ་སྐུར་གཟིགས་ཤིང༌། གོང་མ་ལྟར་ན་བསྐྱེད་རིམ་གྱི་ལྷ་སྐུ་དང༌། འོག་མ་ལྟར་ན་མཚན་མེད་ཀྱི་ལྷའི་རྡོ་རྗེའི་ཐུགས་དང༌། གོང་མ་ལྟར་ན་རྫོགས་རིམ་གྱི་རྡོ་རྗེའི་ཐུགས་དང་ལྡན་ཞིང༌། རྣལ་འབྱོར་ཏེ་ཐུན་མོང་མ་ཡིན་པའི་ཞི་ལྷག་ཟུང་འབྲེལ་གྱི་རྣལ་འབྱོར་གྱི་དབང་ཕྱུག་ཨ་ཝྭ་དྷཱུ་ཏཱི་བ་སྟེ་གཉིས་སྤངས་ཀྱི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དབུ་མའི་རྣལ་འབྱོར་ལ་གནས་ཤིང་སྦས་པའི་བརྟུལ་ཞུགས་མཛད་པས་སྔགས་ཀྱི་ཚུལ་ཁྲིམས་ཐོབ་ཅིང་དེ་བསྲུང་ཚུལ་རྒྱུད་ལས་ཁྱད་པར་བཤད་པ་ལྟར་དྲན་ཤེས་བཞིན་བག་ཡོད་ཀྱིས་རྒྱུན་དུ་བྱ་ར་མཛད་པས་ལྟུང་བས་མ་གོས་པ་ནི་འཚང་རྒྱ་བའི་ཉེ་ལམ་གཅིག་ཡིན་པའི་ཕྱིར། ས་ར་ཧས་ཐོད་པའི་དཀའ་འགྲེལ་དུ་ལུང་དྲངས་པ་ལས། དེ་ཡིས་སྐྱེ་བ་བདུན་ལ་ནི། །མ་སྒོམ་པར་ཡང་དངོས་གྲུབ་འཐོབ། །ཅེས་སོ། །
གཉིས་པ་སྡོམ་གསུམ་དེ་ལྟར་བསྲུང་དགོས་པ་ནི། དེ་ལྟར་སྡོམ་པ་གསུམ་གྱི་ཚུལ་ཁྲིམས་ཀྱི་བསླབ་པ་རྣམས་ཁས་ལེན་པ་ལ་དཔའ་བ་ཙམ་མིན་པར་ཇི་ལྟར་ཁས་བླངས་པའི་རྗེས་སུ་འབྲང་སྟེ་བཅས་པའི་མཚམས་ལས་མི་འདའ་བར་བསྲུང་ཞིང༌། བརྒྱ་ལ་ཅུང་ཟད་འདས་ནའང་མྱུར་བ་མྱུར་བར་ཕྱིར་བཅོས་ཀྱི་ཆོ་གས་དག་པར་བྱེད་པའི་རྣམ་པར་ཐར་བ་འདི་ནི་གསུང་རབ་ཀྱི་གནད་ཤེས་པའི་མཁས་པ་རྣམས་དགའ་བ་བསྐྱེད་པའི་རྣམ་པར་ཐར་བར་ཤེས་པར་བྱས་ལ་དམ་པ་རྣམས་ཀྱི་རྗེས་སུ་བསླབ་པར་བྱའོ། །ཞེས་གསུངས། འདི་དག་ཚིག་གསལ་ཡང་དོན་རྟོགས་དཀའ་བས་དོན་འབྲུ་གཅིག་བཤད་ན། སྡོམ་གསུམ་ཁས་བླངས་ཙམ་མ་ཡིན་པར་བསྲུང་བ་ནི་དགེ་སློང་གི་བསླབ་བྱ་དེ་སྙེད་ཀྱི་དགེ་བ་དང་བྱང་སེམས་ཀྱི་ཚུལ་ཁྲིམས་གསུམ་གྱི་དགེ་བ་མཐའ་དག་བྱེད་པ་དང༌། སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ་དང༌། ཉེས་སྤྱོད་ཐམས་ཅད་སྡོམ་པ་གསུམ་དང༌། སྔགས་ཀྱི་འབྲས་བུ་སངས་རྒྱས་ཀྱི་མཛད་པ་རྣམས་སྐད་ཅིག་མ་རེ་རེ་ལ་ཡང་ཚང་བར་བྱེད་པ་ལས་ལྷག་པའི་ཆོས་བྱེད་ཚུལ་དུས་གསུམ་དུ་མི་རྙེད་པ་དེ་ལྟ་བུ་མཛད་ཅིང༌། སྡོམ་པ་གསུམ་གྱི་སོ་ཐར་གྱི་ཕམ་པ་བཞི་ལས་སྔགས་ཀྱི་སྦོམ་པོ་ལྕི་བ་དང༌། བྱང་སེམས་ཀྱི་རྩ་ལྟུང་བྱུང་ན་ཚེ་དེ་ལ་ས་དང་པོ་མི་ཐོབ་པར་བཤད་པས། ལྟུང་བ་ཕྲ་མོ་བྱུང་བ་ཡང་ཚུལ་བཞིན་ཕྱིར་བཅོས་ཀྱིས་དག་པར་བྱེད་པ་ངོ་མཚར་བའི་གནས་ཡིན་པའི་ཕྱིར། ཐུབ་བསྟན་བྱི་དོར་ལས། གཞན་ཡང་འཕགས་པ་རྣམས་ལ་ཡང་འདུལ་པའི་བཅས་པ་དང་འགལ་བའི་ཉེས་བྱས་ཕྲ་མོ་རེས་ཀྱང་ཐུགས་རྒྱུད་ལ་ཡོན་ཏན་དང་ལམ་གྱི་རྟོགས་པ་གོང་མ་སྐྱེ་བའི་གེགས་བྱེད་པར་མདོ་ལས་གསུངས་པ་ལ། ད་ལྟ་སོ་སོ་སྐྱེ་བོ་རྒྱུད་ཁས་བླངས་པའི་སྡོམ་པ་དང་འགལ་པའི་ལྟུང་བས་ཐམས་ཀྱིས་འགགས་པ་རྣམས་ལ་ལྟུང་བ་དེ་དག་དང་བཅས་བཞིན་དུ་རྟོགས་པ་ཕུལ་ཏུ་ཕྱིན་པ་དབྱར་གྱི་ཆུ་བོ་བཞིན་དུ་རྡོལ་འོང་བ་ནི་གནས་མེད་ཅིང་གོ་སྐབས་མེད་དོ་ཞེས་གསུངས་པ་ལྟར་ཡིན་ཏེ། དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་ལས། ལ་ལའི་ཚུལ་ཁྲིམས་བདེ་བ་སྟེ། །ལ་ལའི་ཚུལ་ཁྲིམས་སྡུག་བསྔལ་ཡིན། །ཚུལ་ཁྲིམས་ལྡན་པ་བདེ་བ་སྟེ། །ཚུལ་ཁྲིམས་འཆལ་བ་སྡུག་བསྔལ་ཡིན། །ཞེས་དང༌། ཏིང་ངེ་འཛིན་རྒྱལ་པོ་ལས། བསྟན་པ་འདི་ལ་རབ་བྱུང་ནས། །སྡིག་པའི་ལས་རྣམས་སྤྱོད་པར་བྱེད། །ནོར་དང་འབྲུ་ལ་སྙིང་བོར་འདུ་ཤེས་ཤིང༌། །བཞོན་དང་བ་གླང་ཤིང་རྟ་རྣམས་ལ་ཆགས། །གང་ལ་བསླབ་པའི་ནན་ཏན་མེད་པ་རྣམས། །དེ་དག་གིས་ཀྱང་ཅིའི་ཕྱིར་མགོ་བོ་བྲེགས། །ཞེས་གསུངས་ཏེ་རྒྱས་པར་འོག་ཏུ་བཤད་པར་བྱའོ། །
གཉིས་པ་ཏིང་ངེ་འཛིན་གྱི་བསླབ་པ་ལྡན་ཚུལ་ལ་ཐུན་མོང་པ་དང་ཐུན་མོང་མ་ཡིན་པ་གཉིས་ལས། དང་པོ་ནི། ཏིང་ངེ་འཛིན་གྱི་བསླབ་པ་དང་ལྡན་པ་ལ་གཉིས་ལས། ཐུན་མོང་བ་ནི། ཞི་གནས་ཀྱི་སྒོ་ནས་སེམས་ལས་སུ་རུང་བ་བརྙེས་ཤིང༌། ཞེས་བྱུང༌། ཏིང་ངེ་འཛིན་ཞི་གནས་སོགས་འོག་ཏུ་འཆད་ཅིང་ཞི་གནས་ལ་བརྟེན་ནས་དམིགས་པ་ལ་ཅི་ཙམ་བཞག་ཀྱང་རྐྱེན་གྱིས་མི་གཡོ་བ་རི་ལྟ་བུ་དང༌། གང་ལ་དཔྱད་ཅིང་བཏང་བར་དགེ་བའི་དམིགས་པ་ཀུན་ལ་འཇུག་པ་ནི་ཞི་ལྷག་ཟུང་འབྲེལ་སྐབས་ཀྱི་ཞི་གནས་ཐོབ་པའི་དོན་ཡིན་ནོ། །
གཉིས་པ་ནི། ཐུན་མོང་མ་ཡིན་པའི་ཏིང་ངེ་འཛིན་གྱི་བསླབ་པ་ནི། བསྐྱེད་པའི་རིམ་པ་ཤིན་ཏུ་བརྟན་པ་མངའ་སྟེ། དེ་ཡང་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ལོ་དྲུག་གམ་གསུམ་དུ་མཛད་ཅིང༌། དེའི་ཚེ་ཨུ་རྒྱན་དུ་མཁའ་འགྲོ་མ་རྣམས་ཀྱིས་གླུ་བླངས་པ་གསན་ནས་ཐུགས་ལ་བཟུང་བའང་ཡོད་དོ། །ཞེས་བྱུང༌། རང་ལུས་ལྷར་བསྒོམ་ཙམ་མ་ཡིན་པར་ལུས་ལྷ་སྐུར་སྟོན་ཐུབ་པའི་བསྐྱེད་རིམ་བརྟན་པོ་འཇིག་རྟེན་ཀྱི་ཆོས་བརྒྱད་དང་ཚ་གྲང་སོགས་ཀྱིས་མི་རྫི་བའི་ཏིང་ངེ་འཛིན་གྱི་དྲོད་དམ་ཉམས་མྱོང་ཐོབ་པ་ཡིན་ཏེ། བརྟུལ་ཞུགས་ཀྱི་སྤྱོད་པ་གསུམ་གང་རུང་བྱེད་པ་ལ་ཏིང་ངེ་འཛིན་དེ་འདྲ་དགོས་པའི་ཕྱིར། བདེ་མཆོག་རྩ་རྒྱུད་ལས། ཇི་སྲིད་དྲོ་བའི་བྱ་བ་དག །མངོན་པར་བརྩོན་ནས་རྣལ་འབྱོར་བྱ། །ཞེས་དང༌། རྒྱུད་ལས། ཅུང་ཟད་དྲོ་བ་ཉིད་ཐོབ་ནས། །སྤྱོད་པ་འདི་ནི་སྤྱད་པར་བྱ། །ཞེས་དང༌། སུ་མ་ཏི་ཀིརྟིའི་བསྡུས་དོན་ལས། ཚར་གཅད་པ་དང་ཕན་གདགས་པའི་ལས་བསམ་གཏན་དང་བཟླས་བརྗོད་ཙམ་གྱིས་འགྲུབ་པའི་ཚེ། དུས་ཁྱད་པར་ཅན་ལ་མཆོད་པ་དང་གཏོར་མ་སྔོན་དུ་སོང་བས་བླ་མ་ལ་ཕྱག་བྱས་ནས་སྤྱོད་པ་བྱ་བར་ཞུས་ཤིང་ཁས་བླངས་པའི་རྗེས་ལ་ཞེས་དང༌། ཡང་དེ་ཉིད་ལས། དེ་ཡང་བསྒོམ་པ་དང་བཟླས་བརྗོོད་ལ་གུས་པ་རྒྱུན་མི་འཆད་པར་གནས་པར་བྱ་བའི་ནུས་པ་བཀྲེས་པ་དང་སྐོམ་པ་དང་རླུང་དང་ཆར་བ་ལ་སོགས་པས་ལུས་ལ་གནོད་པར་མི་ནུས་པ་དང༌། ཕྲག་དོག་ལ་སོགས་པ་ཉོན་མོངས་པས་སེམས་དཀྲུགས་པར་མི་ནུས་པ་དང༌། དེ་བཞིན་དུ་འདིར་ཡང་བསམ་གཏན་དང་སྔགས་ཀྱི་སྦྱོར་བ་ཙམ་གྱིས་འཁྲུལ་འཁོར་དང་སྦྱིན་སྲེག་ལ་ལྟོས་མི་དགོས་པར་ཚར་བཅད་པ་དང༌། ཕན་གདགས་པའི་ལས་ནུས་པའོ། །དེ་བས་ན་ནུས་པ་དེ་ལྟ་བུ་དང་ལྡན་པའི་རྣལ་འབྱོར་པས་སྤྲོས་པ་དང་བཅས་པའི་སྤྱོད་པ་ཉིད་དུ་ངེས་པ་ཡིན་ནོ། །ཞེས་གསུངས་པ་ལྟར་དགོས་ལ། དེའི་ཤེས་བྱེད་དུ་བརྟག་གཉིས་ལས། གལ་ཏེ་དངོས་གྲུབ་སྒྲུབ་འདོད་ཅིང༌། །གལ་ཏེ་སྤྱོད་པ་བྱེད་འདོད་ན། །ཅུང་ཟད་དྲོ་བ་ཉིད་ཐོབ་ན། །སྤྱོད་པ་འདིས་ནི་སྤྱད་པར་བྱ། །ཞེས་དང༌། སློབ་དཔོན་པདྨ་རྡོ་རྗེའི་གསང་བ་གྲུབ་པ་ལས་ཀྱང༌། ཐོག་མར་དེ་ཉིད་ཤེས་བྱས་ལ། །དེ་ཉིད་འབད་པས་བསྒོམ་པར་བྱ། །ཉམས་སུ་མྱོང་བ་སྐྱེས་གྱུར་ནས། །དེ་ཉིད་གསལ་བར་བྱས་རྣམས་ཀྱིས། །ཕྱི་ནས་སྤྱོད་པ་ཡང་དག་བརྩམས། །ཞེས་གསུངས་པ་དེ་ཇོ་བོས་ཀྱང་ཐོབ་པའི་ཕྱིར། དེས་ན་བསྐྱེད་པའི་རིམ་པ་ཤིན་ཏུ་བརྟན་པ་ཚ་གྲང་བཀྲེས་སྐོམ་ཟིལ་གྱིས་གནོན་པ་དང༌། ནང་གི་ཉོན་མོངས་པ་ཡང་ཟིལ་ཀྱིས་གནོན་ནུས་པའི་ཏིང་ངེེ་འཛིན་ཐོབ་པས། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ལོ་དྲུག་གམ་གསུམ་དུ་མཛད་པས་རྫུ་འཕྲུལ་དང་མངོན་ཤེས་དུ་མ་ཐོབ་པས་ལྷ་ས་དང་བསམ་ཡས་སུ་ནམ་མཁའ་ལ་སྐོར་བ་མཛད་པ་དང༌། མ་ག་དྷཱ་ནས་སློབ་མས་གསོལ་བ་བཏབ་པ་གསན་པ་དང༌། བརྟུལ་ཞུགས་སྤྱོད་པའི་ཚེ་ཨུ་རྒྱན་དུ་མཁའ་འགྲོ་མ་རྣམས་ཀྱིས་གླུ་བླངས་པ་གསན་ནས་ཐུགས་ལ་བཟུང་བ་དང༌། འང་སྒྲས་འདས་མ་འོངས་སོགས་མཁྱེན་ཚུལ་སྤྲུལ་པའི་གླེགས་བམ་ནང་གི་དེ་འདྲ་ཡོད་པ་ཤེས་བར་བྱའོ། །
གསུམ་པ་ཤེས་རབ་ཀྱི་བསླབ་པ་དང་ལྡན་པ་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་ལས། དང་པོ་ནི། ཐུན་མོང་བ་ནི་ཞི་ལྷག་ཟུང་དུ་འབྲེལ་བའི་ལྷག་མཐོང་གི་ཏིང་ངེ་འཛིན་བརྙེས་ཤིང༌། ཞེས་བྱུང༌། བྱང་སེམས་ཀྱི་སྟོང་ཉིད་རྟོགས་པའི་ཞི་ལྷག་ཟུང་འབྲེལ་ཐོག་མར་ནམ་ཐོབ་པ་ན་ཐེག་ཆེན་གྱི་སྦྱོར་ལམ་དྲོད་ཡན་ཆད་ཐོབ་པ་དང་རྩེ་སྦྱོར་གྱི་རྟགས་སོགས་ཀྱང་ཇོ་བོ་ལྷ་ཅིག་ལ་བྱུང་བ་ཡིན་ཏེ། སད་རྨིས་གང་གི་སྐབས་སུ་ཡང་ཆོས་ཐམས་ཅད་སྒྱུ་མར་རྟོགས་པའི་ཤེས་རབ་བདག་པས་གཞན་གཅེས་ཀྱི་བྱང་ཆུབ་སེམས་ཀྱིས་ཟིན་པའི་ཕྱིར། མངོན་རྟོགས་རྒྱན་ལས། རྨི་ལམ་ན་ཡང་ཆོས་རྣམས་ཀུན། །རྨི་ལམ་ལྟ་བུར་ལྟ་ལ་སོགས། །རྩེ་མོར་ཕྱིན་པའི་སྦྱོར་བའི་རྟགས། །རྣམ་པ་བཅུ་གཉིས་དག་ཏུ་བཞེད། །ཅེས་དང༌། ཡུམ་བར་བ་ལས། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་ཆེན་པོ་རྨི་ལམ་གྱི་ནང་ན་ཡང་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བ་ཉིད་དུ་ལྟ་བ་དང༌། དེ་བཞིན་དུ་སྒྲ་བརྙན་དང་གཟུགས་བརྙན་དང་སྨིག་རྒྱུ་དང་སྤྲུལ་བ་དང་སྒྱུ་མ་དང་དྲི་ཟའི་གྲོང་ཁྱེར་དང་འདྲ་བ་ཉིད་དུ་ཆོས་ཐམས་ཅད་ལ་ལྟ་ཞིང༌། མངོན་དུ་བྱེད་ན་འདི་ཕྱིར་མི་ལྡོག་པའི་རྩེ་མོས་ཕྱིར་མི་ལྡོག་པའི་མཚན་ཉིད་དུ་རིག་པར་བྱའོ། །ཞེས་དང༌། ཉི་སྣང་ལས། དེ་ལྟར་ཤེས་རབ་དང་ཐབས་ཀྱིས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའི་རྣལ་འབྱོར་གྱི་ཆོས་བསྒོམ་པའི་རྩེ་མོ་ཐོབ་པ་གང་ཡིན་པ་ནི་རྨི་ལམ་གྱི་ནང་དུ་ཡང་འདིའི་རྣལ་འབྱོར་དང་ལྷག་མཐོང་ཡིད་ལ་བྱེད་པས་སེམས་ཅན་ཐམས་ཅད་ཀྱི་ཁམས་ལ་ལྟོས་པ་དང་བཅས་པ་ཉིིད་དུ་གནས་པ་ཡིན་ནོ། །ཞེས་གསུངས་པ་ལྟ་བུའོ། །
གཉིས་པ་ནི། ཐུན་མོང་མ་ཡིན་པ་ནི་རྫོགས་པའི་རིམ་པའི་ཏིང་ངེ་འཛིན་ཁྱད་པར་ཅན་བརྙེས་པ་སྟེ། བསྟོད་པ་ལས། གསང་སྔགས་ཐེག་པའི་གཞུང་ལྟར་ན། །སྦྱོར་པའི་ལམ་པ་ཡིན་པར་གསལ། །ཞེས་གསུངས་པ་ལྟར་རོ། །ཞེས་བྱུང༌། ཐུན་མོང་མ་ཡིན་པ་མདོ་སྔགས་གཉིས་ལས་སྔགས་ཀྱི་ཡང་རྒྱུད་སྡེ་འོག་མ་གསུམ་དང་ཐུན་མོང་མ་ཡིན་པ་བླ་མེད་ཁོ་ནའི་ལམ་ནི་བསྐྱེད་རིམ་དུས་སུ་ཇི་སྙེད་པའི་ལྷག་མཐོང་ལྷའི་སྤྲོ་བསྡུ་དང༌། ཟབ་གསལ་གཉིས་མེད་ཀྱི་ལྷག་མཐོང་ཡང་ཐོབ་པས་ཕར་ཕྱིན་དང་ཐུན་མོང་མ་ཡིན་པའི་སྔགས་ཀྱི་སྦྱོར་ལམ་ཙམ་དེ་དུས་ནས་ཀྱང་ཐོབ་མོད། བླ་མེད་ཀྱི་རྫོགས་རིམ་དགའ་བཞི་སྟོང་བཞི་རྣམ་དག་སྐྱེ་དུས་སྦྱོར་ལམ་བཟོད་པ་ཡན་ཀྱི་རྟོགས་པ་སྐྱེ་བར་འགྱུར་ཏེ། རིམ་གཉིས་མྱུར་འཇུག་ལས། བསྐྱེད་པའི་རིམ་པ་བསྒོམ་པའི་ཚེ་ན་ཕར་ཕྱིན་དང་ཐུན་མོང་པའི་སྦྱོར་ལམ་བཟོད་པ་མན་ཆད་དེའི་དུས་ཉིད་ནས་སྐྱེ་ཟིན་ལ། ཐུན་མོང་མ་ཡིན་པའི་སྦྱོར་ལམ་ནི་བསམ་གཏན་ནས་སྐྱེ་བ་ཡིན་ནོ། །ཞེས་གསུངས་སོ། །གསལ་སྒྲོན་ལས། རྫོགས་རིམ་དུས་སུ་སྔགས་ཀྱི་སྦྱོར་ལམ་ཞེས་གསུངས་པའི་དགོངས་པ་རྒྱལ་ཚབ་ཀྱི་སྦྱོར་དྲུག་གི་ཁྲིད། རིམ་གཉིས་མྱུར་འཇུག་དང༌། བ་སོ་བའི་སྦྱོར་དྲུག་གི་རྫོགས་རིམ་གྱི་ཁྲིད་དང་སྐལ་བཟང་འཇུག་ངོགས་གཉིས་ཀར་སྔར་ལྟར་བཤད་པ་རྗེ་རིན་པོ་ཆེའི་བཞེད་པ་དྲི་མ་མེད་པ་ཡིན་ཏེ། འདིར་དབང་མ་ཐོབ་པར་གསང་སྒྲོགས་སུ་སོང་དོགས་ནས་ལུང་ཁུངས་ལས་མ་བྲིས་ཏེ། ཇོ་བོ་ལྷ་ཅིག་གིས་ཀྱང་དེ་ལྟ་བུའི་རྫོགས་རིམ་མཚན་ཉིད་པ་སྟོང་རྐྱང་ལ་ཕྱག་ཆེན་དུ་བཏགས་པ་ཙམ་མ་ཡིན་པའི་སྔགས་ཀྱི་འོད་གསལ་ཕྱག་རྒྱ་ཆེན་པོ་གྲུབ་སྙིང་སྡེ་བདུན་ནས་ཡང་ཡང་བསྔགས་པ་ཚེ་གཅིག་གི་འཚང་རྒྱའི་ལམ་རྙེད་པར་བཤད་པ་ཡིན་ནོ། །
གསུམ་པ་བསྟན་པ་ལ་བྱ་བ་མཛད་ཚུལ་ལ། རྒྱ་གར་དུ་མཛད་ཚུལ་དང༌། བོད་དུ་མཛད་ཚུལ་གཉིས། དང་པོ་ནི། དཔལ་རྡོ་རྗེའི་གདན་བྱང་ཆུབ་ཆེན་པོའི་ཕོ་བྲང་དུ་མུ་སྟེགས་ཀྱི་སྨྲ་བ་ངན་བ་ལན་གསུམ་དུ་ཆོས་ཀྱིས་ཕམ་པར་མཛད་ནས་སངས་རྒྱས་ཀྱི་བསྟན་པ་བཟུང་ཞིང༌། ཞེས་པ་ནས། ཐམས་ཅད་ཀྱིས་ནི་ལུང་ཡང་ལེན། ཞེས་འབྱུང་བ་ལྟར་རོ། །ཞེས་བྱུང༌། འདི་ལ་ལོག་སྨྲ་ཚར་བཅད་པའི་ཆེ་བ་དང༌། རང་སྡེའི་མ་རྟོག་ལོག་རྟོག་བསལ་བའི་ཆེ་བ་དང༌། ཕྱོགས་རིས་མེད་པར་སྡེ་བ་ཀུན་གྱི་གཙུག་གི་རྒྱན་དུ་གྱུར་བའི་ཆེ་བ་གསུམ་ལས། དང་པོ་ནི། དཔལ་རྡོ་རྗེའི་གདན་ཞེས་བསྐལ་པ་འཇིག་དུས་ཡང་འདི་མེ་ཆུ་རླུང་གསུམ་གྱི་འཇིག་པ་གང་གིས་ཀྱང་མི་འཇིག་པར་ནམ་མཁའ་ལ་སྐར་མ་ལྟར་སྡོད་པ་དང༌། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་འཚང་རྒྱ་བའི་གནས་ཡིན། དེར་ཐུབ་པའི་སྐུ་མ་ཧཱ་བོདྷིའམ་བྱང་ཆུབ་ཆེན་པོ་ཞེས་པ་ཡོད་ཅིང༌། གཙུག་ལག་ཁང་མང་པོ་ཡོད། དེར་ཇོ་བོ་སྐོར་བ་མཛད་ཅིང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་ཐུགས་སྦྱོང་བ་མཛད་ཅིང་བཞུགས་དུས་མུ་སྟེགས་ཀྱི་སྨྲ་བ་ངན་པ་ལན་གསུམ་དུ་ཆོས་ཀྱིས་ཕམ་པར་མཛད་པ་ཡིན་ཏེ། ཇོ་བོ་དེར་ཐུགས་སྦྱོང་མཛད་ཅིང་བཞུགས་དུས་གཅིག་ལྷོ་ཕྱོགས་ནས་མུ་སྟེགས་པའི་པཎྜིཏ་གདུགས་བཅུ་གསུམ་ཕུབ་པ་གཅིག་བྱུང་ནས། སངས་རྒྱས་བསྟན་པའི་བདག་པོ་ནི་ཁྱོད་ཡིན། མུ་སྟེགས་བསྟན་པའི་བདག་པོ་ནི་ཁོ་བོ་ཡིན་པས་རང་ཅག་གཉིས་རྩོད་ལ་སུ་རྒྱལ་བ་འཇུག་དགོས་ཟེར་ནས། རྒྱལ་པོ་དཔང་བྱས་བརྩད་པས། ཇོ་བོས་ཚེགས་མེད་པར་ཚར་བཅད་པས། གདུགས་བཅུ་གསུམ་པོ་ཇོ་བོ་ལ་ཕུལ། ཞབས་སྤྱི་བོའི་གཙུག་ཏུ་བླངས། སློབ་མ་བྱས་ནས་ཕྱི་རོལ་པ་དེ་ཐམས་ཅད་ནང་བའི་བསྟན་པར་བཙུད་དོ། །ཡང་སང་ཕོད་ལོ་དུས་སུ་མུ་སྟེགས་པའི་སྟོན་པ་གདུགས་བརྒྱད་ཕུབ་པ་གཅིག་བྱུང་པས་སྔ་མ་བཞིན་ཚར་བཅད། དེའི་སང་ཕོད་མུ་སྟེགས་ཀྱི་སྟོན་པ་གདུགས་ལྔ་ཕུབ་པ་སྒྲ་ཚད་ལ་ཤིན་ཏུ་མཁས་པ་གཅིག་བྱུང་ནས། སྔ་མ་བཞིན་ཟེར་བ་ལ་ཇོ་བོས་ཀྱང་རྩོད་པར་ཞལ་གྱིས་བཞེས། རྩོད་པའི་དུས་བཏབ། རྒོལ་ཕྱིར་རྒོལ་གྱི་གདན་བཤམས། པཎྜི་ཏ་མང་པོ་དང་སྐྱེ་བོའི་ཚོགས་འདུས་པའི་དབུས་སུ་བརྩད་པས། པཎྚི་ཏ་སུམ་ཅུ་ཙམ་གྱིས་གོ་གཞན་གྱིས་མི་གོ །དེ་ནས་བཅོ་ལྔ་ཙམ་གྱིས་གོ །དེ་ནས་ཕྲ་བར་གྱུར་པས་རིམ་བཞིན་བཅུ་དང༌། དེ་ནས་ལྔས་གོ །དེ་ནས་རབ་ཏུ་ཕྲ་བས་ཁོ་རང་གཉིས་ཀྱིས་གོ །གཞན་གྱིས་མི་གོ་བར་གྱུར་པ་དེར་མུ་སྟེགས་དེས་ཚིགས་བཅད་གཅིག་དྲིས་པས། ཁྱོད་དེར་སྡོད་གསུངས་ནས། ཇོ་བོ་སྒྲོལ་མ་ལ་མཎྜལ་ཕུལ་གསོལ་བ་བཏབ་པས་ཐུགས་ལ་ཝལ་གྱིས་བྱུང་ནས་ལན་བཏབ་ནས་པཎྜི་ཏ་ཚར་བཅད་དེ་སློབ་མར་བྱས་ཞེས་ཀཥྞི་པཎྜིཏས་དགེ་བཤེས་ལོ་ཙཱ་བ་ལ་ལོ་རྒྱུས་ཞིབ་པར་གསུངས་པ་ལྟར་ཡིན་ཏེ། བརྒྱད་ཅུ་བ་ལས། བྱང་ཆུབ་ཆེན་པོའི་ཕོ་བྲང་དུ། །ཐམས་ཅད་འདུས་ཤིང་འཚོགས་པ་ན། །རང་དང་གཞན་གྱི་སྡེ་པ་ཡི། །གྲུབ་མཐའ་ངན་པའི་རྒོལ་བ་ཀུན། །སཻངྒའི་ང་རོའི་སྒྲ་སྐད་ཀྱིས། །ཐམས་ཅད་ཀྱི་ནི་ཀླད་པ་འགེམས། །ཞེས་དང༌། བྷང་ག་ལར་ཕྱི་ནང་གི་རྩོད་པ་ཆེན་པོ་བྱུང་ནས། ནང་པའི་ཕལ་ཆེ་བ་མུ་སྟེགས་པ་ལ་ཤོར་ཞིང་མུ་སྟེགས་པའི་རྩོད་པ་བཟློག་པ་མ་རྙེད་དུས། བུ་མོ་གཅིག་གིས་ཇོ་བོ་ཀུ་སུ་ལུའི་ཆས་བྱས་པའི་ལུས་ལ་འོད་འཕྲོ་བ་མཐོང་ནས་གནས་བརྟན་ལ། སྤྲང་པོ་ལུས་ལ་འོད་འཕྲོ་བ་གཅིག་འདུག་ཞུས་ནས། གནས་བརྟན་གྱིས་ཇོ་བོར་ཤེས་ནས་ཞུ་བ་ཕུལ་བས་ཞལ་གྱིས་བཞེས་ནས། མུ་སྟེགས་པ་ཐམས་ཅད་ཚར་བཅད། སྔར་ཤོར་པའི་པཎྜི་ཏ་ཐམས་ཅད་ཚུར་ལ་ཐོབ་ཅིང་བསྟན་པ་བསྐྱངས་པ་ཡིན་ཏེ། བསྟོད་པ་ལས། ཁྱོད་ཀྱི་མཁས་པ་མཐོང་བ་ཡི། །བརྡའ་ལ་བརྡར་པའི་སྐྱེས་བུ་ཡིན། །བདག་དང་གཞན་གྱི་རྒོལ་པ་ནི། །ཀུན་ཀྱང་ཚར་བཅད་ཕམ་པར་མཛད། །ཅེས་སོ། །དེ་བས་ན་རང་གི་སྡེ་པ་གོང་འོག་གི་བསྟན་པ་ལའང་མ་རྟོགས་ལོག་རྟོག་ཐེ་ཚོམ་གསུམ་བསལ་ནས་ལུང་རྟོགས་ཀྱི་བསྟན་པ་རྒྱས་པར་མཛད་པ་ཡིན་ཏེ། རྒྱལ་པོ་མ་ཧཱ་པཱ་ལའི་རིང་ལ་བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་དུ་སྤྱན་དྲངས། ལྡེ་མིག་བཅྭོ་བརྒྱད་ཀྱི་བདག་པོ་མཛད་ནས། དགེ་སློང་ཉི་ཤུའི་སྡེ་གཅིག་གིས་གྲ་ཡང་བཙུག །དགེ་སློང་ཅི་བདེ་བ་ཁ་ཅིག་གནས་དབྱུང་ཡང་མཛད་ཅིང་བསྟན་པའི་དྲི་མ་བསལ་བར་མཛད་པའི་ཕྱིར་ཏེ། བསྟོད་པ་ལས། བདག་དང་གཞན་གྱི་རྒོལ་བ་ནི། །ཀུན་ཀྱང་ཚར་བཅད་ཕམ་པར་མཛད། །ཅེས་དང༌། བརྒྱད་ཅུ་པ་ལས། ཁྱོད་ནི་སྡེ་པ་བཅྭོ་བརྒྱད་ཀྱི། །ཀུན་གྱི་སྤྱི་ལ་བཞུགས་པས་ན། །ཐམས་ཅད་ཀྱིས་ནི་ལུང་ཡང་ལེན། །ཞེས་སོ། །
གསུམ་པ་ནི། དེས་ན་སྡེ་པ་ཀུན་གྱི་གཙུག་གི་རྒྱན་དུ་འཛིན་ཏེ། དེ་ལྟར་ཕྱི་རོལ་བ་དང་རང་སྡེའི་གྲུབ་མཐའ་ངན་པ་ཐམས་ཅད་ལུང་རིགས་ཀྱིས་ཚར་བཅད། མ་ག་དྷ་སྟེ་མ་དྷྱ་དབུས་དང་ཨཱ་ག་ར་འགྱུར་བ་དང་དྷཱ་ར་འཆང་བ་སྟེ། སྒྲ་གཞུང་ལས་མ་ག་དྷཱ་ལ་སོགས་པ་རྣམས་སོ། །ཞེས་པ། མིང་གསུམ་གྱི་ཐོག་མ་འཛིན་པ་ནི་མ་ག་དྷཱ་སྟེ། དབུས་འགྱུར་འཆང་ཞེས་པ་སྒྲའི་སྡུད་ཚུལ་དཀའ་བ་གཅིག་ཡིན་ཏེ། རྗེ་རིན་པོ་ཆེའི་བརྡའ་ཚིག་ལས། ཀ་ཏ་ར་ཡི་གྲོང་ཁྱེར་དུ། །ཞེས་པའང་དེ་འདྲ་ཡིན་པ་སྒྲའི་སྡུད་ཚུལ་འདི་ཙནྡྲ་པ་རྩ་འགྲེལ་གྱིས་བཤད་ཀྱང་ད་ལྟའི་བར་དུ་སུས་ཡང་སྤྱོད་ཡུལ་དུ་མ་གྱུར་ཏོ། །མ་ག་དྷཱའི་ས་སྐོར་ན་གནས་གཞི་ཡང་བསམ་གྱིས་མི་ཁྱབ། དེ་དག་ན་རབ་ཏུ་བྱུང་བ་དང༌། རྣལ་འབྱོར་བ་ཀུ་ས་ལི་བ་དང༌། མཁས་པ་པཎྜི་ཏ་ཡང་བསམ་གྱིས་མི་ཁྱབ་པ་བཞུགས་པ་དེ་ཐམས་ཅད་ཀྱི་གཙུག་གི་ནོར་བུ་ལྟར་འཛིན་ཅིང༌། བི་ཀྲ་མ་ལའི་སྔ་གདོང་གཡས་པར་མགོན་པོ་ཀླུ་སྒྲུབ། གཡོན་པ་ལ་ཇོ་བོའི་སྐུ་འབག་བྲིས་པས་ཀླུ་སྒྲུབ་དང་མཉམ་པར་གསོལ་པ་ལགས་སྐད་དེ། བསྟོད་པ་ལས། ཨོ་ཏནྟ་ཡི་པུ་རི་ན། །རབ་བྱུང་བརྒྱ་ཕྲག་ཕྱེད་དང་གསུམ། །བི་ཀྲ་མ་ནི་ཤཱི་ལ་ན། །རབ་བྱུང་བརྒྱ་ཕྲག་མ་ལོང་ཙམ། །རྩ་བའི་སྡེ་བཞི་ཚང་བར་བཞུགས། །སྡེ་པའི་ཁེངས་དྲེགས་མི་མཛད་པས། །མ་ག་དྷཱ་ཡི་ཡུལ་གྱི་ནི། །གནས་གཞི་མ་ལུས་ཐམས་ཅད་ཀྱི། །སྟོན་པའི་འཁོར་ནི་བཞི་པོ་ཡི། །ཀུན་གྱི་གཙུག་གི་ནོར་བུར་གྱུར། །ཅེས་གསུངས་སོ། །ཨོ་ཏནྟ་པུ་རི་ཁ་ཅིག་འབུར་ལྡིང་ཟེར་ཡང་མཚོ་གཅིག་བསུབ་ནས་གཙུག་ལག་ཁང་བྱས་པས་མཚོ་སྦས་གྲོང་དང༌། བི་ཀྲ་མ་ཤཱི་ལ་རྣམ་གནོན་ངང་ཚུལ་ལོ། །
གཉིས་པ་བོད་དུ་མཛད་ཚུལ་ལ་ཆོས་ལ་ལོག་རྟོག་བསལ་ཞིང་སྲོལ་གསར་དུ་བཏོད་པ་དང༌། ཚངས་སྤྱོད་དང་བསླབ་གསུམ་གྱི་གནོད་པ་བསལ་ཚུལ་དང༌། བསྟན་བཅོས་རྩོམ་པའི་རྒྱུ་ངོས་བཟུང་བ་དང༌། དེ་གསུམ་སོ་སོ་ནས་ཚང་བར་བཤད་པ་དང༌། བསྟན་འགྲོའི་དོན་མཛད་པའི་འབྲས་བུ་སློབ་མའི་ཁྱད་པར་ལྔ། དང་པོ་ནི། ལྷ་བླ་མ་ཁུ་དབོན་གྱིས་ལོ་ཙྪ་བ་རྒྱ་བརྩོན་འགྲུས་སཻངྒ་དང༌། ནག་ཚོ་ཚུལ་ཁྲིམས་རྒྱལ་བ་གཉིས་རིམ་པ་བཞིན་རྒྱ་གར་དུ་བརྫངས་ཏེ་འབད་པ་ཆེན་པོས་ཡང་དང་ཡང་ཞེས་པ་ནས། བསྟན་པ་རིན་པོ་ཆེ་དྲི་མ་དང་བྲལ་བར་མཛད་དོ། །ཞེས་བྱུང༌། འདི་ལ་ལྷ་བླ་མ་ཁུ་དབོན་གྱིས་ལོ་ཙྪ་བ་རྒྱ་བརྩོན་སེང་དང་ནག་ཚོ་ཚུལ་ཁྲིམས་རྒྱལ་བ་གཉིས་ལ་གསེར་ཚན་ཆེ་བ་བསྐུར་ནས། རྒྱ་བརྩོན་སེང་གིས་ཇོ་བོ་ལ། བོད་དུ་བསྟན་པ་དར་ཡོད་པ་གླང་དར་གྱིས་བསྟན་པ་བསྣུབས་པ་དང་ཨ་ཙ་རྱ་དམར་པོས་སྔགས་བསྒྱུར་པས། རབ་བྱུང་ཐམས་ཅད་ཕབ་པར་བྱས། ཤམ་ཐབས་སྔོན་པོ་ཅན་བྱ་བ་གཅིག་གིས་ཀྱང་སྦྱོར་བ་དང་སྒྲོལ་བ་བྱ་བའི་ཆོས་ལོག་སྣ་ཚོགས་བསྟན་ནས་བསྟན་པ་འགྲིབ་པར་ཐུགས་པས་བོད་རྒྱལ་གྱིས་ཁྱེད་སྤྱན་འདྲེན་དུ་བཏང་པ་ན་ནིང་བཞིན་མི་གསུངས་པར་ཞུ་སོགས་སྔ་ཕྱིར་ཡང་ཡང་ཞུས་པས་ཞལ་གྱིས་བཞེས་ཏེ། བོད་གངས་ཅན་གྱི་བསྟན་པའི་སྲོག་ཤིང་ལྷ་ཆེན་པོ་བླ་མ་བྱང་ཆུབ་འོད་ཀྱི་རིང་ལ་སྤྱན་དྲོངས་ཏེ། ཇོ་བོ་ཆུ་རྟ་ལ་འཁྲུངས་ཤིང༌། ང་དགུ་བཞེས་པའི་དཔའ་པོ་ཞེས་པ་ལྕགས་འབྲུག་ལ་འདབ་བཏེགས། ཁྱུ་མཆོག་ཅེས་པ་ལྕགས་སྦྲུལ་ལ་བལ་ཡུལ་དུ་ཕེབས་ནས་ལོ་གཅིག་བཞུགས། རེ་གཅིག་པ་ཆུ་རྟ་ལ་མངའ་རིས་སུ་བྱོན་ནས་ལས་རྒྱུ་འབྲས་དང་སེམས་བསྐྱེད་ལས་བརྩམ་པའི་ཆོས་གསུངས་ཤིང༌། མདོ་སྔགས་ཚ་གྲང་ལྟར་མི་འགལ་བར་མདོ་སྔགས་ཐམས་ཅད་གདན་ཐོག་གཅིག་ཏུ་ཉམས་སུ་ལེན་ཚུལ་སྐྱེས་བུ་གསུམ་གྱི་ལམ་རིམ་བྱང་ཆུབ་སྒྲོན་མ་བརྩམས་ཤིང་བཤད་པས་ཐེག་པ་གསུམ་དང་མདོ་སྔགས་ཀྱི་གནད་ལ་ཕྱིན་ཅི་ལོག་ཏུ་འཛིན་པ་དང་ཐེ་ཚོམ་པའི་དྲི་མ་ཆོས་སྤོང་གི་ཉེས་སྤྱོད་ཀྱི་མུན་ཚོགས་ཐམས་ཅད་ལྷག་མ་མེད་པར་བསལ་པས་སྐུ་དྲིན་བསམ་གྱིས་མི་ཁྱབ། རེ་གསུམ་བཞེས་པའི་ཉི་སྒྲོལ་བྱེད་ཅེས་པ་ཤིང་ཕོ་སྤྲེའུ་ལ་པུ་རངས་སུ་བཞུགས་པའི་ཚེ་དགེ་བཤེས་སྟོན་པ་རང་ལོ་ཉེར་གཅིག་གི་དུས་སུ་ཇོ་བོ་དབུས་སུ་གདན་དྲངས་ཏེ། རེ་དྲུག་བཞེས་པའི་མེ་མོ་ཕག་གི་ལོ་ལ་བསམ་ཡས་སུ་ཕྱག་ཕེབས། ལོ་དེའི་མཇུག་སྙེ་ཐང་དུ་ཕེབས་ལ། ལོ་འདིར་སྙེ་ཐང་དུ་བྱམས་འཇམ་དབྱངས་ཆོས་ཀྱི་བགྲོ་བ་མཛད་པའི་བུམ་ཆུ་བྱིན། རེ་དགུ་པ་རྣམ་འགྱུར་ཞེས་པ་ལྕགས་ཕོ་སྟག་ལ་ཡེར་བ་ལྷ་རིའི་མགུལ་དུ་དགེ་བཤེས་སྟོན་པས་འབུལ་མོ་ཆེ་ཞུས། དོན་གསུམ་བཞེས་པ་རྒྱལ་པོའི་ལོ་ཞེས་པ་ཤིང་ཕོ་རྟའི་དབྱུ་གུ་ཟླ་བའི་ཚེས་བཅོ་བརྒྱད་ལ་སྙེ་ཐང་དུ་གཤེགས་པ་རྣམས་ཡིན་ཏེ། བཀའ་གདམས་གླེགས་བམ་རིན་པོ་ཆེ་ལས། དོན་གསུམ་བསྡད་ནས་དགའ་ལྡན་འགྲོ །ཞེས་དང༌། ཤིང་ཕོ་རྟ་ཡི་ལོ་དུས་སུ། །དབྱུ་གུ་ཟླ་བའི་བཅྭོ་བརྒྱད་ལ། །འཇིག་རྟེན་མི་རྟག་བསྐུལ་པའི་ཕྱིར། །རྒྱལ་བ་གཉིས་སུ་ཐིམ་པ་ལགས། །ཞེས་གསུངས་ཤིང༌། དུས་འཁོར་ཊཱིཀ་ཆེན་དུ་ཇོ་བོས་ལྕགས་མོ་ཡོས་ལ་བོད་དུ་བསྟན་བརྩིས་མཛད་པར་གསུངས་པས། དེ་ཡང་ཆུ་རྟ་ལ་འཁྲུངས་པར་བཞེད་ལ། ལམ་ཡིག་གསང་འཁོར་མ་དང་ཞང་ཤ་ར་བའི་ལམ་རིམ་བརྗེད་བྱང་རྣམས་དང་གུང་འགྲིགས་པས་འདི་ཁོ་ནར་ཤེས་པར་གྱིས་ལ་སྣ་ཚོགས་པའི་སྒྲོ་འདོགས་ཀྱི་རྗེས་སུ་མ་འབྲངས་ཤིག །འོན་ཀྱང་འདི་ལ་ཁ་ཅིག་ལོ་ངོ་བརྩིས་པའི་དོན་བཞི་པ་ཆུ་ལུག་ལ་འདས་ཟེར། ཡང་ཁ་ཅིག་ཆུ་རྟ་ལ་གཤེགས་ཟེར། ཁ་ཅིག་ང་དགུ་པ་ལྕག་འབྲུག་ལ་ཇོ་བོ་རྒྱ་གར་ནས་ཕེབས། ལོ་ངོ་བཅུ་བཞིར་བཞུགས་ཟེར་བ་དང༌། བཀའ་གདམས་ཆོས་འབྱུང་ལས་ཀྱང་རེ་གཅིག་པ་ཆུ་རྟ་ལ་བོད་དུ་ཕེབས་ཤིང་ལོ་བཅུ་གསུམ་བཞུགས་ཟེར་བ་དང༌། ཁ་ཅིག་རེ་གཅིག་པ་མེ་རྟ་ལ་ཕེབས་ནས་ལོ་བཅུ་གཉིས་ཟེར་བ་མི་འཐད་དེ། སྤྲུལ་པའི་གླེགས་བམ་དང་མི་མཐུན་པའི་ཕྱིར། དེར་མ་ཟད་གནོད་བྱེད་གཞན་ཡང་ཡོད་དེ། ཇོ་བོས་ང་གསུམ་པར་རྟོག་གེ་འབར་བ་གསུངས་དུས་ད་ནས་ལོ་ཉི་ཤུ་ན་ལུས་འདི་བོད་དུ་འཇོག་གསུངས་པ་དང༌། དེ་ནས་ལོ་གཉིས་འདས་པ་ང་དྲུག་པ་མེ་གླང་ལ་བོད་དུ་བྱོན་དུས་བྲི་ཀ་མ་ལ་ཤཱི་ལར་ད་ནས་ལོ་བཅོ་བརྒྱད་ན་ལུས་འདི་བོད་དུ་འཇོག་གསུངས་པ་དང་འགལ་བའི་ཕྱིར། དེས་ན་ལམ་རིམ་འདི་ལྟར་ཇོ་བོ་ང་བདུན་པ་ས་སྟག་གི་ལོ་ལ་བོད་དུ་ཕེབས་ནས་མངའ་རིས་སུ་ལོ་གསུམ། སྙེ་ཐང་དུ་ལོ་དགུ། དབུས་གཙང་གཞན་དུ་ལོ་ལྔ། ཡོངས་དྲིལ་བོད་དུ་ལོ་བཅུ་བདུན་བཞུགས་པ་ཡིན་ཏེ། ནག་ཚོས་བསྟོད་པ་བརྒྱད་ཅུ་པ་ལས། ཁྱོད་སྔོན་སོ་མ་པཱུ་རི་ན། །རྟོག་གེ་འབར་བ་གསུངས་པའི་ཚེ། །ད་ནས་ལོ་ནི་ཉི་ཤུ་ན། །ཚེ་ཡི་འདུ་བྱེད་གཏོང་འགྱུར་གསུངས། །དེ་ནས་ལོ་གཉིས་འདས་པ་ན། །བོད་དུ་བྱོན་པའི་དུས་སུ་ནི། །བྲི་ཀྲ་མ་ལ་ཤཱི་ལར་ནི། །ད་ནི་ལོ་ནི་བཅོ་བརྒྱད་ན། །ཚེ་ཡི་འདུ་བྱེད་བཏང་ནས་ནི། །ལུས་འདི་བོད་དུ་བཞག་ནས་ནི། །དགའ་ལྡན་གནས་སུ་འགྲོའོ་ཞེས། །ཇི་ལྟར་གསུངས་བཞིན་མ་འཁྲུལ་བར། །གྱུར་པ་དེ་ནི་ངོ་མཚར་ཆེ། །ཞེས་དང༌། མཁའ་འགྲོ་མའི་ལུང་བསྟན་པ་ལས་ཀྱང༌། ཚེ་ནི་བོད་དུ་བྱོན་ན་ཐུང་བར་འདུག་གསུངས། ཇི་ཙམ་གྱིས་ཐུང་ཞུས་པས་བོད་དུ་མ་བྱོན་ན་དགུ་བཅུ་གོ་གཉིས་ཐུབ། བྱོན་ན་བདུན་ཅུ་རྩ་གསུམ་ལས་མི་ཐུབ། །ཅེས་གསུངས་སོ། །དེ་ལྟར་བོད་དུ་ལོ་བཅུ་བདུན་སྐལ་ལྡན་རྣམས་ལ་གདམས་ངག་མ་ལུས་པ་བསྟན། བསྟན་པའི་སྲོལ་ནུབ་པ་གསར་དུ་བཙུག །སྲོལ་ཅུང་ཟད་ཡོད་པ་རྣམས་འཕེལ་བར་མཛད་དེ། མདོ་སྔགས་མི་མཐུན་སྙམ་པ་དང༌། ཐོས་བསམ་དུས་ཉམས་ལེན་མེད་སྙམ་པ་དང༌། གསུང་རབ་གདམས་པའི་མཆོག་མིན་སྙམ་པ་སོགས་ཀྱི་ལོག་རྟོག་དང་ཐེ་ཚོམ་གྱི་དྲི་མས་སྦགས་པ་རྣམས་ལེགས་པར་བསལ་ཏེ། བསྟན་པ་རིན་པོ་ཆེ་དྲི་མ་དང་བྲལ་བར་མཛད་དོ། །
གཉིས་པ་ཚངས་སྤྱོད་དང་བསླབ་གསུམ་ལ་གནོད་པ་བསལ་བ་ནི། སྤྱིར་ན་གངས་རིའི་ཁྲོད་དུ་བསྟན་པ་སྔ་དར་ལ་དཔལ་ལྡན་ཞི་བ་འཚོ་དང་པདྨ་སམྦྷ་བས་བསྟན་པའི་སྲོལ་བཙུགས་པ་ལ། སྟོང་པ་ཉིད་ཀྱི་གོ་བ་གནད་དུ་མ་སོང་བ་ལ་བརྟེན་ནས་ཐབས་ཀྱི་ཆ་ལ་སྐུར་ཞིང་ཡིད་ལ་བྱེད་པ་ཐམས་ཅད་འགོག་པའི་རྒྱ་ནག་གི་མཁན་པོ་ཧྭ་ཤང་གིས་བསྟན་པ་འགྲིབ་པར་བྱས་པ་སློབ་དཔོན་ཆེན་པོ་ཀ་མ་ལ་ཤཱི་ལས་ལེགས་པར་བཀག་ནས་རྒྱལ་བའི་དགོངས་པ་གཏན་ལ་ཕབས་པས་སྐུ་དྲིན་ཤིན་ཏུ་ཆེ་ལ། ཞེས་པ་ནས། ཁ་བ་ཅན་པ་ཐམས་ཅད་ལ་སྐུ་དྲིན་གྱིས་ཁྱབ་པར་མཛད་དོ། །ཞེས་བྱུང༌། དེ་ལ་བོད་སྲོང་བཙན་སྒམ་པོའི་དུས་ཐོན་མི་སམྦྷོ་ཊས་སུམ་རྟགས་སོགས་བོད་ཀྱི་སྒྲའི་བསྟན་བཅོས་བརྒྱད་བརྩམས་ཤིང༌། མདོ་ཟ་མ་ཏོག་བཀོད་པ་དང༌། སྤང་སྐོང་དང༌། མདོ་སྡེ་དཀོན་མཆོག་སྤྲིན་སོགས་བསྒྱུར་ཞིང༌། རྒྱལ་པོས་དགེ་བཅུའི་ཁྲིམས་བྱས་བོད་རྣམས་ཆོས་ལ་བཀོད་པས་མཚན་སྲོང་བཙན་སྒམ་པོར་བཏགས་སོ། །ཇོ་བོ་རྣམ་གཉིས་གདན་དྲངས་ཏེ་བསྟན་པའི་སྲོལ་བཙུག །དེའི་རྗེས་སུ་རྒྱལ་རབས་བཞི་འདས་པ་ན་ས་ཕོ་རྟ་ལ་ཕོ་བྲང་ཁང་དམར་དུ་ཁྲི་སྲོང་སྡེ་བཙན་འཁྲུངས། བཅུ་གསུམ་བཞེས་དུས་རྒྱལ་སར་བཏོན། ཡེ་ཤེས་དབང་པོ་ཕོ་ཉར་མངགས་ཏེ་ཟ་ཧོར་གྱི་མཁན་པོ་ཞི་བ་འཚོ་ཕོ་བྲང་དུ་སྤྱན་དྲངས། ཁ་ཆེ་ཨ་ནནྟས་ལོ་ཙྪ་བྱས་ནས་ཟླ་བ་གཅིག་ལ་དགེ་བ་བཅུ་ཁམས་བཅོ་བརྒྱད་རྟེན་འབྲེལ་བཅུ་གཉིས་སོགས་བཤད་པས། བོད་ཀྱི་ལྷ་སྲིན་ཁྲོས་ཏེ་འཕང་ཐང་ཆུས་ཁྱེར། དམར་པོ་རི་ལ་ཐོག་བརྒྱབ། མི་ནད་དང་ཕྱུགས་ནད་བྱུང་བས། ཞི་འཚོས་སློབ་དཔོན་པདྨ་སམྦྷ་བ་སྤྱན་དྲོངས་ལ་ལྷ་སྲིན་གདུག་པ་འདུལ་དགོས་གསུངས་ནས། ཕོ་ཉ་བདུན་གྱིས་མང་ཡུལ་དུ་སློབ་དཔོན་པདྨ་འབྱུང་གནས་ཕེབས་པ་དང་འཕྲད་དེ་སྤྱན་དྲངས། རིམ་གྱིས་བོད་ཀྱི་ལྷ་སྲིན་གདུག་པ་རྣམས་དམ་ལ་འདོགས་ཤིང་བྱོན་ཏེ། ཧས་པོ་རི་ལ་ཕྱག་ཕེབས་བཙན་པོ་དང་མཇལ་ཏེ། མལ་གྲོའི་ཕུར་བྱོན་ནས་བོད་ཀྱི་ལྷ་སྲིན་རྣམས་དམ་ལ་བཏགས་ཤིང་དེ་ནས་སློབ་དཔོན་དེ་བསམ་ཡས་སུ་སྤྱན་དྲངས། ས་ཆོག་མཛད། མཁན་པོ་བོ་དྷི་ས་ཏྭས་ས་དཔྱད་མཛད་ནས་ཨོ་ཏནྟ་བུ་རིའི་གཙུག་ལག་ཁང་ལྟར་རི་རབ་གླིང་བཅུ་གཉིས་ཉི་ཟླ་ཟུང་གཅིག་མཐའ་ལྕགས་རིས་བསྐོར་བ་མེ་ཡོས་ལ་རྨངས་བཏིང་ནས། ས་ཡོས་ལ་ཚར་ནས་མཁན་པོ་བོ་དྷི་ས་ཏྭ་དང་སློབ་དཔོན་པདྨ་གཉིས་ཀྱིས་རབ་གནས་ལོ་བཅུ་གསུམ་དུ་དགའ་སྟོན་མཛད། ལུག་ལོ་ལ་ཐམས་ཅད་ཡོད་སྨྲའི་སྡེའི་དགེ་སློང་བཅུ་གཉིས་སྤྱན་དྲངས་ཏེ། སྦས་མཉྫུ་ཤྲི་སོགས་སད་མི་མི་བདུན་རབ་ཏུ་བྱུང༌། བོད་དུ་རབ་བྱུང་གི་ཆོ་གའི་ཐོག་མ་དང་དགེ་འདུན་གྱི་སྡེ་གསར་དུ་བཙུག་སྟེ། སློབ་དཔོན་བི་མ་ལ་མི་ཏྲ་སོགས་པཎྜི་ཏ་དང༌། སད་མི་མི་བདུན་སོགས་ལོ་ཙྪ་བ་རྣམས་ཀྱིས་ཆོས་མང་དུ་བསྒྱུར་ཏེ། བདུད་འདུལ་སྔགས་པ་གླིང་དུ་སྔགས་འཆང་དྷཱརྨ་ཀིརྟིས་དབང་བསྐུར། རྣམ་དག་ཁྲིམས་ཀྱི་གླིང་དུ་ཛི་ན་མི་ཏྲ་དང༌། དཱ་ན་ཤི་ལ་སོགས་ཀྱིས་སྡོམ་པ་འབོག །བསམ་གཏན་གླིང་དུ་རྒྱའི་ཧྭ་ཤང་སོགས་ཀྱིས་བསམ་གཏན་བྱེད། དེ་དུས་ནས་ཧྭ་ཤང་གིས་གནད་མ་གོ་བའི་བཤད་པ་བྱས་འདུག །བརྡའ་སྦྱོར་གླིང་དུ་བརྡའ་སྦྱོར་དང༌། དཀོར་མཛོད་གླིང་དུ་ནོར་འཇོག །བཻ་རོ་ཙ་ནའི་གླིང་དུ་ཆོས་བཤད་པ་སོགས་བསྟན་པ་ཡོངས་སུ་རྫོགས་པ་དར་བར་བྱས། འབྲུག་གི་ལོ་སྒྲ་བསྒྱུར་བནྡྷེ་དཔལ་བརྩེགས་དང༌། བནྡྷེ་ཀླུའི་དབང་པོ་སོགས་ཀྱིས་བོད་དུ་དམ་པའི་ཆོས་བསྒྱུར་རོ་ཅོག་གི་ཆོས་ཀྱི་མཛད་བྱང་དང་བམ་པོ་དང་ཤོ་ལོ་ཀའི་གྲངས་དུ་མཆིས་པས་གཏན་ལ་ཕབས་ནས་དཀར་ཆག་ཏུ་བྲིས་པས་མཁན་པོ་དང་སློབ་དཔོན་དང་ཆོས་རྒྱལ་དེ་གསུམ་གྱིས་བསྟན་པ་དང་སེམས་ཅན་གྱི་དོན་བླ་ན་འཕགས་པ་མཛད་དོ། །དེའི་ཚེ་མཁན་ཆེན་གྱིས་བོད་དུ་མུ་སྟེགས་མི་འོངས། ཆོས་ལུགས་ཁ་གཉིས་སུ་བྱས་པའི་རྩོད་པ་འབྱུང༌། དེའི་ཚེ་ངའི་སློབ་མ་ཀ་མ་ལ་ཤཱི་ལ་སྤྱན་དྲོངས་ལ་རྩོད་པ་བྱེད་ཆུག །རྩོད་པ་ཆོས་ཕྱོགས་སུ་ཞི་བར་འགྱུར། ཞེས་གསུངས་ནས་གཤེགས། དེ་ལྟར་མཁན་སློབ་དེ་གཉིས་ཀྱིས་བསྟན་པའི་སྲོལ་ལེགས་པར་བཙུགས་ཀྱང་སྟོང་པ་ཉིད་ཀྱི་ངོར་མེད་དགག་ལ་བྱ་བྱེད་བྲལ་ཚུལ་བཤད་པའི་གོ་བ་གནད་དམ་ལམ་དུ་མ་སོང་པར་ཕྱིན་ཅི་ལོག་ཏུ་བཟུང་བ་ལ་བརྟེན་ནས། ཐབས་ཀྱི་ཆ་ཀུན་ལ་སྐུར་བ་འདེབས་ཤིང་ཡིད་བྱེད་ཐམས་ཅད་འགོག་པའི་རྒྱ་ནག་གི་མཁན་པོ་ཧྭ་ཤང་གིས་བསྟན་པ་འགྲིབ་པར་བྱས་ཏེ། དེའི་ཚེ་ཧྭ་ཤང་དཔོན་སློབ་རྣམས་ཀྱིས་ལུས་ངག་གི་ཆོས་བྱས་པས་སངས་མི་རྒྱ། བྱར་མེད་ལ་གནས་ན་སངས་རྒྱ་ཟེར། ཆད་ལྟ་ལ་ཞེན་ནས་དགེ་སྦྱོར་མི་བྱེད། བོད་ཕལ་ཆེར་དེ་ལ་དགའ་སྟེ། དེའི་ལུགས་སློབ་ཅེས་བུ་སྟོན་གསུངས། དཔལ་དབྱངས་དང་རྦརཏྣ་སོགས་ཉུང་ཤས་གཅིག་མཁན་པོ་བོ་དྷི་ས་ཏྭའི་ལུགས་བྱེད་པས་ལྟ་སྤྱོད་མ་མཐུན་པས་ཕན་ཚུན་རྩོད་པ་ན། བཙན་པོས་མཁན་པོ་བོ་དྷི་ས་ཏྭའི་ལུགས་བཞིན་གྱིས་གསུངས་པས། གཅིག་ཆར་པ་རྣམས་ཁྲོོས་ཏེ་ཆུ་གྲི་རྣོན་པོ་རེ་བཟུང་ནས། རིམ་གྱིས་པ་རིལ་གསོད་ཟེར་པས། རྒྱལ་པོས་ཡེ་ཤེས་དབང་པོ་འབོད་དུ་ལན་གསུམ་བཏང་བས་རྗེས་མར་མཁན་པོའི་ལུང་བསྟན་བཤད་ནས་དེ་ལྟར་དུ་སློབ་དཔོན་ཀ་མ་ལ་ཤཱི་ལ་སྤྱན་འདྲེན་པའི་ཕོ་ཉ་བཏང་པས། ཧྭ་ཤང་གིས་ཚོར་ནས་ཡུམ་རྒྱས་པ་སོགས་སྤྱན་དྲངས་ཏེ་རྩོད་ཡིག་ཆོས་བྱ་མི་དགོས་ཉལ་བས་ཆོག་ཅེས་སྟོན་པའི་བསམ་གཏན་ཉལ་བའི་འཁོར་ལོ་དང༌། རྩོད་སྤོང་བསམ་གཏན་གྱི་ལོན་དང༌། ཡང་ལན་གཉིས། དེ་རིགས་པས་སྒྲུབ་པ་ལྟ་བའི་རྒྱབ་ཤ་དང༌། ལུང་གིས་སྒྲུབ་པ་མདོ་སྡེ་བརྒྱད་ཅུ་ཁུངས་སུ་དྲངས་ཤིང༌། མདོ་སྡེ་དགོངས་འགྲེལ་ལ་རང་གི་ལྟ་སྤྱོད་འགལ་བར་མཐོང་ནས་འདི་མདོ་སྡེ་ཨེ་ཡིན་མི་ཤེས། ཞེས་རྐང་པས་དྲིལ་ལོ། །དེ་ནས་ཀ་མ་ལ་ཤཱི་ལ་བྱོན་པ་དང་བཙན་པོས་གུང་ལ་བཞུགས། ཧྭ་ཤང་གཡས་གྲལ་བྱས། སློབ་དཔོན་གཡོན་གྲལ་དུ་བྱས། རིམ་གྱིས་པ་རྣམས་དེའི་མཇུག་ཏུ་མཐུད་དེ། བཙན་པོས་གཉིས་ཀའི་ལག་ཏུ་མེ་ཏོག་གཏད་དེ། རྩོད་ལ་གང་རྒྱལ་བར་མེ་ཏོག་ཕུལ་ཅིག །ཕམ་པ་དེ་འདིར་མ་སྡོད་ཅེས་བཀའ་སྩལ་པ་དང༌། ཧྭ་ཤང་ན་རེ། ལས་དགེ་མི་དགེ་གང་སྤྱད་ཀྱང་མཐོ་རིས་དང་ངན་སོང་དུ་འགྲོ་བས་འཁོར་བ་ལས་མི་ཐར་ཞིང་སངས་རྒྱས་ཐོབ་པ་ལ་སྒྲིབ་པ་ཡིན་ཏེ། དཔེར་ན་སྤྲིན་དཀར་ནག་གང་གིས་ཀྱང་མཁའ་ལ་སྒྲིབ་པ་དང་འདྲ། གང་ཞིག་ཅི་ཡང་མི་སེམས་ཅི་ཡང་མི་བསམ་པ་དེ་འཁོར་བ་ལས་ཡོངས་སུ་ཐར་པར་འགྱུར་རོ། །ཅི་ལ་ཡང་མི་སེམས་མི་རྟོགས་མི་དཔྱོད་པ་དེ་མི་དམིགས་པ་ཡིན་པས་གཅིག་ཆར་དུ་འཇུག་པ་ནི་ས་བཅུ་པ་དང་འདྲའོ་ཟེར་རོ། །ཀ་མ་ལ་ཤཱི་ལའི་ཞལ་སྔ་ནས། དེ་ལྟར་ཡང་མི་བསམ་ཟེར་བ་དེས་ནི་སོ་སོར་རྟོགས་པའི་ཤེས་རབ་སྤངས་པ་ཡིན་ནོ། །ཡང་དག་པའི་ཡེ་ཤེས་ཀྱི་རྩ་བ་སོ་སོར་རྟོགས་པའི་ཤེས་རབ་ཡིན་པས། དེ་སྤངས་པས་འཇིག་རྟེན་ལས་འདས་པའི་ཤེས་རབ་ཀྱང་སྤང་པར་འགྱུར་རོ། །སོ་སོར་རྟོགས་པའི་ཤེས་རབ་མེད་ན་རྣལ་འབྱོར་པ་གང་གིས་རྣམ་པར་མི་རྟོག་པ་ལ་གནས། གལ་ཏེ་ཆོས་ཐམས་ཅད་དྲན་པ་མེད་ཅིང་ཡིད་ལ་བྱ་བ་མེད་པ་ཡིན་ན། ཉམས་སུ་མྱོང་བ་ཐམས་ཅད་མི་དྲན་ཞིང་ཡིད་ལ་མི་བྱ་བར་མི་ནུས་སོ། །གལ་ཏེ་བདག་གིས་ཆོས་དྲན་པར་མི་བྱའོ་སྙམ་ན་དེ་ཤིན་ཏུ་ཡིད་ལ་བྱས་པར་འགྱུར་རོ། །དྲན་པ་མེད་པ་ཙམ་དེ་ལ་བྱེད་ན་བརྒྱལ་བའམ་བོགས་པའི་དུས་སུ་རྣམ་པར་མི་རྟོག་པར་འགྱུར་རོ། །ཡང་དག་པའི་སོ་སོར་རྟོག་པ་མེད་པར་རྣམ་པར་མི་རྟོག་པ་ལ་འཇུག་པའི་ཐབས་མེད་དོ། །དྲན་པ་ཙམ་པོ་དེ་བཀག་ཀྱང་ཡང་དག་པའི་སོ་སོར་རྟོག་པ་མེད་ན་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ལ་ཇི་ལྟར་འཇུག་ནུས། སྟོང་ཉིད་མ་རྟོགས་པར་སྒྲིབ་པ་སྤངས་པར་མི་འགྱུར་པ་ཁོ་ནའོ། །དེས་ན་ཡང་དག་པའི་ཤེས་རབ་ཀྱིས་ཕྱིན་ཅི་ལོག་གི་སྣང་བ་རྒྱང་སྲིང་པ་ཡིན་ནོ། །དེས་ན་དྲན་བཞིན་དུ་མི་དྲན་བྱར་མི་རུང་ངོ༌། །དྲན་པ་དང་ཡིད་ལ་བྱ་བ་མེད་པར་སྔོན་གྱི་གནས་རྗེས་སུ་དྲན་པ་དང་ཐམས་ཅད་མཁྱེན་པ་ཇི་ལྟར་འགྱུར། ཉོན་མོངས་པ་ཡང་ཇི་ལྟར་སྤོང༌། དེ་བས་ན་ཡང་དག་པའི་ཤེས་རབ་ཀྱིས་དོན་ངེས་པར་རྟོགས་པའི་རྣལ་འབྱོར་པས་དུས་གསུམ་ཕྱི་ནང་ཐམས་ཅད་སྟོང་པར་རྟོགས་ནས་རྟོག་པ་རྣམས་ཉེ་བར་ཞི་སྟེ་ལྟ་ངན་ཐམས་ཅད་སྤང་སྟེ། དེ་ལ་བརྟེན་ནས་ཐབས་ཤེས་རབ་ལ་མཁས་པས་སྒྲིབ་པ་ཐམས་ཅད་བསལ་ནས་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཐོབ་པར་འགྱུར་རོ། །ཞེས་གསུངས། འཁོར་གྱིས་ཀྱང་བརྩད་པས། གཅིག་ཆར་པས་ལན་སྨྲ་མ་ནུས་པར། ཧྭ་ཤང་གིས་མེ་ཏོག་ཕྲེང་བ་སློབ་དཔོན་ལ་ཕུལ་ཏེ་ཕམ་བླངས་སོ། །དེ་ནས་བཙན་པོས་ད་ཕྱིན་ཆད་ལྟ་བ་ཀླུ་སྒྲུབ་ལུགས་ཟུངས། སྤྱོད་པ་ཆོས་སྤྱོད་བཅུ་དང་ཕ་རོལ་ཏུ་ཕྱིན་པ་སློབ། གཅིག་ཆར་གྱི་ལུགས་བྱེད་མི་དབང་ངོ་ཞེས་བཀའ་སྩལ་ནས་ཧྭ་ཤང་རྒྱའི་ཡུལ་དུ་བརྫངས། དཔེ་རྣམས་གཏེར་དུ་སྦས་སོ། །སློབ་དཔོན་ཀ་མ་ལ་ཤཱི་ལས་དེ་ལྟར་ཆད་ལྟ་ངན་ཤོས་དེ་ལེགས་པར་བཀག་ནས་སྒོམ་རིམ་གསུམ་གྱིས་དཔྱད་འཇོག་གི་སྒོམ་སངས་རྒྱས་བར་དུ་བགྲོད་ཚུལ་དང༌། དབུ་མ་སྣང་བས་དྲང་ངེས་ཀྱི་མདོ་སྡེ་ཤིན་ཏུ་མང་པའི་བཤད་ཚུལ་བཀྲལ། མཐའ་གཉིས་སྤོང་ལུགས་རྒྱལ་བའི་དགོངས་པ་གཏན་ལ་ཕབས་པས་སྐུ་དྲིན་སྤྱིར་ས་གསུམ་ན་ཆེ་ཞིང་ཁྱད་པར་གངས་ཅན་ལ་སྐུ་དྲིན་ཤིན་ཏུ་ཆེའོ། །དེ་ལྟར་ན་སྲོང་བཙན་སྒམ་པོ་རྒྱལ་སར་བྱོན་པའི་ས་གླང་ནས་རལ་པ་ཅན་གཤེགས་པའི་ལྕགས་བྱ་ཡན་ཆད་ལ་ལོ་ཉིས་བརྒྱ་དང་བཅུ་གཅིག་སོང་འདུག་པ་འདིའི་རིང་བོད་དུ་བསྟན་པ་སྔ་དར་གྱི་ཐ་སྙད་བྱས། འདི་ཡན་ཆད་དུ་བོད་ཀྱི་ཆོས་རྒྱལ་རྣམས་ཀྱིས་གཙུག་ལག་ཁང་སྟོང་རྩ་བརྒྱད་བཞེངས་པར་གྲགས་སོ། །རལ་བ་ཅན་ཕྱག་ན་རྡོ་རྗེའི་སྤྲུལ་བར་གྲགས་ཤིང་སྔར་སྡེ་སྣོད་གསུམ་ཡུལ་སྐད་སྣ་ཚོགས་སུ་བསྒྱུར་བ་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་སྟེ་ཕྱིན་ཆད་དེ་ལས་གཞན་དུ་མི་འགྱུར་བ་བྱས་ཤིང་བཀས་བཅད་གསུམ་བྱས་ཏེ། སྡེ་བ་གཞི་ཐམས་ཅད་ཡོད་སྨྲ་ལས་གཞན་མི་བྱེད་གསང་སྔགས་མ་བསྒྱུར་ཅེས་བཀས་བཅད། རབ་བྱུང་རེ་ལ་མི་ཁྱིམ་བདུན་བདུན་ཕུལ་ནས་ཞབས་སྤྱི་བོས་ལེན་པ་སོགས་མཛད་དོ། །བསྟན་པ་ཕྱི་དར་གྱི་ཚུལ་ནི། མདོ་སྨད་དུ་དར་བ་བླ་ཆེན་པོ་ལ་དབུས་གཙང་གི་མི་བཅུས་དབུས་སུ་བསམ་ཡས་སུ་ཕེབས་པའི་མཚམས་འདི་ནས་བསྟན་པ་ཕྱི་དར་གྱི་དབུ་བཟུང་བ་ཡིན་ལ། གླང་དར་གྱིས་དབུས་གཙང་དུ་བསྟན་པ་བསྣུབས་ནས་མཁས་པ་མི་བཅུས་བསམ་ཡས་སུ་སླེབ་པའི་བར་ལ་རྒྱལ་པོའི་བཀའ་ཆེམ་ཆེན་པོ་ལྟར་ན་གོ་དྲུག་སོང་བར་བྱེད་དགོས་ཏེ། ལོ་གོ་དྲུག་དུ་བསྟན་པ་མི་འབྱུང་བར་བཤད་པའི་ཕྱིར། བཀའ་ཆེམ་ལས། ལོ་སྐོར་བརྒྱད་ཀྱི་བར་སངས་རྒྱས་བསྟན་པ་མེད་པར་འགྱུར། ཞེས་གསུངས་ལ། བུ་དང་བཅོམ་རལ་གཉིས་བདུན་བཅུ་སོང་ཟེར་བ་གཉིས་གུང་ལེགས་པ་འདྲ་མོད་ཀྱང་འདི་སྐབས་སུ་ལོ་རྟགས་གསལ་བོ་མེད་པས་དཔྱད་དཀའ་ལ་སྣ་ཚོགས་གཅིག་འདུག་ཀྱང་མ་བཀོད། དེ་ནས་མཁས་པ་མི་བཅུས་བསྟན་པ་སྤེལ་བའི་ཕྱིར་དུ་སོ་སོར་གནས་གཞི་བརྩིགས་ཏེ། དེ་ཡང་དབུས་སུ་ཀླུ་མེས་ཀྱིས་ལ་མོ་ལྕགས་དེའུ་བརྩིགས། དེ་ལ་སློབ་མ་བཞི་བྱུང་བའི་གྲུ་དམར་ཚུལ་ཁྲིམས་འབྱུང་གནས་ཀྱིས་སོལ་ནག་ཐང་ཆེན། དེ་ལས་མཆེད་པ་ལ་ཐང་ཚོ་སྐོར་ཟེར། ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་གིས་རྭ་ཚག་དང་རྒྱལ་ལྷ་ཁང་བརྩིགས། དེ་ལ་ཞང་ཚོ་སྐོར་ཟེར། རྔོག་བྱང་ཆུབ་འབྱུང་གནས་ཀྱིས་ཡེར་པའི་ལྷ་ཁང་དང་གཞུའི་ཀུན་དགའ་ར་བ་བརྩིགས། དེ་ལ་རྔོག་ཚོ་སྐོར་ཟེར། གླན་ཡེ་ཤེས་ཤེས་རབ་ཀྱིས་རྒྱ་གསར་སྒང་བརྩིགས། དེ་ལ་གླན་ཚོ་སྐོར་ཟེར། སུམ་པ་དང་རྔོག་གིས་གཡུལ་གྲོ་ལྷ་ཁང་བརྩིགས། རག་ཤིས་འཕྲང་འོག་གི་ལྷ་ཁང་བརྩིགས། སྦས་ཡུང་འགུར་བརྩིགས། སྦའི་མཁན་བུ་མལ་ཤེས་རབ་སེམས་དཔས་སྟོད་ལུང་ཚ་ཐོག་བརྩིགས། དེ་ནས་ཐག་མ་དང་མོན་གྲ་གཉིས་བཟུང༌། དེ་ལ་སྦ་ཚོ་སྐོར་ཟེར། དང་པོར་རག་ཤིས་འཕྲང་འོག་བརྩིགས། དེ་ནས་མལ་གྲོ་ཀ་ཚལ་དང་ཞྭའི་ལྷ་ཁང་བཟུང༌། དེ་དག་ལ་ནག་ཚོ་སྐོར་ཟེར། དེ་ལྟར་དབུས་གཙང་གི་མཁས་པ་མི་བཅུས་ཕྱིན་ཡང་སུམ་པ་དང་གཙང་གི་འོ་བརྒྱད་སྤུན་གཉིས་ལས་མཆེད་པ་མེད་པས་མི་དྲུག་ཏུ་གྲགས་སྐད་ཀྱང་ཐམས་ཅད་ཀྱིས་སྦེལ་ཞིང༌། འ་ཞྭ་དང་འབྲེ་གཉིས་དེ་དག་བཅུར་མ་གཏོགས་ཀྱང་སོ་སོས་གནས་གཞི་མང་དུ་བརྩིགས་ནས་བོད་ཁམས་མོན་ཚུན་ཆད་ཁྱབ་པར་བྱས་ཤིང༌། ཚོགས་ཚོ་སྐོར་དགུ་ལས་གྱེས་པ་སོགས་བུའི་ཆོས་འབྱུང་དུ་ལྟོས། དེ་ནས་སྟོད་འདུལ་དང་སྨད་འདུལ་གཉིས་དབུས་སུ་སླེབ་པའི་དུས་རགས་པ་མཉམ་སྟེ། སྟོད་འདུལ་པའི་རབ་ཏུ་བྱུང་བའི་ཐོག་མ་ལོ་ཆེན་རིན་ཆེན་བཟང་པོ་དང་ལྷ་བླ་མ་ཡེ་ཤེས་འོད་ཡིན་ལ། སྨད་འདུལ་བའི་རབ་བྱུང་གི་སྔ་མ་ཀླུ་མེས་ཀྱི་དངོས་སློབ་གྲུ་དམར་དང་ཞང་རྡོ་རྗེ་དབང་ཕྱུག་སོགས་ཡིན་པས་འདི་རྣམས་ཕལ་ཆེར་དུས་མཉམ་ལ། ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་ལས་ལོ་ཆེན་ལོ་ཕྱེད་ཙམ་གྱིས་བགྲེས་པར་འདུག་པ་སོགས་ལས་སོ། །དེ་ལྟ་བུའི་ཕྱི་དར་ལ་རྒྱུད་སྡེའི་དོན་དྲོད་སོགས་ཐོབ་ནས་བྱེད་ཚུལ་བཤད་པར་མ་གོ་བར་སྔགས་པ་ལས་དང་པོ་པས་ཀྱང་སྤྱོད་པའི་དུས་ཀྱི་ཐམས་ཅད་བྱེད་པར་བཤད་པ་ཨ་ཙརྱ་དམར་པོ་ཚད་ལྡན་ཡིན་ཀྱང༌། དེའི་སློབ་མ་པཎྜི་ཏ་འགའ་ཞིག་དང་རྣལ་འབྱོར་པར་རློམ་པ་ཤམ་ཐབས་སྔོན་པོ་ཅན་གྱིས་བསྙེན་སྒྲུབ་དུས་ནས་ལས་དང་པོ་པས་ཀྱང་སྦྱོར་བ་དང་སྒྲོལ་པ་བྱེད་ཚུལ་བཤད་ནས་ལས་དང་པོ་པས་དབང་སྐུར་དུས་ཤེར་དབང་དང་གསང་དབང་དངོས་ཀྱི་ཕྱག་རྒྱས་བྱས་པས་བསྟན་པའི་རྩ་བ་དང་གཞི་རྟེན་ཚངས་སྤྱོད་ཀྱི་སྡོམ་པ་ལ་གནོད་པ་ཆེན་པོ་བྱས་པ་འཇིག་རྟེན་ཐམས་ཅད་ཀྱི་མིག་གཅིག་བུ་སྐྱེས་བུ་དམ་པ་འདིས་ལམ་སྒྲོན་ལས། དང་པོའི་སངས་རྒྱས་རྒྱུད་ཆེན་ལས། །རབ་ཏུ་འབད་པས་བཀག་པའི་ཕྱིར། །གསང་པ་ཤེས་རབ་དབང་བསྐུར་ནི། །ཚངས་པར་སྤྱོད་པས་བླངས་མི་བྱ། །གལ་ཏེ་དབང་བསྐུར་དེ་འཛིན་ན། ཚངས་སྤྱོད་དཀའ་ཐུབ་ལ་གནས་པས། །བཀག་པ་སྤྱད་པར་གྱུར་པའི་ཕྱིར། །དཀའ་ཐུབ་སྡོམ་པ་དེ་ཉམས་ཏེ། །བརྟུལ་ཞུགས་ཅན་དེ་ཕམ་པ་ཡི། །ལྟུང་བ་དག་ནི་འབྱུང་འགྱུར་ཞིང༌། །དེ་ནི་ངན་སོང་ངེས་ལྟུང་བས། །གྲུབ་པ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་ནས་བཀག་པ་ལྟར་ཤིན་ཏུ་ལེགས་པ་ཡིན་ཏེ། མཉམ་སྦྱོར་ལས། དཀྱིལ་འཁོར་དག་ཏུ་མ་ཞུགས་དང༌། །དམ་ཚིག་རྣམས་ནི་སྤངས་པ་དང༌། །གསང་བའི་དེ་ཉིད་མི་ཤེས་པས། །སྒྲུབ་ཀྱང་ཅི་ཡང་མི་འགྲུབ་བོ། །ཞེས་དང༌། ས་ར་ཧས་གསང་བའི་མཛོད་ཀྱི་རྒྱུད་དྲངས་པ་ལས། ཡང་དག་དབང་བསྐུར་སྦྱིན་ལྡན་ན། །སྐྱེ་དང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡིས་སྐྱེ་བ་བདུན་ལ་ནི། །མ་སྒོམ་པར་ཡང་དངོས་གྲུབ་ཐོབ། །གང་ལ་སྒོམ་པ་དང་ལྡན་ཞིང༌། །གལ་ཏེ་དམ་ཚིག་སྡོམ་ལ་གནས། །སྐྱེ་འདིར་ལས་དབང་གིས་མ་གྲུབ། །སྐྱེ་བ་གཞན་དུ་དངོས་གྲུབ་ཐོབ། །རེ་ཞིག་དམ་ཚིག་ཉམས་པ་ན། །དངོས་གྲུབ་ཐོབ་པ་ལྟ་ཞོག་གི །མི་ཡི་སྐྱེ་བའང་རྙེད་པར་དཀའ། །ཞེས་གསུངས་པ་ལྟར་ཉེས་པ་ཆེ་བས་ལེགས་པར་བཀག་ཅིང༌། གཞན་ཡང་སྡོམ་པ་གསུམ་གྱི་འབོག་ཚུལ་དང་ལྟ་བ་ལོག་པར་བཟུང་པ་རྣམས་དང་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་སྐྱེས་བུ་གཅིག་གིས་ཉམས་ལེན་མི་རུང་སྙམ་པའི་ལོག་པར་བཟུང་བ་རྣམས་ནུབ་པར་བྱས་ནས་མདོ་སྔགས་ཀྱི་གནད་ཕྱིན་ཅི་མ་ལོག་པའི་བསྟན་པ་འཕེལ་བར་མཛད་པས་ཁ་བ་ཅན་པ་ཐམས་ཅད་ལ་སྐུ་དྲིན་གྱིས་ཁྱབ་པར་མཛད་དོ། །
གསུམ་པ་ལ་རྒྱུ་གསུམ་ངོས་བཟུང་བ་དང༌། སོ་སོར་བཤད་པ་གཉིས། དང་པོ་བསྟན་བཅོས་རྩོམ་པའི་རྒྱུ་ཕུན་སུམ་ཚོགས་པ་གསུམ་ངོས་བཟུང་བ་ནི། དེ་ལྟར་ཐུབ་པའི་དགོངས་པ་གསལ་བར་བྱེད་པའི་གཞུང་རྩོམ་པ་ལའང་ཕུན་སུམ་ཚོགས་པའི་རྒྱུ་གསུམ་ཡོད་དེ། ཞེས་པ་ནས། སློབ་དཔོན་འདི་ལ་ནི་གསུམ་ག་མངའ་འོ། །ཞེས་བྱུང༌། སྤྱིར་བསྟན་བཅོས་རྩོམ་པའི་རྒྱུ་ཡོད་དེ། རྒྱུ་རེ་རེས་ཀྱང་བསྟན་བཅོས་རྩོམ་ནུས་ཚུལ་ནི། རིག་པའི་གནས་ལྔ་ལ་མཁས་ན་ཚིག་དང་དོན་ལ་འཁྲུལ་བ་མི་འོང་ཞིང་བརྗོད་བྱ་ནང་དོན་རིག་པར་མཁས་ཤིང༌། བཟོ་གསོ་སོགས་ལ་མི་རྨོངས་པས་བསྟན་བཅོས་རྩོམ་ནུས། བསྟན་བཅོས་དེའི་དོན་རྫོགས་པའི་སངས་རྒྱས་ནས་བཟུང་དམ་པ་བར་མ་ཆད་པར་བརྒྱུད་པའི་མན་ངག་ཡོད་ནའང་འཁྲུལ་བ་འགའ་མི་འོངས་པས་བསྟན་བཅོས་རྩོམ་པར་ཤིན་ཏུ་ནུས། ཡི་དམ་ལྷའི་ཞལ་གཟིགས། གསུང་གི་གནང་བ་ཐོབ་ན་དོན་ལྷ་ལ་ཞུས་ཆོག་པས་མི་འཁྲུལ་བའི་བསྟན་བཅོས་ཚད་ལྡན་རྩོམ་ནུས་ན་གསུམ་ག་ཚང་ན་ཆེས་ཕུན་སུམ་ཚོགས་པར་འགྱུར་ལ་ཇོ་བོ་ཆེན་པོ་ལ་གསུམ་ག་མངའ་བས་སོ། །
གཉིས་པ་ལ་གསུམ་ལས། དང་པོ་ནི། དེ་ལ་ཡི་དམ་གྱིས་རྗེས་སུ་བཟུང་པ། །ཞེས་པ་ནས། ཞེས་གསུངས་པ་ལྟར་རོ། །ཞེས་བྱུང༌། སྤྱིར་སངས་རྒྱས་བྱང་སེམས་མང་པོའི་ཞལ་གཟིགས་པ་ཡིན་ཏེ། དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་བའི་མན་ངག་ལ་བརྟེན་ནས་སངས་རྒྱས་བྱང་སེམས་ནམ་མཁའ་གང་ཙམ་གཟིགས་གསུངས་ཏེ། བསྟོད་པ་ལས། ཁྱོད་ཀྱི་སངས་རྒྱས་ཐམས་ཅད་ཀྱིས། །བྱིན་རླབས་ཐུགས་ལ་སྐྱེས་པ་ཡིན། །ཞེས་གསུངས་ཤིང༌། བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱི་མཐུས་ཡི་དམ་མང་པོ་ཞལ་གཟིགས་ཤིང་ཁྱད་པར་ཡི་དམ་དྲུག་གིས་ཞལ་གཟིགས་པ་ནི། ཀྱཻ་རྡོ་རྗེ་དང༌། དམ་ཚིག་གསུམ་བཀོད་དང༌། འཇིག་རྟེན་དབང་ཕྱུག་དང༌། དཔའ་པོ་བདེ་མཆོག་དང༌། སྒྲོལ་མ་དང༌། སོགས་སྒྲས་མི་གཡོ་བ་དང༌། སྙེ་ཐང་དུ་སྟོན་པ་དང་བྱམས་འཇམ་དབྱངས་གསུམ་གཟིགས་ཤིང་ཆོས་ཀྱི་བགྲོ་བ་གསན་པའི་ཕྱིར་རོ། །
གཉིས་པ་ནི། བླ་མ་བརྒྱུད་པ་ལ་ཐེག་པ་ཐུན་མོང་བ་དང་ཐེག་པ་ཆེན་པོའི་བརྒྱུད་པ་གཉིས། ཞེས་པ་ནས། གཞན་ཡང་མང་ངོ༌། །ཞེས་བྱུང༌། བླ་མ་བརྒྱུད་པ་ལ་ཐེག་པ་ཐུན་མོང་བ་དང་ཐེག་ཆུང་གི་བརྒྱུད་པ་འཇམ་དབྱངས་མར་མེ་མཛད་ཡི་གེ་བ། ཀརྞ་བ། ཛྙ་ན་ཤྲཱི། ཇོ་བོ་སོགས། ཐེག་ཆེན་ལ་ཕར་ཕྱིན་དང་སྔགས་གཉིས་ལས། དང་པོ་ལ་ལྟ་པའི་བརྒྱུད་པ་ཀླུ་སྒྲུབ་སོགས་ལམ་རིམ་བརྒྱུད་འདེབས་ལྟར་དང༌། སྤྱོད་པ་ལ་བྱམས་པ་ནས་བརྒྱུད་པ་གཙོ་བོ་བྱམས་པ་ནས་གསེར་གླིང་བ་དང༌། འཇམ་དབྱངས་ནས་གསེར་གླིང་བ་དང༌། གསང་སྔགས་ལ་ཀླུ་སྒྲུབ་དང་ཡེ་ཤེས་ཞབས་ལས་གསང་འདུས་བརྒྱུད་པ་གཉིས་དང་། ཌོམྦྷི་པ་ནས་བདེ་མཆོག་དང༌། ར་ཧུ་ལ་ནས་ཀྱེ་རྡོར་དང༌། ཀ་མར་ཀྵི་ཏ་ནས་བརྒྱུད་པའི་གཤིན་རྗེ་གཤེད་དང༌། སྔགས་ཀྱི་ལས་སྣ་ཚོགས་དང་གསང་སྔགས་མཐའ་དག་སྟེར་བ་ཤནྟི་བ་སྟེ། གསང་སྔགས་བརྒྱུད་པ་ལྔ། གསང་འདུས་གཅིག་བུ་ལའང་བཤད་སྲོལ་བཅོ་བརྒྱད་ཀྱི་ཇོ་བོ་བརྒྱད་གསན་པར་བཤད་པས་ཤིན་ཏུ་མང༌། གཞན་ཡང་གྲུབ་མཐའི་བརྒྱུད་པ། ཀླུ་སྒྲུབ། ཨརྱཱ་དེ་བ། མ་ཏི་ཙི་ཏྲ། ཏེ་ལོ། ཙི་ཏི་བ་ལ། མཉྫུཤྲི་བྷ་ཏྲ། བོ་དྷི་བྷ་ཏྲ་དང༌། ཤནྟི་པ་དང༌། བྱིན་རླབས་རྡོ་རྗེ་འཆང༌། ཏེ་ལོ། ནཱ་རོ། ཌོམྦྷི་པ་བཞི་དང༌། ཡང་བྱིན་རླབས་བརྒྱུད་པ་སངས་རྒྱས་བསྐྱངས། སངས་རྒྱས་ཡེ་ཤེས། སངས་རྒྱས་ཞི་བ། སངས་རྒྱས་གསང་བ། ཀུ་སུ་ལུ། ཀུ་སུ་ལུ་ཆུང་པ་དང་དྲུག་ཅེས་གླེགས་བམ་རིན་པོ་ཆེ་ལས་གསུངས་སོ། །གདམས་པ་སྣ་ཚོགས་ཀྱི་བརྒྱུད་པ། ཀླུ་སྒྲུབ། ཀླུ་བྱང༌། སྤྱོད་པ་བ། ཤནྟི་བ་ལྔ་ལས་མན་ངག་སྣ་ཚོགས་བྱིན་པར་བཤད། གཞན་ཡང་ཐུན་མོང་མ་ཡིན་པ་སྣ་ཚོགས་འདུག །སྤྱིར་ཡུན་རིང་བསྟེན་པའི་བླ་མ་ཤནྟི་བ་དང་གསེར་གླིང་བྱང་ཆུབ་བཟང་པོ། ཡེ་ཤེས་དཔལ་སོགས་དངོས་བསྟན་ལྔ་སོགས་དང༌། བླ་མ་ལྔ་བཅུར་གྲགས་ཤིང༌། སྔགས་ཕར་ཕྱིན་གསན་པའི་བླ་མ་བདུན་ཅུ་རྩ་གཉིས་ཡོད་པས། དངོས་གྲུབ་ཐོབ་པའི་བླ་མ་བཅུ་གཉིས་གྲགས་པས་བརྒྱུད་པ་དུ་མ་དང་ལྡན་ནོ། །གསུམ་པ་ནི། རིག་པའི་གནས་ལྔ་ལ་མཁས་པ་ནི་བཤད་ཟིན་ཏོ། །ཞེས་པ། སྔར་བཤད་པ་དེ་དག་གིས་གོ་ནུས་ཤིང༌། ཀླུ་སྒྲུབ་ཀྱིས་མི་མཁྱེན་པ་དང་མ་མཛད་པ་མེད་ཅིང་དེ་ཐམས་ཅད་ཇོ་བོས་མཁྱེན་པར་གྲགས་སོ། །དེའི་ཕྱིར་སློབ་དཔོན་འདིས་རྒྱལ་བའི་དགོངས་པ་ལྟར་བཤད་ནུས་ཏེ། དེའི་རྒྱུ་ཕུན་ཚོགས་གསུམ་མངའ་བས་སོ། །
བཞི་བ་བསྟན་འགྲོའི་དོན་མཛད་པའི་འབྲས་བུ་སློབ་མའི་ཁྱད་པར་ལ། རྒྱ་བོད་ཀྱི་སློབ་མ་སྤྱི་དང༌། སློབ་མའི་མཆོག་བཤད་པ་གཉིས། དང་བོ་ནི། དེ་ལྟ་བུའི་སློབ་དཔོན་འདི་ལ་རྒྱ་གར་ཁ་ཆེ་ཨུ་རྒྱན་བལ་བོ་བོད་རྣམས་ན། ཞེས་པ་ནས། དབུས་ནས་ཁུ་རྔོག་འབྲོམ་གསུམ་བྱུང་ངོ༌། །ཞེས་བྱུང༌། འདིའི་སློབ་མ་མ་ག་དྷ་ཁ་ཆེ་གསེར་གླིང་ཟངས་གླིང་ནས་གླིང་སོགས་དང༌། ཨུ་རྒྱན་བལ་བོ་བོད་རྣམས་ན་བགྲངས་ལས་འདས་པ་གཅིག་ཡོད་མོད་ཀྱང་གྲགས་ཆེ་བ་རྒྱ་གར་དུ་ལྔ་སོགས་དང༌། མངའ་རིས་ན་ལྷ་བླ་མ་བྱང་ཆུབ་འོད། ལྷ་ཞི་བ་འོད། ལོ་ཆེན་རིན་ཆེན་བཟང་བོ། རྒྱ་དང༌། ནག་ཚོ་དང༌། ལོ་ཆུང་ལེགས་ཤེ་དང༌། གློ་བོའི་ཡུལ་ནས་སྟོན་པ་ཡར་བ། གུང་ཐང་ནས་སྒོམ་པ་ཚུལ་ཁྲིམས་དང་ཤེར་འབྱུང༌། གཙང་སྟོད་ནས་གྲགས་སྟོན་ཆེ་ཆུང་གཉིས་དང༌། གཙང་སྨད་ནས་འགར་འགོས་ཡོལ་གསུམ་དང༌། ལྷོ་བྲག་ནས་བླ་མ་མར་བ་ལོ་ཙྪ། ཆགས་པ་ཁྲི་མཆོག །བཙུན་པ་དགེ་སྐྱོངས་སོགས་དང༌། གནམ་གྱི་རྫིང་ཁ་བ་བང་སྟོན་བྱང་ཆུབ་རྒྱལ་མཚན་དང༌། རྔོག་ཟངས། སྣ་ནམ་མི་མལ་ཤེས་རབ་སེམས་དཔའ། དཔོན་ཆོས། མགོས་སྟོང་བཙན་ལྷབ་མི་ཆེན་པོ། སྒྲོ་ཨཱརྱ་བྱང་ཆུབ། ཁུང་སེང་རྒྱན། ལྷ་རྗེ་བསམ་གཏན། ཡོལ་ཆོས་དབང་མཆེད་གསུམ། ཞང་ཡར་པ་བ། སྒོམ་པ་དད་པ་བླ་མ། ཞང་བཙུན་དྲི་མེད་ཀ་བ་ཤཱཀྱ་དབང་ཕྱུག །སུམ་པ་མཐུ་ཆེན་སོགས་དང༌། ཁམས་ནས་རྣལ་འབྱོར་པ་ཆེན་པོ་ཨ་མེ་བྱང་ཆུབ་རིན་ཆེན། དགོན་པ་བ་འཇོང་དབང་ཕྱུག་རྒྱལ་མཚན། རྣལ་འབྱོར་བ་ཤེས་རབ་རྡོ་རྗེ། ཕྱག་དར་སྟོན་པ། བྱམས་པ་བློ་གྲོས་ལྔ་དང༌། དེ་རྣམས་ཀྱི་ནང་ནས་ཁུ་རྔོག་འབྲོམ་གསུམ་གཙོ་བོ་ཡིན་ལ། གཞན་ཡང་ཁྱུང་བོ་རྣལ་འབྱོར་བ་དང༌། མར་བ་དོ་བ། རྭ་རྡོ་རྗེ་གྲགས་དང༌། བ་རི་ལོ་ཙཱ་བ་སོགས་བགྲངས་ཡས་བྱོན་པ་ལགས།
གཉིས་པ་ནི། དེ་དག་གི་ནང་ནས་ཀྱང་བླ་མ་ཉིད་ཀྱི་འཕྲིན་ལས་རྒྱས་བར་བྱེད་པའི་བརྒྱུད་འཛིན་ཆེན་པོ་ནི་སྒྲོལ་མས་ལུང་བསྟན་པའི་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་སོ། །འདི་དག་ནི་མཛད་པ་པོའི་ཆེ་བ་མདོར་བསྡུས་པ་སྟེ། རྒྱས་བར་རྣམ་ཐར་གྱི་ཡི་གེ་ཆེན་མོ་རྣམས་སུ་ཤེས་པར་བྱའོ། །ཞེས་བྱུང༌། དེ་ལ་དགེ་བཤེས་བྱང་སེམས་ཆེན་པོ་འདི་སྒྲོལ་མས་ལུང་བསྟན་ཚུལ་ནི། ཇོ་བོས་སྒྲོལ་མའི་མདུན་དུ་གསོལ་བ་བཏབ་པས། ནང་བར་ལྷ་ཁང་གཅིག་ཏུ་རྣལ་འབྱོར་མ་གཅིག་ཡོང་དེར་དྲིས་གསུངས། ནང་བར་རྣལ་འབྱོར་བ་རལ་པ་ཤར་རེ་བ་ལ་ཞམ་མེ་གཅིག་བྱུང་བས། མེ་ཏོག་ཕུལ་ནས་ཞུས་པས། བོད་དུ་བྱོན་ན་ཕན་ནི་ཐོགས་ནས་འོངས། ཁྱད་པར་ཨུ་པ་སི་ཀ་གཅིག་ལ་བརྟེན་ནས་ཕན་ཐོགས་རེ་འོངས་པར་འདུག དེ་ལ་བྱིན་གྱིས་རློབས་ཤིག་གསུངས་ནས་ལུང་བསྟན་ཏོ། །རྣམ་ཐར་རྒྱས་པ་ནག་ཚོ་དང༌། མཆིམས་གྱི་ཡི་གེ་དང༌། ལམ་ཡིག་ཆེན་མོ་རྣམས་ཡིན་ནོ། །
གཉིས་པ་བྱེ་བྲག་ཏུ་ལམ་རིམ་མཛད་པ་པོའི་ཆེ་བ་རྒྱལ་བ་ཐམས་ཅད་ཀྱི་ཡབ་གཅིག་རྗེ་བཙུན་འཇམ་དབྱངས་ཉིད་ཕེབས་ཤིང་བསྟན་པ་རིན་པོ་ཆེ་ཕྱོགས་ཐམས་ཅད་དུ་རྒྱས་བར་མཛད་པ་ཡིན་ཏེ། དེ་ཡང་བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་རིང་ལུགས་པ་ཆེན་པོ། འཇིག་རྟེན་ཐམས་ཅད་ལ་རྒྱུ་མེད་པར་ཡང་གཅིག་ཏུ་མཉེས་གཤིན་པའི་ངང་ཚུལ་ཅན། རིང་མོ་ཞིག་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་མཐའ་དག་གི་ཕ་རོལ་ཏུ་བྱོན་པ། རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཐུགས་ཀྱི་འོད་ཟེར་གྱིས་བློ་གྲོས་ཀྱི་པདྨོ་ཁ་ཕྱེ་བས་ཤེས་བྱའི་དཀྱིལ་འཁོར་མཐའ་དག་ལ་གཟིགས་པ་འབུམ་དུ་འབར་པའི་ཐོགས་པ་མེད་པའི་སྤྱན་དང་ལྡན་པ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་མངོན་པར་རྟོགས་པའི་ཡོན་ཏན་འཇིག་རྟེན་ཐམས་ཅད་ཁྱབ་པ། མཐའ་ཡས་ཤིང་མུ་མེད་པའི་ཡོན་ཏན་རིན་པོ་ཆེའི་ཚོགས་ཀྱིས་ཐུགས་ཀྱི་བང་མཛོད་ཡོངས་སུ་གཏམ་པའི་བདག་ཉིད་ཆེན་པོ་མཚན་བརྗོད་པར་དཀའ་བ་འདི་ནི། ཐུན་མོང་མ་ཡིན་པ་དངོས་པོའི་གནས་ཚོད་ཙམ་བརྗོད་ན། བསྐལ་པ་དཔག་ཏུ་མེད་པའི་སྔ་རོལ་ནས་ས་བཅུ་ཡོངས་སུ་རྫོགས་པར་མཛད་དེ། དག་པའི་ཞིང་དང་མ་དག་པའི་འཇིག་རྟེན་གྱི་ཁམས་རྣམས་སུ་ཡང་ལ་ལར་ནི་འཁོར་ལོ་བསྒྱུར་བ་དང༌། ལ་ལར་ནི་ཁམས་ཀྱི་རྒྱལ་པོ་དང༌། འགའ་ཞིག་ཏུ་ནི་བརྒྱ་བྱིན་དང་ཚངས་པའི་གཟུགས་དང༌། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཁྱིམ་པ་དང་རབ་ཏུ་བྱུང་བའི་ཚུལ་ལ་སོགས་པ་གདུལ་བྱ་དང་འཚམ་པའི་སྐུའི་རྣམ་པར་འཕྲུལ་བ་དཔག་ཏུ་མེད་པ། ཇི་ལྟར་ནམ་མཁའི་ལམ་ནས་ཟླ་བའི་དཀྱིལ་འཁོར་གཅིག་ཉིད་ཀྱིས་སའི་སྟེང་དུ་ཆུ་སྣོད་ཐ་དད་པ་སྣ་ཚོགས་ཞིག་གི་ནང་དུ་གཅིག་ཆར་རང་གི་གཟུགས་དུ་མ་སྟོན་པ་དེ་བཞིན་དུ་འབད་རྩོལ་མེད་པར་ཉེ་བར་བསྟན་པ་ལས། བདག་ཅག་རྣམས་ལ་ནི། འུ་བུ་ཅག་དང་འགྲོ་བ་རིས་མཐུན་པར་སྐྱེ་བ་བཞེས་པའི་དགེ་བའི་བཤེས་གཉེན་ཉིད་ཀྱི་རྣམ་པར་བསྟན་པས་དོན་མཛད་དོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱ་བ་ཡིན་པ་གོར་མ་ཆག་པའམ་ཐེ་ཚོམ་མེད་པ་སྟེ། འདི་ལ་བདག་ཉིད་ཡིད་ཆེས་པར་བྱ་བའི་ལོ་རྒྱུས་ཀྱི་གཏན་ཚིགས་གཏམ་དུ་གླེང་བའང་ཐོས་སོ། །ཞེས་རིགས་ལྡན་གྲགས་པའི་རྣམ་འཕྲུལ་མཁས་གྲུབ་ཐམས་ཅད་མཁྱེན་པས་གསུངས་པ་ཡིན་ཏེ། མདོ་ལས། དུ་བ་ལས་ནི་མེར་ཤེས་དང༌། །ཆུ་སྐྱར་ལས་ནི་ཆུ་ཤེས་ལྟར། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་མཚན་མ་དག་ལས་ཤེས། །ཞེས་གསུངས། སྐུ་གསུང་ཐུགས་ཀྱི་མཛད་པ་དང་འཕྲིན་ལས་ལ་དཔག་ནའང་དེ་ལྟར་རྟོགས་ནུས་ལ། ལུང་བསྟན་ཡང་སངས་རྒྱས་ཉིད་ཀྱིས་མདོ་རྒྱུད་དུ་མར་ལུང་བསྟན་ཅིང༌། མཁས་གྲུབ་ཆེན་པོ་དུ་མས་ཀྱང་ལུང་བསྟན་པའི་ཚད་མའི་ལུང་ཤིན་ཏུ་མང་པའི་ཕྱིར། སྤྱིར་དུས་ངན་པ་མི་རྣམས་ཆོས་དང་མི་ལྡན་པ་དང༌། རྒྱལ་པོ་རྣམས་མ་རུང་བ་དང༌། མི་དང་མི་མིན་ཀུན་གླང་དར་དུས་བཞིན་ཆོས་ལ་སྡང་དུས་འཇམ་དབྱངས་ཀྱིས་བྱིས་པ་སོ་སྐྱེའི་ཚུལ་གྱིས་ཡང་ཡང་ཕེབས་ནས་སེམས་ཅན་མང་པོ་འདུལ་བར་བཤད་ཅིང༌། ཁྱད་པར་སྟོན་པ་འདས་ནས་ས་སྟེང་སྟོངས་པ་ན་རྗེ་བཙུན་ཁྱོད་ཉིད་བྱིས་པའི་གཟུགས་ཀྱིས་སངས་རྒྱས་གཉིས་པའི་མཛད་པ་བྱེད་ཅིང༌། ཁ་བ་ཅན་དུ་རྡོ་རྗེ་གདན་གཉིས་པ་དགོན་གནས་ཆེན་པོ་བྱེད་པ་དང༌། དགེ་འདུན་གྱི་སྡེ་དང་དགོན་གནས་ཆེན་པོ་དུ་མ་ཕྱོགས་བཅུར་རྒྱས་ཤིང༌། དེ་ལ་དད་པ་རྣམས་རྨད་བྱུང་བཀོད་པར་སྐྱེ་བར་ལུང་བསྟན་པ་སོགས་ཡོད་པའི་ཕྱིར། ཁྱད་པར་དང་པོ་ནི། འཇམ་དཔལ་རྩ་རྒྱུད་ཀྱི་ལེའུ་ཉེར་བརྒྱད་པ་ལས། དེ་དུས་འཇིགས་སུ་རུང་བ་ཡི། །དེ་ཚེ་སེམས་ཅན་ཆོས་ལྡན་མིན། །རྟག་ཏུ་ཆོས་ལ་མིག་གནས་ཤིང༌། །རྒྱལ་པོ་རྣམས་ནི་མ་རུང་ཡིན། །མི་དང་མི་མ་ཡིན་རྣམས་ནི། །ཀུན་ཀྱང་བསྟན་ལ་རྣམ་པར་སྡང༌། །ངས་བཤད་ཆོས་ཀྱི་མཛོད་རྣམས་ནི། །དེ་ཡི་ཐམས་ཅད་འཇིག་པར་འགྱུར། །དེ་དག་འདུལ་པའི་དོན་གྱི་ཕྱིར། །ཞེས་པ་ནས། སྐྱེ་བོ་སྐྱབས་ནི་མེད་པ་དང༌། །སངས་རྒྱས་ཞིང་ནི་སྟོངས་པ་ན། །སྔགས་ཀྱི་གཟུགས་ཀྱིས་སེམས་ཅན་ལ། །བྱིས་པའི་ཚུལ་གྱི་ཡང་དག་ཤོད། །སེམས་ཅན་མང་པོ་འདུལ་བྱེད་ཅིང༌། །ཕུན་སུམ་ཚོགས་པ་སྦྱིན་བྱེད་ལ། །དུས་ཀྱི་ཐ་མ་དེ་ལ་ནི། །སེམས་ཅན་ཀུན་ལ་མཆོག་སྦྱིན་བྱེད། །ཅེས་གསུངས་སོ། །ཁྱད་པར་གཉིས་པ་ཡང་འཇམ་དཔལ་རྩ་རྒྱུད་ཀྱི་ལུང་དེའི་དེ་མ་ཐག་ཏུ། འཇིག་རྟེན་ང་ནི་མྱ་ངན་འདས། །ས་ཡི་སྟེང་ནི་སྟོངས་གྱུར་ན། །ཁྱོད་ཉིད་བྱིས་པའི་གཟུགས་ཀྱིས་ནི། །སངས་རྒྱས་མཛད་པ་བྱེད་པར་འགྱུར། །དེ་ཚེ་དགོན་པ་རབ་དགའ་བ། །ཁ་བ་ཅན་ན་ཡོད་པ་ཡིན། །ཞེས་དང༌། ཇོ་བོ་ཡབ་སྲས་ཤིང་རྟའི་ལོ་ཡེར་པ་ནས་ལྷ་སར་ཕེབས་དུས་ཇོ་བོ་ཤཱཀྱ་མུ་ནིས་དགེ་བཤེས་སྟོན་པར་གསུང་གིས་ལུང་བསྟན་པའི་འཆི་མེད་རྡོ་རྗེ་གླུ་ལས། མར་མེ་མཛད་ཀྱང་གནས་མཆོག་འདིར། །སྒྲོལ་མར་བཅས་ཏེ་སྤྲུལ་སྟོང་འགྱེད། །ལྷག་པར་ཆགས་མེད་བསོད་སྙོམས་པས། །ཕྱོགས་བཞིའི་ལས་ཅན་དབང་བསྡུས་ནས། །ང་ཡི་མཆོད་ཚོགས་རྒྱས་པར་བྱེད། །དད་པའི་དབྱངས་ཀྱིས་གསོལ་བ་འདེབས། །མར་མེ་མཛད་དང་བྱམས་པ་ཡང་། །ཁྱོད་ཀྱི་གྲོགས་བཟང་སྤེལ་བར་བྱེད། །རིང་པོར་མི་ཐོགས་གནས་མཆོག་འདིར། །མཆོད་ཚོགས་རྒྱ་མཚོ་འདུ་བར་འགྱུར། །ཞེས་དང༌། ཡང་དགེ་བཤེས་སྟོན་པ་རིན་པོ་ཆེས་ལུང་བསྟན་པའི་སྐབས་སུ་ཡང༌། བྱང་རི་ལྷུན་པོ་བརྟན་པའི་རྩེར། །བྱང་ཆུབ་གནས་ཞེས་གྲགས་པའི་སར། །བདག་གིས་བྱིན་རླབས་སེངྒེའི་སྒྲ། །སྐུ་གསུང་དམ་པ་དེར་གནས་ཏེ། །ཐུགས་རྗེའི་འོད་ཟེར་ཕྱོགས་བཅུར་འཕྲོ། །ཞེས་པ་ནས། དེ་ནི་རྡོ་རྗེ་གདན་དང་མཚུངས། །ལྷ་དང་ཀླུ་དང་གནོད་སྦྱིན་དང༌། །མི་དང་དྲི་ཟ་དག་གིས་མཆོད། །གང་ནས་བལྟས་ཀྱང་ལྷམ་མེར་གསལ། །ཞེས་པ་ནས། ཐ་མ་སྟོང་ཕྲག་ཕྱེད་དང་གསུམ། །བསླབ་པ་གསུམ་ལྡན་ཤཱཀྱའི་སྲས། །འགྲོ་བ་ཀུན་གྱི་མགོན་དུ་འགྱུར། །གནས་དེར་ཕྱོགས་དང་ཕྱོགས་མཚམས་ནས། །འདུན་ལྡན་དཔག་མེད་འདུ་བར་འགྱུར། །ཕྱིར་ཡང་ལས་ཅན་ཕྱོགས་བཅུར་འགྲོ། །ཕྱི་ཡི་རྒྱ་མཚོ་དག་དང་མཚུངས། །ཆུ་བོ་བརྒྱ་ཡིས་གང་མི་ནུས། །དེ་ཙམ་ཞིག་གིས་བྲི་མི་ནུས། །ཞེས་གསུངས་པ་རྗེ་རིན་པོ་ཆེའི་ལུང་བསྟན་དུ་ཁྲི་རིན་པོ་ཆེ་འོད་ཟེར་དང༌། དགའ་ལྡན་གདན་རབས་ལས་བཤད་པ་ཤིན་ཏུ་ལེགས་ལ། ཆོས་རྗེ་བསོད་ནམས་གྲགས་པས་སྣར་ཐང་བྱང་ཆེན་ཁོ་ནར་སྦྱོར་བ་ནི། དགེ་བཤེས་སྟོན་པའི་ལུང་བསྟན་ལས་ལ་ལ་བསྲེས་ནས་བསྟན་པར་བཤད་པ་ལ་མ་དཔྱད་པར་མ་ཟད། སྣར་ཐང་བྱང་ཆེན་ལ་བདུད་བཏུལ་བའི་གནས་རྡོ་རྗེ་གདན་ལྟ་བུ་དང༌། གདུང་ལ་ལྷ་མི་ཀུན་གྱིས་མཆོད་པར་བྱེད་ཚུལ་དང༌། སྟོང་ཕྲག་ཕྱེད་གསུམ་གྱི་དགེ་འདུན་དང༌། ཕྱིའི་རྒྱ་མཚོ་དང་མཚུངས་པའི་དགེ་འདུན་གྱི་འདུ་བ་ཕྱིར་ཕེབས་ཚུལ་ཕྱོགས་ཙམ་ཡང་མི་སྣང་སྟེ་གཞན་དུའང་བཤད་ཟིན་ཅིང༌། མཁན་ཆེན་ཕྱག་རྡོར་པའི་ལུང་བསྟན་ལས། ཆོས་རྗེ་བློ་བཟང་གྲགས་པ་ཁྱེད་དགོན་གནས་གར་བཏབ་ན་ལེགས་གསུངས་པ། ཁྱེད་རང་གིས་བླ་མ་དང་ཡི་དམ་དབྱེར་མེད་དུ་མཛོད་ལ་གསོལ་བ་ཐོབ་དང༌། ང་དང་ཞིབ་ཆ་འདྲ་བ་གཅིག་འཇམ་དབྱངས་ཀྱིས་གསུངས་པར་འདུག །འོན་ཀྱང་ང་ལ་ལྷག་པའི་ལྷས་གསུངས་དུས། དབང་བསྐུར་རི་ཡི་འདབ་དག་ཏུ། །བཙུན་མོ་ལྡིང་གི་ངོས་ཕྱོགས་སུ། །དགེ་འདུན་དཔག་མེད་འདུ་བར་འགྱུར། །རི་ནི་གང་ཡིན་འཇམ་དཔལ་འཆད། །དབུས་གཙང་མདོ་ཁམས་རྒྱ་ཡུལ་གྱི། །མཆོད་ཡུལ་དམ་པ་ཚོགས་གསོག་རྟེན། །མངའ་རིས་བྱང་ཁམས་ཀུན་གྱི་སྐྱབས། །ཕྱོགས་བཅུར་སྡེ་དགོན་རྒྱས་པར་འགྱུར། །ཟེར་བ་སོགས་བྱུང་སྟེ། འདི་ཟུར་ཙམ་ཡིན་ཁྱེད་རང་གང་དགོས་ཡི་དམ་ལ་ཞུས་པས་ཡོང་བར་སྣང་ཞེས་གསུངས་སོ། །ཁྱད་པར་གསུམ་པ་དག་ཞིང་དང་རྗེ་རིན་པོ་ཆེ་ལ་དད་པ་ཁྱད་པར་ཅན་གྱི་ཞིང་དེར་སྐྱེ་བར་སངས་རྒྱས་ཀྱིས་ལུང་བསྟན་ཏེ། མདོ་སྡེ་གདམས་ངག་འབོག་པའི་བསྟན་པ་དྭངས་སྙིགས་འབྱེད་པའི་ལེའུ་ཟུར་དུ་བསྒྱུར་པ་འདིའི་ནང་ན་བོད་ཀྱི་ལུང་བསྟན་མང་ཡང་ཕྱིས་སུ་མང་པོས་དཀྲུགས་བཅོས་སྣ་ཚོགས་བྱས་ཀྱང་སྔར་མ་བཅོས་པའི་ལུང་མཁས་པ་དུ་མས་དྲངས་པ་ལས། ཀུན་དགའ་བོ། ད་ལྟ་ང་ལ་ཤེལ་དཀར་གྱི། །ཕྲེང་བ་ཕུལ་བའི་ཁྱེའུ་འདི། །ང་ཡི་བསྟན་པའི་གསོ་བྱེད་ལ། །མ་འོངས་སྙིགས་མའི་དུས་སུ་ནི། །འབྲི་དང་ལྡན་གྱི་ས་མཚམས་སུ། །དགའ་ཞེས་བྱ་བའི་དགོན་པ་འདེབས། །བློ་བཟང་ཞེས་པའི་མིང་ཅན་འབྱུང༌། །འཁོར་ནི་རྣམ་མང་བསྡུ་བར་བྱེད། །ཆོས་སྤྱོད་བཅུ་ཡི་རྒྱུན་འཛུགས་ཤིང༌། །ལྷ་ཁང་ཀ་བ་ཤིང་ལོ་ཅན། །ང་ཡི་སྐུ་གཟུགས་རྣམ་གཉིས་ལ། །དབུ་རྒྱན་འབུལ་ཞིང་མཆོད་པ་བྱེད། །སྟོན་པའི་མདོ་བཞིན་གསུང་སྒྲོགས་ཤིང༌། །སྙན་པའི་དབྱངས་ཀྱིས་གསོལ་བ་འདེབས། །ང་ལ་གསོལ་བ་རབ་བཏབ་ནས། །བསྟན་པ་ལོ་སྟོང་བར་དུ་གནས། །དེ་ནས་ཤར་ཕྱོགས་ལོགས་སུ་འགྲོ། །རྨད་བྱུང་བཀོད་པའི་འཇིག་རྟེན་དུ། །སཻངྒའི་ང་རོ་ཞེས་བྱར་འགྱུར། །དེ་ལ་དད་བྱེད་ཞིང་དེར་སྐྱེ། །ཞིང་མཆོག་དེ་ནི་ཁྱད་པར་འཕགས། །ཞེས་གསུངས་པ། ཕར་ངོས་འབྲི་གུང་དང་དེ་ནས་ལྡན་གྱི་ས་མཚམས་སུ་དགོན་པ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་འབྱུང་བ་དང༌། འདེབས་པ་པོའི་མཚན་ཟུར་དང༌། འཁོར་ཆེན་པོ་མང་དུ་བསྡུ་བ་དང༌། ཆོས་སྤྱོད་བཅུའི་བཤད་སྒྲུབ་རྒྱུན་འཛུགས་པ། ཀ་བ་ཤིང་ལོ་ཅན། ལྷ་སའི་ཇོ་བོ་མཆེད་གཉིས་ལ་དབུ་རྒྱན་འབུལ་བ་དང༌། སྟོན་པའི་མདོའམ་བཀའ་བཞིན་དུ་ཆོས་བཤད་ཉན་སྒྲོགས་ཤིང༌། མཆོད་དབྱངས་དང༌། གསོལ་འདེབས་སྐབས་གསུམ་མ་ལྟ་བུས་དྲག་ཏུ་གསོལ་བ་བཏབ་པས་བསྟན་པ་བོད་དུ་ལོ་སྟོང་དུ་གནས་པ་དང༌། སྐུ་ཕྱི་མ་ལ་བྱང་ཤར་མཚམས་ཀྱི་དག་ཞིང་རྨད་བྱུང་བཀོད་པར་རྒྱལ་བ་སཻངྒའི་ང་རོ་ཞེས་བྱ་བ་རྣམ་དག་གངས་རིར་བཤད་པ་ལྟ་བུ་དེར། ད་ལྟའི་དད་བྱེད་ཐམས་ཅད་དེར་སྐྱེ་ཚུལ་དང༌། སྐྱེས་ཚད་ཀུན་ཚེ་གཅིག་འཚང་རྒྱ་བའི་ཞིང་མཆོག་དེ་ནི་གཞན་ལས་འཕགས་ཚུལ་རྣམས་བཤད་པའི་ཕྱིར་ཏེ། འདི་ནི་མང་ཐོས་མཁར་ནག་པས་བཀོད་པ་བཞིན་དུ་བྲིས། བྲག་སྒོའི་ལུང་མ་དག་པ་གཅིག་དང་རྙིང་མ་ཡིན་སྙམ་ནས་ལོག་པར་སྨྲས་འདུག །དེ་ལ་ཐེ་ཚོམ་མེད་དེ། དེ་ལྟར་རྒྱུད་དང་བོད་འདིར་ཡང་མཁས་གྲུབ་དུ་མས་ལུང་བསྟན་པའི་ཕྱིར་ཏེ། པཎ་ཆེན་རིན་པོ་ཆེ་དང་ཞང་དམར་བ་མཁར་ནག་སོགས་ཀྱིས་དྲངས་པའི་འཇམ་དཔལ་རྩ་རྒྱུད་ལས། དང་པོར་ཡི་གེ་བ་གྲགས་དང༌། །སྡོམ་བརྩོན་ཐམས་ཅད་བསྒྲགས་པ་ཡང༌། །སྟོན་པའི་བསྟན་པ་གསལ་བྱེད་པ། །བསྟན་པ་དེ་ཚེ་ས་སྟེང་དུ། །རྣམ་པར་ཉམས་ཤིང་སྣང་མེད་ལ། །བསྟན་པའི་གཟུགས་བརྙན་ཡིད་དུ་འོང༌། །བྱེད་པར་འགྱུར་བར་ཐེ་ཚོམ་མེད། །ཐམས་ཅད་བྱང་ཆུབ་ལུང་བསྟན་ཏེ། །ང་ཡི་བྱང་ཆུབ་མཆོག་ཐོབ་འགྱུར། །དེ་བཞིན་འཇིག་རྟེན་སྦྱིན་གནས་འགྱུར། །སྲིད་པ་གསུམ་གྱི་མཐར་ཡང་བྱེད། །སྔགས་དང་རྒྱུད་ལ་མངོན་བརྩོན་པ། །གྲགས་པ་འཛིན་པར་ཤེས་པར་བྱ། །ཞེས་གསུངས་པ་ཡང་ཕལ་ཆེར་སྔ་མ་དང་མཐུན་ལ། འཚང་རྒྱ་བར་བཤད་པ་དང༌། ལྷོ་བྲག་ཕྱག་རྡོར་པ་ལས་ཀྱི་རྡོ་རྗེས་གསང་བདག་ལ་ཞུས་པ་ལས། བློ་བཟང་གྲགས་པ་སངས་ནམ་རྒྱ་ཞུས་པས། སངས་ནམ་རྒྱ་ངས་མི་སྟོན། འཇམ་དཔལ་དང་སྤྱན་རས་གཟིགས་ཀྱིས་སྟོན་པར་འགྱུར་རོ། །ཞེས་གསུངས་ཤིང༌། རྟོགས་ལྡན་འཇམ་དཔལ་རྒྱ་མཚོས་འཇམ་དབྱངས་ལ་ཞུས་པ་ལས། དེའི་ཚེ་སྙིང་སྟོབས་ཕུལ་དུ་ཕྱིན་པའི་སེམས་དཔའ་ཆེན་པོ་འདི་ཉིད་ནི། སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད་པ་འདས་པའི་བྱང་ཤར་མཚམས་སུ་ངོ་མཚར་རྨད་བྱུང་བཀོད་པ་སྣ་ཚོགས་པས་མཛེས་པ་ཞེས་བྱ་བའི་ཞིང་དུ་དེ་བཞིན་གཤེགས་པ་སཻངྒའི་ང་རོ་ཞེས་བྱ་བར་འཚང་རྒྱ་ཞེས་ལུང་བསྟན། དེ་ནས་བཟུང་སྟེ་མ་དག་པའི་ཞིང་རྣམས་སུ་སྔགས་རྒྱ་ཆེར་སྤེལ་བ་བཀོད་པ་སྣ་ཚོགས་ཀྱི་སྒོ་ནས་བགྲང༌བ་ལས་འདས་པ་ཐབས་མཁས་ཀྱིས་མཛད། ད་དུང་ཞིང་ཁམས་མཐའ་ཡས་པ་རྣམས་སུ་སྐད་ཅིག་གཅིག་གིས་ཡང་དེ་ཉིད་མང་དུ་རྒྱས་པར་མཛད་དོ། །ཞེས་གསུངས་ཤིང༌། དེ་དང་མཐུན་པར་གསང་བདག་གི་ལུང་བསྟན་ལས་ཀྱང༌། གསང་འཛིན་ལས་ཀྱི་རྡོ་རྗེ་ལ། །སྔོན་ནས་ཉེ་བར་འབྲེལ་བ་ཡི། །བློ་བཟང་གྲགས་པ་འདི་ཉིད་ནི། །སངས་རྒྱས་ཀུན་གྱི་སྤྲུལ་པ་སྟེ། །པཎ་ཆེན་རྐྱང་གི་ལུས་བཟུང་ནས། །མདོ་དང་སྔགས་ཀྱི་དོན་བཤད་ཅིང༌། །ངེས་པ་ཁོ་ནར་འཚང་རྒྱའོ། །རྒྱ་གར་རྒྱ་ནག་བལ་བོ་དང༌། །དབུས་གཙང་མདོ་ཁམས་ཡུལ་ཕྱོགས་སུ། །སྐྱེ་བ་བཟུངས་ཤིང་འགྲོ་ཀུན་རྣམས། །ཐར་པའི་ལམ་ལ་འཁྲིད་པར་བྱེད། །འཇམ་པའི་དབྱངས་ནི་ལྷག་པའི་ལྷ། །དབྱངས་ཅན་མ་ནི་ལས་རྒྱ་སྟེ། །ངེས་པ་ཁོ་ནར་བྱང་ཆུབ་བོ། །འཕགས་པའི་སློབ་མ་འདུ་བར་བྱེད། །ལུས་འདི་བོར་ཚེ་དགའ་ལྡན་དུ། །བྱམས་པའི་དྲུང་འགྲོ་ཆོས་ཉན་འགྱུར། །འཇམ་དཔལ་སྙིང་པོ་ཞེས་བྱ་བ། །སེམས་ཅན་ཀུན་ལ་བརྩེ་བ་སྟེ། །དེ་ནི་ས་བཅུའི་མཐར་ཕྱིན་ཏེ། །ཞེས་གསུངས་ཤིང༌། སངས་རྒྱས་ཐམས་ཅད་ཀྱི་སྤྲུལ་པ་དང༌། སྐྱེ་བ་སྣ་ཚོགས་ཡུལ་སོ་སོར་ཕེབས་ཚུལ་དང༌། སངས་རྒྱ་བར་བཤད་ཅིང༌། སློབ་དཔོན་པདྨས་མཛད་པའི་བསྐུལ་བྱང་ལས་ཀྱང༌། ཉོན་ཅིག་རྒྱལ་བོ་དད་པ་ཅན། །སངས་རྒྱས་འཇིག་རྟེན་བྱོན་དུས་ཉེ་བར་འཁོར། །མྱ་ངན་འདས་ཚེ་ཨུ་པ་ཀུཔྟ་ཞེས། །གྲོང་ཁྱེར་འགའ་རུ་བྷ་བ་བྷ་ཏྲར་གྲགས། །ཤར་ཕྱོགས་རྒྱ་ནག་ཡུལ་དང་ཉེ་བའི་ཆར། །ཤཱཀྱའི་དགེ་སློང་བློ་བཟང་ཞེས་བྱ་འབྱུང༌། །རྒྱལ་པའི་སྲས་པོ་གྲགས་པའི་མཚན་ཅན་དེས། །ཤཱཀྱ་མུ་ནི་ལོངས་སྤྱོད་རྫོགས་སྐུར་བསྒྱུར། །ཕ་རྒྱུད་ཟབ་གནད་ཕྲ་མོའི་རྣལ་འབྱོར་དང༌། །མཐའ་བཞི་སྤྲོས་བྲལ་རྟོགས་པའི་ལྟ་བ་ཡིས། །སྐལ་བཟང་གདུལ་བྱ་མང་པོ་སྨིན་གྲོལ་མཛད། །ཞིང་འདིའི་སྐུ་ཡི་བཀོད་པ་ལེགས་བསྡུས་ནས། །ངོ་མཚར་རྨད་བྱུང་བཀོད་པའི་འཇིག་རྟེན་དུ། །རྒྱལ་བ་སཻངྒའི་ང་རོར་མངོན་འཚང་རྒྱ། །དེ་ཡི་ཕྱག་གི་རིན་ཆེན་མཆོད་སྡོང་ལས། །འོད་ཟེར་བྱེ་བའི་ཕུང་པོ་རབ་ཏུ་འགྱེད། །ཅེས་གསུངས་པ་དང༌། གདམས་ངག་འབོག་པའི་མདོ་གཉིས་ལས་ཕྱི་མ་ལ་རྨད་བྱུང་བཀོད་པར་འཚང་རྒྱ་བར་བཤད་པ་དང་ཡང་དགའ་ལྡན་དུ་ཕེབས་པའི་ལུང་བསྟན་རྣམས་མི་འགལ་ཏེ། མཛད་པ་སྟོན་ཚུལ་ཙམ་ཡིན་ལ། དེ་བཞིན་དུ་མ་ཅིག་ལབ་ཀྱི་སྒྲོན་མའི་ལུང་བསྟན་ལས་ཀྱང༌། དེ་ལྟ་བུའི་རྒྱལ་ཁྲིམས་དང་ཆོས་ཁྲིམས་འཆུགས་པའི་དུས་སུ་སངས་རྒྱས་ཀྱི་བསྟན་པ་མུན་པའི་སྨག་ཏུ་ཀློག་འཁྱུགས་པ་ལྟ་བུ་ཞིག་འབྱུང༌། ཞེས་གསུངས་པ་སུ་ཡིན་དྲིས་པའི་ལན་དུ་ལུང་བསྟན་ལས། བུ་མོ་ཁྱོད་ཀྱིས་དྲིས་པའི་བྱང་སེམས་དེ། །མ་འོངས་བསྐལ་བཟང་སངས་རྒྱས་བདུན་པ་ཡིན། །ད་ལྟ་བྱང་ཆུབ་སེམས་དཔའ་སྙིང་སྟོབས་མཆོག །སྙིགས་དུས་ལོག་སྤྱོད་བོད་ཀྱི་ཡུལ་དུ་འབྱུང༌། །དགེ་སློང་ཚུལ་འཛིན་གྲགས་པའི་མཚན་ཐོགས་ཏེ། །གང་གི་ཞིང་དུ་སཻངྒའི་ང་རོར་གྲགས། །ཁྲིམས་འཆལ་ལོག་སྤྱོད་སྤོབས་པ་ཟིལ་གྱིས་གནོན། །ཁྲིམས་འཆལ་དཔག་མེད་ཡང་དག་ཁྲིམས་ལ་སྦྱོར། །ཐུབ་ཉིད་སྲོལ་བཏོད་བསྟན་པའི་ཆགས་རྟགས་འཛིན། །བསྟན་པ་གསལ་བར་བྱེད་པའི་དགེ་སློང་མཆོག །མཐའ་ཡས་རྒྱུད་སྡེའི་ཚོགས་ལ་དབང་བསྒྱུར་ཞིང༌། །རྒྱུད་སྡེ་རྒྱ་མཚོའི་དགོངས་པའི་བཅུད་ཕྱུང་ནས། །གདུལ་བྱར་གྱུར་པའི་སྐལ་ལྡན་ཚིམ་པར་མཛད། །ཅེས་གསུངས་པ་ལྟར། རྒྱུད་སྡེ་མཐའ་དག་གི་སྔགས་ལམ་རིམ། ཁྲིད་ཆེན་བརྒྱད་སོགས་མཛད། ཡང་ལབ་སྒྲོན་གྱི་ལུང་བསྟན་ལས། མ་ཅིག་གི་ཞལ་འཛུམ་པ་མཛད་དེ་གསུངས་པ། བུ་མོ་ཁྱོད་དྲི་བ་ལ་ཧ་ཅང་ཡང་རེམ་ཞིང༌། ཁྱད་པར་ཡང་སྙིགས་མའི་དུས་བསྟན་པ་ལ་བྱ་བ་བྱེད་པར་ནུས་པའི་དགེ་སློང་དེའི་དྲི་བ་ལ་ནན་ཆེ་བར་གདའ་སྟེ། དེ་ལེགས་སོ། །དེ་བས་ན་བུ་མོ་ཁྱོད་ཀྱི་དྲི་བ་ནན་ཆེ་བ་དེ་སངས་རྒྱས་ཀྱི་བསྟན་པ་ལ་གུས་པ་ཡིན་པས་ཉོན། འདུལ་ཁྲིམས་འཆུགས་པའི་དུས་སུ་སངས་རྒྱས་ཀྱི་བསྟན་པ་གསལ་བར་བྱེད་པའི་དགེ་སློང་གཅིག་འབྱུང་བྱས་པ་དེ། ད་ལྟར་བཤད་པའི་དགེ་སློང་གྲགས་པའི་མཚན་ཐོགས་པ་འདི་ཡིན། དགེ་སློང་དེས་བསྟན་པ་འཆོལ་བ་མང་དུ་འབྱུང་བ་རྣམས་ཚར་གཅོད་ཅིང༌། ཡང་དག་པའི་དོན་དང་བསྟན་པ་རྣམ་དག་གི་ཁྲིམས་སྲོལ་བཏོད་པ་ནི། འཛམ་བུ་གླིང་དུ་ཐུབ་པས་ཆོས་འཁོར་བསྐོར་བ་དང་སྙིགས་དུས་དགེ་སློང་གྲགས་པའི་མཚན་ཅན་བྱུང་ནས་ཆོས་སྲོལ་བཏོད་པ་ནི་མཚུངས་ཏེ། ཞེས་གསུངས་པ་ལྟར། རྒྱལ་བ་འདིའི་ལུང་བསྟན་ཤིན་ཏུ་མང་ཞིང་ཐུགས་རྗེ་དང་མཐུ་སྟོབས་ཤིན་ཏུ་ཆེ་བ་ནི། རྣམ་ཐར་ཟུར་འདེབས་ལས། ངའི་རྨི་ལམ་དུ་རྡོ་རྗེ་འཇིགས་བྱེད་དང་མཇལ་བས་གསོལ་བ་བཏབ། ཁྱད་པར་དུ་ཞལ་ཡང་ཡང་བསྟན་དུ་གསོལ་ཞེས་ཞུས། སང་ཕོད་ད་ཙམ་ལུང་པ་འདིའི་མདའ་རུ་ཡོད། དེ་བར་དུ་བདེ་བར་གྱིས་གསུངས་པས། དེ་གང་ཡིན་དཔྱད་པའི་ཕྱིར་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས། ཁྱོད་ཀྱི་བུར་འདུག་པ་ལ་ཐུག་པ་ཡིན་གསུངས་པ་ལ་སོགས་པའི་གསང་བའི་གནས་རྣམས་དུ་མ་གསུངས་ནས། ཞེས་གསུངས་པ་ལྟར། རྡོ་རྗེ་འཇིགས་བྱེད་ཉིད་དགེ་སློང་གི་རྣམ་པར་སྤྲུལ་པ་ཡིན་པར་གོར་མ་ཆགས་ཤིང༌། དེ་བཞིན་དུ་རྗེ་བཙུན་ཉིད་ཕེབས་པ་འཇམ་དཔལ་རྩ་རྒྱུད་ཀྱི་ལུང་བསྟན་ལྟར་ཡིན་པས། གངས་ཅན་གྱི་མགོན་པོ་རྒྱལ་དབང་དགེ་འདུན་རྒྱ་མཚོས་ཀྱང་རྡོ་རྗེ་འཇིགས་བྱེད་ཀྱི་ཤིས་བརྗོད་ལས། སངས་རྒྱས་ཀུན་གྱི་ཡེ་ཤེས་འཇམ་པའི་དབྱངས། །མ་རུང་བདུད་དཔུང་འཇོམས་མཛད་གཤིན་རྗེ་གཤེད། །མི་ཡི་གཟུགས་ཀྱི་རྣམ་རོལ་ཙོང་ཁ་པ། །དབྱེར་མེད་བླ་མ་ཡི་དམ་ཁྱོད་ཕྱག་འཚལ། །ཞེས་གསུངས་པ་ལྟར་ཡིན་པས། སྒྲུབ་བྱེད་བ་སོ་པ་ཆེན་པོའི་རྫོགས་རིམ་སོགས་ན་ཡོད་དོ། །དེ་ལྟ་ནའང་དེ་ནི་སྐྱེ་བོ་ཕལ་མོ་ཆེ་དག་གི་བློས་འཁྱུད་དཀའ་ཞིང༌། མཐོང་ཐོས་རེག་གསུམ་གྱིས་ཕན་པ་དཔག་མེད་ཐོབ་པར་རྗེ་བཙུན་གསང་བའི་བདག་པོས་གྲུབ་ཆེན་ཕྱག་རྡོར་བ་ལ་གསུངས་པ་ལྟར་ཡིན་པས། དེའི་ཆེད་དུ་གདུལ་བྱ་དམན་པ་ལ་ཡང་ཐུན་མོང་དུ་སྣང་ཙམ་གྱི་མཛད་པ་བརྗོད་པར་བྱ་སྟེ། གནས་རྙིང་བ་ཀུན་དགའ་བདེ་ལེགས་ཀྱིས་མཛད་པའི་རྣམ་ཐར་ལས། གཉིས་པ་ནི་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་བརྩེ་གཅིག་ཏུ་བསྡུས་བ། ལྔ་བརྒྱ་བ་རྣམས་ཀྱི་གཙུག་གི་ནོར་བུ་ཞེས་པ་ནས། བཀའ་བརྒྱུད་འདིའི་གདམས་པ་རྣམས་ནི་ཆང་ཆུང་དང་བློ་བཟོ་གང་བྱུང་མ་ཡིན་པར་མདོ་སྡེ་དང་རྒྱུད་སྡེ་རིན་པོ་ཆེ་ཁོ་ན་ལ་བཞུགས་པ་ཉམས་སུ་བླངས་པས་བརྒྱུད་པའི་གདམས་པ་ཁོ་ནར་དགོངས་ཞེས་པ་ནས། ལམ་རིམ་གྱི་སྐབས་སུ། དེ་ལྟར་ཐུབ་པའི་དགོངས་པ་གསལ་བར་བྱེད་པའི་གཞུང་རྩོམ་པ་ལ་ཡང་ཕུན་སུམ་ཚོགས་པའི་རྒྱུ་གསུམ་ཡོད་དེ། ནས། བདག་ཉིད་ཆེན་པོ་འདི་ལ་ནི་གསུམ་ག་ལྷག་དང་བཅས་ནས་མངའ་བའི་ཚུལ་ནི་བཤད་ཟིན་ཏོ། །ཞེས་སོགས་ལྟར་ཡིན་ལ། དེ་འདྲ་བའི་མཛད་པ་བསྟན་པའི་གསུང་གི་བདུད་རྩི་མྱང་པའི་སྲས་བསླབ་པ་གསུམ་བསྲུང་བ། མཁས་ཤིང་གྲུབ་པ་བརྙེས་པ། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་རྔ་བོ་ཆེས་གསུམ་དུ་སྒྲོགས་པ་རྒྱན་དྲུག་ལྟ་བུ་གནམ་གྱི་སྐར་ཚོགས་ལྟ་བུའམ། ལྷའི་ཡོངས་འདུའི་ལྗོན་པ་འབྲས་བུས་ཁུར་གྱིས་བརྗིད་པའམ། མ་དྲོས་པའི་མཚོ་པདྨ་དང་མེ་ཏོག་གིས་བརྒྱན་པ་ལྟ་བུ་བསམ་ལས་འདས་པ་ཞིག་བྱོན་པས་ནུབ་ཛཱ་ལནྡྷར་ནས། ཤར་ཕྱོགས་རྒྱ་མཚོ་ཆེན་པོ་ལ་ཐུག་གི་བར་ཁྱབ་པར་བྱོན་ནས། རྒྱ་གར་རྒྱ་ནག་བལ་བོ་བོད་གངས་ཅན་གྱི་ལྗོངས་མ་ལུས་པར་དགེ་འདུན་གྱི་སྡེ་དང་མདོ་སྔགས་ཀྱི་བཤད་སྒྲུབ་ཀྱིས་ཁྱབ་པར་མཛད་པའི་སློབ་མའི་གྲངས་བསམ་གྱིས་མི་ཁྱབ་པས་བདག་འདྲས་བརྗོད་པར་ག་ལ་ནུས། གཙོ་བོར་གྱུར་བ་རགས་རིམ་ངོ་མཚར་བ་རྣ་བར་ཐོས་པ་འགའ་ཙམ་བརྗོད་པར་བྱ་སྟེ། བླ་མ་ཆོས་གསན་པ་བཞི་སྟེ། དབུ་མ་བ། ལྷོ་བྲག་ཕྱག་རྡོར་བ། བྲ་གོར་མཁན་པོ་ཆོས་སྐྱབས་པ་མང་པོ། རྗེ་བཙུན་རེ་མདའ་བ་དང་བཞིའོ། །སྲས་ཀྱི་ཐུ་བོ་གཉིས་ནི། རྒྱལ་ཚབ་དར་མ་རིན་ཆེན་དང༌། འདུལ་འཛིན་གྲགས་པ་རྒྱལ་མཚན། ནང་ཐུགས་ཀྱི་སྲས་རིགས་ལྡན་རྣམ་འཕྲུལ་མཁས་གྲུབ་ཐམས་ཅད་མཁྱེན་པ་དགེ་ལེགས་དཔལ་བཟང༌། དེ་གསུམ་ནི་གསང་བདག་གིས་ལུང་བསྟན་པའི་སློབ་མ་གསུམ་ཞེས་རྗེ་བཙུན་ཆོས་རྒྱན་གསུང་སྟེ་ལེགས་སོ། །བདུད་སྡེའི་གཉེན་པོ་སྲས་པར་ཚར་གྱི་འཁོར་དག་པ་རྣམ་བརྒྱད་ནི། རྟོགས་ལྡན་འཇམ་དཀར་བ། གནས་བརྟན་བྱང་སེང་བ། ཤར་བ་རིན་རྒྱལ་བ། གནས་བརྟན་བཟང་སྐྱོང་བ་སྟེ་དབུས་པ་བཞི། རྟོགས་ལྡན་འཇམ་དཔལ་རྒྱ་མཚོ། དགེ་བཤེས་ཤེས་རབ་གྲགས་པ། དགེ་བཤེས་འཇམ་དཔལ་བཀྲ་ཤིས། དགེ་བཤེས་དཔལ་སྐྱོངས་པ་སྟེ་མདོ་སྨད་པ་བཞི། འདི་དག་ཀྱང་ལུང་རྟོགས་ཀྱི་ཡོན་ཏན་དཔག་པར་དཀའ་ཞིང༌། རིམ་གཉིས་ཀྱི་ཏིང་ངེ་འཛིན་བརྟན་པོ་མངའ་བ་ཡི་དམ་ཀྱི་ལྷ་དུ་མས་རྗེས་སུ་བཟུང་བ་ཤ་སྟག་གོ །ཚ་ཁོ་དཔོན་པོ་ངག་དབང་གྲགས་པ། མདོ་སྨད་པ་གྲགས་པ་བློ་གྲོས། ལྡོང་སྟོན་ཛྙཱ་ན་ཤྲཱི། དགེ་བཤེས་ཤ་སྟོན་ཏེ། བྱ་བྲལ་ལ་མ་ཐེགས་གོང་གི་སྲས་སྔ་ཚར་བཞི། ཞྭ་ལུ་བ་ལེགས་པ་རྒྱལ་མཚན། རྗེ་བློ་གྲོས་ཆོས་སྐྱོང༌། བ་སོ་ཆོས་ཀྱི་རྒྱལ་མཚན་གསུམ་ནི། འཇམ་དབྱངས་སྙན་བརྒྱུད་ཆུ་བོའི་མགོ་འཛིན་པའི་ཆོས་རྗེ་གསེར་ཁྲི་བ་གསུམ། ཧོར་སྟོན་ནམ་མཁའ་དཔལ། ཤར་པ་རིན་རྒྱལ་གཉིས་ནི་རྩེ་ཤར་གྱི་བསྟན་པའི་གསལ་བྱེད་གཉིས། འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན། མཚུངས་མེད་ཆོས་རྗེ་རྒྱལ་མཚན་བཟང་པོ། རྗེ་བཙུན་ཤེས་རབ་སཻངྒ༌། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ། ཚ་ཁོ་དཔོན་པོ་ངག་དབང་གྲགས་པ། སྟོད་ཤེར་བཟང༌། སྨད་ཤེར་བཟང་བདུན་ནི་འཕྲིན་ལས་ནམ་མཁའ་དང་མཉམ་པའི་སྲས་ཆེན་བདུན། ཆོས་རྗེ་དཀོན་མཆོག་ཚུལ་ཁྲིམས། མཁས་པ་རྒྱལ་དབང་ཁ་ཆེ། གཉལ་རྒོད་རིན་བསམ། མཁྱེན་རབ་གྲགས་བཟང༌། གཉལ་ཆེན་ཤེས་རབ་རྒྱལ་མཚན། ཆོས་རྗེ་དཔལ་སེང༌། སྣར་ཐང་རབ་མཆོག་བདུན་ནི་དབུས་གཙང་བསྟན་པའི་སྒྲོན་མེ་བདུན། བྱང་སེམས་ཤཱཀྱ་བསོད་ནམས། བྱང་སེམས་ཀུན་དགའ་བཟང་པོ། བྱང་སེམས་བློ་གྲོས་རྒྱལ་མཚན། བྱང་སེམས་ཚུལ་ཁྲིམས་དཔལ་བཟང༌། བྱང་སེམས་གཞོན་ནུ་རྒྱལ་མཆོག །བྱང་སེམས་རྒྱལ་མཚན་གྲགས་བཟང༌། བྱང་སེམས་རྒྱལ་སྲས་བདེ་འབྱུང་བ་དང་བདུན་ནི་གཞན་དོན་ལྷུན་ཀྱིས་གྲུབ་པའི་སེམས་དཔའ་བདུན། བྱམས་ཆེན་ཤཱཀྱ་ཡེ་ཤེས། བྱང་དར་མ། མདོ་སྨད་པ་ལེགས་བཟང་གསུམ་ནི་མི་དབང་གཙུག་ན་མཛེས་པའི་ཏཱི་ཤྲི་གསུམ། མ་གཅིག་དཔོན་པོ་ནམ་མཁའ་དཔལ་བཟང༌། ཡར་རྒྱབ་དཔོན་པོ་བསོད་ནམས་རྣམ་རྒྱལ། ཞྭ་ལུ་བ་བཀྲ་ཤིས་རྒྱ་མཚོ། མུས་སྲད་པ་བློ་གྲོས་རིན་ཆེན་བཞི་ནི་མང་ཐོས་མཁས་པ་བཞི། ཞང་ཞུང་ཆོས་དབང་གྲགས་པ། གུ་གེ་ངག་དབང་གྲགས་པ། ལྷོ་བ་རྒྱལ་མཚན་སཻངྒ༌། བླ་མ་དཔལ་ལྡན་པ། ལྡན་མ་ཡོན་ཏན་དཔལ་པ། མདོ་སྨད་པ་བསོད་ནམས་ཤེས་རབ། རོང་པོ་ལྕེ་ནག །མདོ་སྨད་པ་འོད་ཟེར་བརྒྱད་ནི་བསྟན་པ་ཕྱོགས་མཐར་སྐྱོང་བའི་དར་ཆེན་བརྒྱད། འགོས་ལོ་གཞོན་ནུ་དཔལ། སྟག་ལུང་ལོ་ཙཱ་པ་སྟེ་ལོ་ཆེན་གཉིས། རིན་པོ་ཆེ་དཔལ་ལྡན་པ། རིན་པོ་ཆེ་བསོད་ནམས་བཟང་པོ། རིན་པོ་ཆེ་བྱང་ཆུབ་རྡོ་རྗེ། རིན་པོ་ཆེ་བསོད་ནམས་རྒྱལ་མཚན། འབྲི་གུང་རིན་པོ་ཆེ་དོན་གྲུབ་རྒྱལ་པོ། སྟག་ལུང་རིན་པོ་ཆེ་བཀྲ་ཤིས་དཔལ་འོད་དྲུག་ནི་ས་སྐྱོང་ཆོས་རྗེ་དྲུག །ཆོས་རྗེ་ཤེར་འབྱུང་བ། རྒྱལ་བ་རིན་བསམ་པ། བྱང་གླིང་གྲགས་རིན་པ། མངའ་རིས་བསོད་ནམས་རིན་ཆེན། འཇམ་དབྱངས་རིན་རྒྱལ། གུ་གེ་སངས་རྒྱན། འཇམ་དབྱངས་རིན་གྲགས། དམར་ཁམས་གྲགས་བཟང༌། སློབ་དཔོན་བརྩོན་གྲགས། སློབ་དཔོན་ལེགས་ལྡན་པ། བླ་མ་སྟག་ལེབ་བྱང་རྒྱལ་བ། བླ་མ་བྱང་དཔལ་བ་སྟེ་བཅུ་གཉིས་ནི་མང་དུ་མཁྱེན་པའི་བསྟན་འཛིན་བཅུ་གཉིས། སྦྲེ་ཞིང་རིན་པོ་ཆེ་བྱང་དཔལ་དང༌། རིན་ཆེན་དཔལ་གཉིས་ནི་མཁའ་སྤྱོད་གྲུབ་པའི་གདུང་རབས་གཉིས། སྐྱེས་མཆོག་སྨོན་ལམ་པ་དང༌། རི་མི་འབབ་པ་བསོད་ནམས་རིན་ཆེན་གཉིས་ནི་སྐྱེས་བུ་ངོ་མཚར་ཅན་གཉིས། སྤྱན་སྔ་ཀུན་བློ། སྤྱན་སྔ་གཞོན་འོད། སྤྱན་སྔ་བློ་རྒྱན། སྤྱན་སྔ་དཔལ་བཟང༌། སྤྱན་སྔ་ནམ་རྒྱལ། སྤྱན་སྔ་བསོད་ལྷུན། སྤྱན་སྔ་རིན་རྒྱལ། སྤྱན་སྔ་རིན་ཆེན་འཕེལ་བརྒྱད་ནི་སྐྱེ་དགུའི་བླ་མ་སྤྱན་སྔ་བརྒྱད། གུང་ཐང་ཆོས་རྗེ་མཛེས་པ་དཔལ། བླ་ཆེན་ཉན་ཤཱཀ །སྟག་ཕུ་ཀུ་ཤྲི་དཔལ་དོན་པ། ཏེའུ་ར་བ་ཡེ་ཤེས་དཔལ། མཁན་ཆེན་ཆོས་རྒྱལ་དཔལ་བཟང༌། མཁན་ཆེན་རྒྱལ་བཟང༌། མཁན་ཆེན་ཀུན་རྡོར། མཁན་ཆེན་བྱང་དཔལ་ཏེ་བླ་ཆེན་བརྒྱད། ཆེན་པོ་གྲགས་བཟང༌། ཆེན་པོ་དྭགས་པོ་འོད་ཟེར་སཻངྒ་། ཆེན་པོ་བློ་འཕེལ། ཆེན་པོ་ཀུན་རྒྱལ། ཆེན་པོ་བཀྲས་རྒྱན། ཆེན་པོ་འཇམ་དབྱངས་ཁ་ཆེ། ཆོས་སྒོ་བ་བཀྲ་ཤིས་རིན་ཆེན་ཏེ་ཆེན་པོ་བདུན། དཀའ་བཅུ་དར་བཟང༌། འབའ་སེར་དཀའ་བཅུ། ཙོ་ཙ་དཀའ་བཅུ་ཡོན་རྒྱན། ལྷུལ་དཀའ་བཅུ། མཐའི་ཆུང་དཀའ་བཞི་བ་དོན་ཡོད། བྲག་དགོན་དཀའ་བཞི་པ་རིན་ཆེན་དཔལ། རྒྱལ་བ་དཀའ་བཞི་པ་རིན་ཆེན་ཆོས་རྒྱལ། གྱེ་རེ་དཀའ་བཞི་པ་སངས་རྒྱས་དབང་ཕྱུག །སྟག་ཕུ་དཀའ་བཞི་པ་སངས་རྒྱས་བཟང་པོ། གཡག་སྡེ་དཀའ་བཞི་པ་བསོད་ནམས་བཟང་པོ། གྲོ་བ་དཀའ་བཞི་པ། མཚུར་ཕུ་དཀའ་བཞི་པ། དཀའ་བཞི་པ་ཆོས་སེང༌། དཀའ་བཞི་པ་གྲགས་པ་རྒྱལ་མཚན་ཏེ་གཞུང་ལུགས་སྨྲ་པའི་དཀའ་ཆེན་བཅུ་བཞི། ཇོ་གདན་ཟླ་བ་བློ་གྲོས། ཇོ་གདན་བསོད་ནམས་ལྷུན་གྲུབ། ཇོ་གདན་ལེགས་རིན་པ། ཀོང་པོ་ཇོ་གདན་བཞི་ནི་སྦྱངས་པའི་ཡོན་ཏན་བརྟུལ་ཞུགས་འཛིན་པའི་ཇོ་བོ་སྟན་གཅིག་པ་བཞི། གནས་བརྟན་ཆོས་བཟང་བ། གནས་བརྟན་རྒྱལ་སྟེང་པ་དོན་གྲུབ་དཔལ། གནས་བརྟན་རྒྱ་མ་པ་དགེ་འདུན་རྒྱལ་པོ། གནས་བརྟན་འོད་ཟེར་བཀྲ་ཤིས། གནས་བརྟན་གཞོན་ནུ་སངས་རྒྱས། གནས་བརྟན་ཀུན་འབུམ་སྟེ། ཚུལ་ཁྲིམས་རྣམ་པར་དག་པའི་གནས་བརྟན་དྲུག །ཀུ་ཅོར་རྟོགས་ལྡན་སངས་རྒྱས་དཔལ་བཟང༌། རྟོགས་ལྡན་ནམ་མཁའ་ཤོ་རེ། རྒོད་ཕྲུག་གྲགས་པ་འབྱུང་གནས། རྟོགས་ལྡན་རལ་ཞིག་པ། བུ་ལེ་རྣམ་རྒྱལ་ཏེ་ཟབ་མོའི་རྟོགས་པ་ལྡན་པ་ལྔ། གཞན་ཡང་ལྷ་གཟིགས་གྲགས་པ་རྒྱ་མཚོ། རྒྱ་སྟོན་བློ་བཟང་གྲགས་པ། དྲུང་གཞོན་ནུ་དཔལ་བ། མཁན་པོ་བསམ་རྒྱལ། བླ་མ་གསེར་ཐུབ་པ། ཡང་སྟེང་རིན་པོ་ཆེ། ཞི་བློ་དཔོན་པོ། དྲུང་ནམ་མཁའ་བ། བླ་མ་མགོན་པོ་བྱང་ཆུབ། བླ་མ་བསོད་རིན། དྲུང་ཆོས་འཕགས་པ། བླ་མ་ཤཱཀ་རིན་པ། བླ་མ་ཟླ་བ་བཟང་པོ། བླ་མ་ཆོས་རྒྱལ་མཚན། རྒྱ་ར་སངས་རྒྱས་ཡེ་ཤེས་སོགས་མཐའ་ཡས་པ་ཅིག་བྱོན་ཏེ། མདོར་ན་གསང་བདེ་གུང་གསུམ། དགའ་སྐྱོར་ཟུལ་གསུམ། ལོ་བྱ་ཡུལ་རིན་ཆེན་སྒང་གསུམ། རྒྱལ་གླང་ཐང་གྲོ་བ་གསུམ། རྭ་སྒྲེང་འཆད་ཁ་སྤྱིལ་བུ་གསུམ། འབྲི་སྟག་ཚལ་གསུམ། ཨེ་གཉལ་དྭགས་གསུམ་གྱི་ཆོས་དབོན། ཐང་པོ་ཆེ་སོགས་གཡོར་ཕྱོགས་ཀྱི་ཆོས་དཔོན་རྣམས་ཀྱིས་དེ་དུས་རྗེས་རིན་པོ་ཆེའི་དྲུང་དུ་མ་བཏུད་པ་མི་སྣང་སྟེ། ཡིད་བཟང་རྩེ་བ་ཆེན་པོའི་ཞལ་ནས། དེ་དུས་ས་ཆེན་པོ་འདི་རྗེ་བཙུན་ཙོང་ཁ་པའི་གདུགས་དཀར་པོ་གཅིག་གིས་ཁྱབ་པར་བྱས་ནས་ཡོད་པ་ཡིན་ཞེས་གསུངས་སོ། །ལམ་རིམ་འདི་མཛད་པ་པོའི་ཆེ་བ་སྟེ། རྒྱས་པར་མཁས་གྲུབ་ཐམས་ཅད་མཁྱེན་པའི་རྣམ་ཐར་གསུམ་དང༌། འདུན་ལེགས་མའི་ཊཱིཀྐ་སོགས་ལས་ཤེས་པར་བྱ་སྟེ། ལྷོ་བྲག་གྲུབ་ཆེན་གྱིས་ལུང་བསྟན་པ་ལས། འཕྲིན་ལས་བསམ་གྱིས་མི་ཁྱབ་པ་དང་དཔག་མེད་འོང༌། ཆོས་སྡེ་ཚན་ཆེན་ཁྱེད་ཀྱི་རིང་ལ་འདེབས། དགེ་འདུན་ཚན་ཆེ་བ་ཁྱེད་ཀྱི་རིང་ལ་འདུ། འཕགས་པའི་སློབ་མ་ཡང་ལྔ་དྲུག་བསྟན་པ་དང་སེམས་ཅན་ལ་ཕན་བ་རྒྱ་ཆེར་འབྱུང༌། མདོ་སྔགས་ཀྱི་གཞུང་ལུགས་ཡང་ཆེས་ཆེར་གསལ་བར་བྱེད་ཅིང༌། སངས་རྒྱས་འཇིག་རྟེན་དུ་བྱོན་པ་འདྲ་བའི་རིང་ལུགས་འོང༌། འགྲོ་བ་མང་པོ་གཅིག་ཐར་པའི་ལམ་ལ་འཁྲིད་པར་འདུག་པས་ཤིན་ཏུ་ངོ་མཚར་ཞེས་གསུངས་པ་ལྟར། ད་ལྟ་འབྲས་སྤུངས་ལ་རྒྱུན་པའི་ཚོགས་མང་དུས་བདུན་སྟོང་དང་ཉུང་དུས་ཡང་ལྔ་སྟོང་ངེས་ཅན་དང༌། དེ་དང་ཆ་འདྲ་བ་སེ་ར་དགའ་ལྡན་བཀྲ་ཤིས་ལྷུན་པོ་གསུམ་ལ་ཡོད་པས་དེ་འདྲ་རྒྱ་གར་དུ་བྱུང་སྐད་མི་སྣང་བས་ངོ་མཚར་ཅིང་དད་པའི་རྒྱ་མཚོ་ཡང་ཡང་འཕེལ་བར་བྱོས་ཤིག །
གཉིས་པ་ཆོས་ཀྱི་ཆེ་བ་ལ་བྱང་ཆུབ་ལམ་རིམ་ཆེན་མོ་འདི་ཁྱད་པར་བདུན་གྱིས་འཕགས་པ་ཡིན་ཏེ། མཛད་པ་པོ་རྒྱལ་བ་གཉིས་པ། བཤད་བྱའི་ཆོས་ཇོ་བོའི་མན་ངག་སྐྱེས་བུ་གསུམ་གྱི་ལམ་རིམ། འཆད་ཚུལ་ཁྱད་པར་འཕགས་པ། ལམ་གྱི་ངོ་བོ་ངེས་པ། གོ་རིམ་ངེས་པ། གྲངས་ངེས་པ་གསུམ་དང༌། བསྐུལ་བ་པོ་མཁས་བཙུན་བཟང་གསུམ་འཛོམ་པའི་ལོ་ཆེན་སོགས་ཆེན་པོ་དུ་མ་དང༌། གནས་ཁྱད་པར་འཕགས་པ་རྭ་སྒྲེང་རྒྱལ་བའི་དབེན་གནས་སུ། འཁོར་ཁྱད་པར་འཕགས་པ་སྲས་ཀྱི་ཐུ་བོ་གཉིས་སོགས་དང༌། ཟབ་པའི་ཁྱད་པར་ཕྱོགས་འདིའི་ཆེན་པོ་དུ་མས་འབད་ཀྱང་མ་རྟོགས་པའི་ལྷག་མཐོང་རྩོམ་པར་བླ་མ་ལྷས་བསྐུལ་བའི་ཁྱད་པར་བདུན་གྱིས་ཁྱད་པར་དུ་འཕགས་པའི་ཕྱིར་ཏེ། ལེགས་བཟང་བའི་གསང་པའི་རྣམ་ཐར་ལས། དེ་ནས་རྭ་སྒྲེང་ཡང་དགོན་དུ་ཞི་གནས་ཡན་ཆད་ཀྱི་རྩོམ་པ་ཟིན། ལྷག་མཐོང་བརྩམས་ཀྱང་གཞན་ལ་ཕན་པ་དཀའ་དགོངས་ནས་ཐུགས་མདུན་ཆུང་དུ་སོང་བའི་སྐབས་སུ་རྗེ་བཙུན་གྱི་གསུང་གི་སྣང་བས། ཅིས་ཀྱང་རྩོམ་ཕན་ཐོག་འབྲིང་གཅིག་འོང་གསུངས་ཞེས་སོ། །དེ་ལ་ཆོས་ཀྱི་ཆེ་བ་ལ་ཆོས་ངོས་བཟུང༌། དེ་ཁྱད་པར་གསུམ་ལྡན་དུ་བཤད་པ་དང༌། ཆེ་བ་བཞི་ལྡན་དུ་བཤད་པ་གསུམ་ལས། དང་པོ་ནི། ཆོས་ནི་གདམས་ངག་འདིའི་གཞུང་བྱང་ཆུབ་ལམ་གྱི་སྒྲོན་མའོ། །ཞེས་བྱུང་སྟེ་སླའོ། །
གཉིས་པ་ནི། ཇོ་བོས་མཛད་པའི་གཞུང་མང་དུ་ཡོད་ཀྱང༌། ཞེས་པ་ནས། ཁྱད་པར་དུ་འཕགས་པའོ། །ཞེས་བྱུང༌། ལམ་སྒྲོན་ཆོས་ཅན། ཁྱད་པར་གསུམ་གྱི་ཇོ་བོའི་གཞུང་གཞན་ཐེག་ཆེན་སྒྲུབ་ཐབས་དང་སྙིང་པོ་བསྡུ་བ་སོགས་མང་པོ་ལས་ཁྱད་པར་འཕགས་ཏེ། ཇོ་བོའི་གཞུང་སྙིང་པོ་བསྡུ་བ་དང་ཐེག་ཆེན་སྒྲུབ་ཐབས་དང་སྤྱོད་བསྡུས་རྣམས་ཕར་ཕྱིན་ཁོ་ན་ཡིན་པས་ལམ་གྱི་ལུས་མ་རྫོགས་ཤིང༌། འདིར་ཐེག་པ་ཆེ་ཆུང་ཀུན་དང་སྔགས་ཀྱི་དབང་ནས་རྒྱུད་སྡེ་གོང་འོག་གི་ལམ་གྱི་གནད་འགག་བསྡུས་ནས་སྟོན་པས་བརྗོད་བྱ་ཡོངས་སུ་རྫོགས་པའི་ཁྱད་པར་དང༌། སྐྱེས་བུ་གསུམ་རིམ་གྱིས་སེམས་གོང་ནས་གོང་དུ་འཁྲིད་ཅིང་འདུལ་བའི་རིམ་པ་གཙོ་བོར་བྱེད་པས་ལག་ལེན་བདེ་ཁྱད་དང༌། ཤིང་རྟ་ཆེན་པོ་གཉིས་ཀྱི་ལུགས་ལ་མཁས་པའི་བླ་མ་ཟླ་གྲགས་ཀྱི་ལྟ་བ་དང༌། ཞི་བ་ལྷའི་བདག་གཞན་བརྗེ་བ་དང་རྒྱུ་འབྲས་བདུན་དང༌། ཕྱིན་དྲུག་གི་བཤད་པའི་གདམས་པ་མདོ་སྡེ་རྒྱན་འགྲེལ་པའི་མན་ངག་གིས་བརྒྱན་པས་ལུགས་གཞན་ལས་ཁྱད་པར་འཕགས་པ་གསུམ་དང་ལྡན་པའི་ཕྱིར། རྗེ་རིན་པོ་ཆེའི་མགུར་ལས། ཤིང་རྟ་ཆེན་པོ་གཉིས་ལས་ལེགས་བརྒྱུད་པའི། །ཟབ་མོ་ལྟ་བ་རྒྱ་ཆེན་སྤྱོད་པའི་ལམ། །མ་ནོར་ཡོངས་སུ་རྫོགས་པའི་གནད་བསྡུས་པ། །ཞེས་སོ། །
གསུམ་པ་གཞུང་དེའི་གདམས་ངག་གི་ཆེ་བ་ལ་བཞི། བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པའི་ཆེ་བ། གསུང་རབ་ཐམས་ཅད་གདམས་ངག་ཏུ་འཆར་བའི་ཆེ་བ། རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྙེད་པའི་ཆེ་བ། ཉེས་སྤྱོད་ཆེན་པོ་རང་འགགས་སུ་འགྲོ་བའི་ཆེ་བའོ། །དང་པོ་ལ་བསྟན་པ་ངོས་བཟུང་པ་དང༌། དེ་འགལ་མེད་དུ་རྟོགས་པའི་ཚད་དང༌། དེ་ལྟར་མི་འདོད་པ་ལ་འགལ་བརྗོད་དང༌། དེ་ལ་རྩོད་སྤངས་དང༌། དེ་ལྟར་མ་རྟོགས་ན་ཆོས་སྤོང་གི་སྒོ་འབྱུང་བར་བསྟན་པ་དང༌། བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པའི་ཐབས་དང༌། བསྟན་བཅོས་འདིས་བསྟན་པ་ཐམས་ཅད་འགལ་མེད་དུ་བཤད་ཚུལ་བརྒྱད་ལས།
དང་པོ་ནི། བསྟན་པ་ནི། ཤེས་རབ་སྒྲོན་མེའི་རྒྱ་ཆེར་འགྲེལ་ལས། ཞེས་པ་ནས། རྒྱལ་བའི་ལེགས་པར་བཤད་པ་ཇི་སྙེད་པའོ། །ཞེས་བྱུང༌། དེའི་དོན་འབྲུ་གཅིག་བཤད་ན། རྒྱལ་བའི་བསྟན་པ་དང་རྒྱལ་བའི་ལེགས་པར་བཤད་པ་དོན་གཅིག་ལ། དེ་ཡང་ཕུན་ཚོགས་བཞི་དང་ལྡན་ཏེ། ཚིག་དོན་ཕུན་ཚོགས་དང༌། འབྲས་བུ་ཕུན་ཚོགས་དང༌། སྒྲུབ་པ་ཕུན་ཚོགས་དང༌། སྟོན་པ་ཕུན་ཚོགས་བཞི་དང་ལྡན་པའི་ཕྱིར་ཏེ། རྣམ་གྲངས་བསྡུ་བ་ལས། མདོར་བསྡུ་ན་ཚིག་འདི་དག་གིས་ནི་བཅོམ་ལྡན་འདས་ཀྱི་ལེགས་པར་གསུངས་པའི་ཆོས་འདུལ་བ་ནི་ལེགས་པར་བསྟན་པ་ཞེས་བྱ་བ་ཕུན་སུམ་ཚོགས་པ་རྣམ་པ་བཞིར་བསྟན། ཞེས་སོ། །རྒྱལ་བའི་ལེགས་པར་བཤད་པ་ཆོས་ཅན། ཕུན་ཚོགས་དང་པོ་དང་ལྡན་ཏེ། ཚིག་ཕུན་སུམ་ཚོགས་པ་ནི་འཁོར་ལ་ཁྱད་པར་གྲགས་པས་མི་ཞེན་པ་དང༌། སྒྲིབ་པའི་གཉེན་པོ་སེམས་ལ་འབབ་པས་སྙན་པ་དང༌། ཡི་གེའི་དོན་གསལ་བར་བཤད་པས་ལེགས་བཤད་དང༌། ཚིག་དོན་རྣམ་དག་འཇིག་རྟེན་ན་གྲགས་རུང་བརྗོད་པས་གྲགས་པ་དང༌། གདུལ་བྱ་སོ་སོའི་བློ་དང་མཚམས་པས་ཅི་རིགས་དང༌། ཟང་ཟིང་ལྷུར་མི་བསྟེན་པས་ཟང་ཟིང་མེད་པ་དང༌། མདོ་དང་དུས་ཚོད་སོགས་མཐུན་པས་རན་པ་དང༌། ཚིག་དོན་གཏུགས་པ་མེད་པ་ཡངས་པས་སྟེ་ཁྱད་པར་བརྒྱད་ལྡན་དགོས་ཏེ། དོན་ཕུན་ཚོགས་ནི། ཡོན་ཏན་བཞི་ཅན་གྱི་ཚངས་སྤྱོད་སྟོན་པས་དེ་ཐོས་བསམ་སྒོམ་གསུམ་སྒོས་ཐོག་མ་དང་བར་དང་ཐ་མར་དགེ་བ་དང༌། དེ་ལ་མོས་པ་དང་ཡིད་ཆེས་པའི་དད་པ་དང༌། རིགས་པས་བརྟགས་ནས་ཐོབ་ནུས་སུ་རིགས་ནས་དགའ་བ་དང༌། མཉམ་པར་བཞག་པས་ཡང་དག་པར་རྟོགས་པའི་བློ་དང༌། ཀུན་རྫོབ་དོན་དམ་བདེན་པའི་དོན་གཉིས་དང་ལྡན་པ་དང༌། ཚིག་དང་ཡི་གེ་གྲངས་བཟུང་སླ་བ་དང༌། ཡོན་ཏན་བཞི་ཅན་གྱི་ཚངས་སྤྱོད་གཞན་སྡེ་དང་མ་འདྲེས་པ་དང༌། ཁམས་གསུམ་གྱི་ཉོན་མོངས་སྤོང་པས་ཡོངས་སུ་རྫོགས་པ་དང༌། ངོ་བོ་ཉིད་ཀྱིས་རྣམ་པར་དག་པས་ཟག་པ་མེད་པ་དང༌། དྲི་མ་རྣམ་པར་དག་པས་ཡོངས་སུ་བྱང་བ་སྟེ་ཁྱད་པར་བཅུ་དང་ལྡན་པའི་ཕྱིར། དང་པོ་ནི། མདོ་སྡེ་རྒྱན་འགྲེལ་ལས། ཚིག་ཕུན་སུམ་ཚོགས་པའི་ཚིགས་སུ་བཅད་པ། ཞེས་དང༌། མདོ་སྡེ་རྒྱན་ལས། རྒྱལ་སྲས་ཚིག་ནི་མི་ཞེན་པ། །སྙན་ཅིང་ལེགས་བཤད་གྲགས་པ་དང༌། ཅི་རིགས་པ་དང་ཟང་ཟིང་མེད། །རན་ཅིང་དེ་བཞིན་ཡངས་པ་ཡིན། །ཞེས་གསུངས་ལ། དེ་བཞིན་དུ་ཡི་གེ་ཕུན་ཚོགས་ནི། མདོར་བསྟན་པ་དང༌། རྒྱས་པར་བཤད་པ་དང༌། ཐེག་པ་གསུམ་དང་མི་འགལ་བ་དང༌། སྒྲ་མ་ཉམས་པ་དང༌། དོན་གྲགས་རུང་དང༌། གདུལ་བྱ་དང་འཕྲོད་པ་དང༌། ངེས་འབྱུང་གི་ཆེད་དང༌། འཕགས་ལམ་དང་མཐུན་པ་སྟེ་བརྒྱད་ལྡན་དགོས་པའི་ཕྱིར། འགྲེལ་པ་ལས། ཡི་གེ་ཕུན་སུམ་ཚོགས་པ་ལ་ཚིགས་སུ་བཅད་པ་གཉིས་ཏེ། ཞེས་དང༌། མདོ་སྡེ་རྒྱན་ལས། བསྟན་དང་དེ་བཞིན་བཤད་པ་དང༌། །ཐེག་དང་མཐུན་དང་བདེ་བ་དང༌། །གྲགས་པ་དང་ནི་ཅི་རིགས་དང༌། །ངེས་པར་འབྱུང་དང་མཐུན་པའི་ཕྱིར། །དེ་མདོར་སེམས་དཔའ་མཆོག་རྣམས་ཀྱི། །ཡི་གེ་ཕུན་ཚོགས་ཡིན་ཞེས་བྱས། །ཞེས་གསུངས་སོ། །ཚིག་དང་ཡི་གེ་ཕུན་ཚོགས་ལེགས་པར་བཤད་པའམ་ལེགས་པར་གསུངས་པའི་དོན་ཡིན་ཏེ། རྣམ་གྲངས་བསྡུ་བ་ལས། ལེགས་པར་གསུངས་པ་ནི། ཚིག་དང་ཡི་གེ་ཕུན་སུམ་ཚོགས་པའོ། །ཞེས་གསུངས་པའི་ཕྱིར་རོ། །ཁྱད་པར་གཉིས་པ་དོན་ཕུན་སུམ་ཚོགས་པ་ཡང་དེ་ལྟར་ཡིན་ཏེ། མདོ་སྡེ་རྒྱན་ལས། དད་དང་དགའ་དང་བློ་རྣམས་ཀྱི། །རྒྱུ་ཕྱིར་ཆོས་འདི་དགེ་བ་ཡིན། །དོན་རྣམ་གཉིས་ལྡན་གཟུང་སླ་དང༌། །ཡོན་ཏན་བཞི་ཅན་ཚངས་སྤྱོད་སྟོན། །གཞན་དང་ཐུན་མོང་མ་ཡིན་ལྡན་པ་དང༌། །ཁམས་གསུམ་ཉོན་མོངས་རྣམ་སྤོང་རྫོགས་བྱེད་དང༌། །ངོ་བོ་ཉིད་དག་དྲི་མ་དག་པ་སྟེ། །ཚངས་སྤྱོད་ཡོན་ཏན་བཞི་ལྡན་ཡིན་པར་འདོད། །ཅེས་དང༌། འགྲེལ་པ་ལས། དོན་ཕུན་སུམ་ཚོགས་པའི་ཚིགས་སུ་བཅད་པ་གཉིས་ཏེ། ཞེས་གསུངས་པའི་ཕྱིར། ལེགས་པར་བཤད་པ་ནི་ལེགས་པར་བསྟན་པའམ་བསྟན་པའི་དོན་ཡིན་ཏེ། རྣམ་གྲངས་བསྡུ་བ་ལས། ལེགས་པར་བསྟན་པ་དོན་དང་ཤིན་ཏུ་མངོན་པར་འབྲེལ་བའོ། །ཞེས་གསུངས་པའི་ཕྱིར་རོ། །
གཉིས་པ་རྒྱལ་བའི་བསྟན་པ་ལ་འབྲས་བུ་ཕུན་ཚོགས་ཡང་ཚང་སྟེ། ཐར་པ་དང་ཐམས་ཅད་མཁྱེན་པར་བགྲོད་པར་བྱེད་པའི་ཕྱིར། མདོ་ལས། ངེས་པར་འབྱུང་བ་དང་རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་བྱེད། ཅེས་གསུངས་པ་གཉིས་ཀྱིས་བཤད་པའི་ཕྱིར། རྣམ་གྲངས་བསྡུ་བ་ལས། ངེས་པར་འབྱུང་བ་ནི་འཇིག་རྟེེན་པའི་ལམ་གྱིས་སྡུག་བསྔལ་སྤོང་བས་ངེས་པར་འབྱུང་བའོ། །རྫོགས་པའི་བྱང་ཆུབ་ཏུ་བགྲོད་པར་བྱེད་པ་ནི། འཇིག་རྟེན་ལས་འདས་པའི་ལམ་གྱིས་སྡུག་བསྔལ་ལས་ཡང་དག་པར་འདའ་བར་བྱ་བའི་ཕྱིར་དེ་ཁོ་ན་མངོན་པར་བྱང་ཆུབ་པའོ། །ཞེས་དང༌། ཡང་དེ་ཉིད་ལས། གཉིས་ཀྱིས་ནི་འབྲས་བུ་ཕུན་སུམ་ཚོགས་པར་བསྟན་ཏོ། །ཞེས་གསུངས་པའི་ཕྱིར།
གསུམ་པ་རྒྱལ་བའི་བསྟན་པར་སྒྲུབ་པ་ཕུན་ཚོགས་ལྡན་ཚུལ་ཡོད་དེ། ཐུན་མོང་བ་ཐེག་གསུམ་གྱི་ཚིག་དོན་མི་མཐུན་མེད་པ་ལ། མུ་སྟེགས་པ་དང་ཐུན་མོང་མ་ཡིན་ཅིང་རྟོན་པ་བཞིས་ཆུད་མི་ཟ་ན་དེ་ཡིན་ཏེ། རྣམ་གྲངས་བསྡུ་བ་ལས། གསུམ་གྱིས་སྒྲུབ་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །ཞེས་གསུངས། ཐེག་ཆེན་གྱི་སྒྲུབ་པ་ཕུན་ཚོགས་ཡོད་དེ། གང་ཟག་དང་ཆོས་ཀྱི་བདག་མེད་རྟོགས་པས་མཐའ་གཉིས་ལས་ལོག་པ་དང་ཀུན་བཏགས་ལྟར་མེད་པའི་རྣམ་ཐར་སྟོང་པ་ཉིད་དང༌། གཞན་དབང་འཁོར་བའི་རྒྱུ་འབྲས་ལ་རྣམ་ཐར་སྨོན་པ་མེད་པ་དང༌། ཡོངས་གྲུབ་གཉིས་མེད་ལ་མཚན་མ་མེད་པའི་རྣམ་ཐར་སྟེ་རྣམ་ཐར་སྒོ་གསུམ་གྱི་ཏིང་ངེ་འཛིན་འོག་མ་འོག་མ་དང་ཐོས་པ་ཙམ་དང་བསམ་པ་ཙམ་སོགས་སྔ་མ་སྔ་མ་གཟིངས་ལྟར་དེ་ཙམ་གྱིས་མི་ཆོག་པར་ཤེས་ནས་ཆོས་བྱེད་དགོས་པའི་ཕྱིར། མདོ་སྡེ་རྒྱན་ལས། བློ་ལྡན་གཉིས་ལ་ལོག་ཉིད་དང༌། །ཡང་དག་ཉིད་རྣམ་སྤངས་གསུམ་གྱིས། །གང་ཟག་དང་ནི་ཆོས་དག་ལ། །བདག་མེད་རྣམ་གཉིས་ཀུན་ཤེས་ནས། །དོན་ཤེས་པ་ནི་ཆོས་རྣམས་ཀུན། །གཟིངས་དང་འདྲ་བ་ཉིད་དུ་རིག །ཐོས་པས་ཆོག་པར་འཛིན་སྤོངས་པ། །དེས་ན་ཆོས་ཤེས་པ་ཞེས་བརྗོད། །ཅེས་དང༌། དེའི་འགྲེལ་བཤད་ལས་བཙུན་པ་ངོ་བོ་ཉིད་མེད་པས་བཤད་པ་བཞིན་ནོ། །
བཞི་པ་རྒྱལ་བའི་བསྟན་པའམ་ལེགས་པར་བཤད་པ་ནི་སྟོན་པ་ཕུན་ཚོགས་དང་ཡང་ལྡན་ཏེ། བྱ་བ་རྗེས་སུ་གནང་བ་དང༌། མ་ཡིན་པ་འགོག་པ་དང་དུས་དུས་སུ་གདམས་ངག་དང་རྗེས་སུ་བསྟན་པ་སྟོན་པས་ན་སྟོན་པ་དེ་བཞིན་གཤེགས་པ་དང༌། དེ་ཡང་རབ་ཏུ་སྟོན་པས་ན་རབ་ཏུ་སྟོན་པ་དེའི་སློབ་མའི་མཆོག་ཤཱ་རིའི་བུ་སོགས་དང༌། དེ་གཉིས་རྗེས་སུ་བཟླས་ནས་སྟོན་པས་རྗེས་སུ་སྟོན་པ་དང༌། སློབ་དཔོན་དང་མཁན་པོ་གྲོགས་ཆོས་མཐུན་སྐུལ་བྱེད་དང་དྲན་བྱེད་རྣམས་འཇོག་པའི་ཕྱིར་ཏེ། རྣམ་གྲངས་བསྡུ་བ་ལས། དེ་ལ་སྟོན་པ་ནི་དེ་བཞིན་གཤེགས་པའོ། །རབ་ཏུ་སྟོན་པ་ནི་དེའི་སློབ་མའི་མཆོག་རྣམས་ཏེ་གནས་བརྟན་ཤཱ་རིའི་བུ་ལ་སོགས་པའོ། །རྗེས་སུ་སྟོན་པ་ནི་སློབ་དཔོན་དང་མཁན་པོ་དང་ཆོས་མཐུན་པ་རྣམས་དང་སྐུལ་བར་བྱེད་པ་རྣམས་དང༌། དྲན་པར་བྱེད་པ་རྣམས་སོ། །ཞེས་གསུངས་ཏེ། འདིས་ནི་ཆོས་བླ་མ་ལ་ཉོན། རྩད་གྲོགས་པོ་ལ་གཅོད་ཅེས་པའི་དཔེ་ཡང་བསྟན་ཅིང༌། སྟོན་ཚུལ་དུ་མ་ཤེས་ན་བསྟན་པ་ཞེས་པའི་དོན་རྟོགས་པར་འགྱུར་ལ་དེ་མིན་ན་ཚིག་སྤྱིར་འགྲོའོ། །དེ་ནི་ཐུན་མོང་བ་དང༌། ཐུན་མོང་མ་ཡིན་པ་ནི། བྱང་སེམས་ཀྱི་སྟོན་པ་ཕུན་ཚོགས་གསུམ་ཡོད་དེ། དབང་འབྱོར་པས་ཞལ་དང་ཤིང་དང་སིལ་སྙན་སོགས་གཟུགས་ཐམས་ཅད་དང༌། ནམ་མཁའ་ལས་ཀྱང་ཆོས་སྟོན་ལ། རྒྱ་ཆེན་ཐོས་པ་དང་ཐེ་ཚོམ་སྤོང་བ་དང༌། གཟུང་འོས་པ་དང་བདེན་གཉིས་ཀྱིས་ཀུན་ཉོན་དང་རྣམ་བྱང་གི་མཚན་ཉིད་ལ་མཁས་པ་སྟེ་ཕུན་ཚོགས་བཞི་པས་ཆོས་སྦྱིན་ཆེན་པོ་བྱེད་ལ། ཡང་འཇམ་པས་རྩུབ་མོ་མི་འབྱིན་པ་དང༌། བསྟོད་ཀྱང་རྒྱགས་པ་མེད་པ་དང༌། སྐྱོ་དུབ་མི་མཛད་པ་དང༌། དཔེ་འཁྱུད་མེད་པས་གསལ་བ་དང༌། རྣམ་གྲངས་མཁས་པས་མི་ཟློས་པ་དང༌། རིགས་པ་དང་མི་འགལ་བ་དང༌། གོ་སླ་དང༌། ཟང་ཟིང་མེད་པ་དང༌། ཐེག་པ་གསུམ་དང་མཐུན་པའི་ཀུན་འགྲོ་སྟེ་ཕུན་ཚོགས་བརྒྱད་ལྡན་གསུམ་ཡོད་པའི་ཕྱིར་ཏེ། དང་པོ་ནི། མདོ་སྡེ་རྒྱན་ལས། སེམས་དཔའ་མཆོག་གི་སྟོན་པ་ནི། །ལུང་དང་རྟོགས་དང་དབང་འབྱོར་ལས། །ཁ་དང་གཟུགས་ནི་ཐམས་ཅད་དང༌། །ནམ་མཁའ་ལས་ཀྱང་འབྱུང་བ་ཡིན། །ཞེས་སོ། །གཉིས་པ་ནི། མདོ་སྡེ་རྒྱན་ལས། རྒྱ་ཆེན་ཐེ་ཚོམ་སྤོང་པ་དང༌། །གཟུང་འོས་དེ་ཉིད་གཉིས་སྟོན་པ། །འདི་ནི་བྱང་ཆུབ་སེམས་དཔའ་ཡི། །སྟོན་པ་ཕུན་ཚོགས་ཡིན་ཞེས་བྱ། །ཞེས་སོ། །
གསུམ་པ་ནི། མདོ་སྡེ་རྒྱན་ལས། སེམས་དཔའ་མཆོག་གི་སྟོན་པ་ནི། །འཇམ་ཞིང་རྒྱགས་བྲལ་མི་སྐྱོ་དང༌། །གསལ་ཞིང་སྣ་ཚོགས་རིགས་པ་དང༌། །གོ་ཞིང་ཟང་ཟིང་མེད་ཀུན་འགྲོ །ཞེས་གསུངས་སོ། །དེས་ནི་བསྟན་པ་དང་ལེགས་པར་བཤད་པ་ཞེས་པའི་དོན་བཤད་ནས་ལྷག་མ་དགྲོལ་བར་བྱ་སྟེ། ལྷ་དང་མི་བདུད་རྩིའི་གོ་འཕང་ཐོབ་པར་འདོད་པ་རྣམས་ཞེས་པས་ཐར་པ་ཆེ་ཆུང་དོན་དུ་གཉེར་བའི་ལྷ་མི་བསྟན་པ་ཡིན་ཏེ། དོན་གོ་བའི་གཙོ་བོ་ལྷ་དང་མིར་ངེས་ལ་བདུད་རྩིའི་སྐད་དོད་ཨ་མྲྀཏའི་མྲྀཏ་འཆི་བ་སྟེ། བྱིངས་མདོ་ལས། མྲྀང་སྲོག་གཏོང་བ་ལའོ། །ཞེས་བཤད་པས། དེ་དགག་ཚིག་ཨས་བཀག་པས་འཆི་བ་མེད་པ་སྟེ་མྱང་འདས་ཡིན་ལ། དེའི་གནས་སྐབས་ཐོབ་པ་ནི། གོ་འཕང་ཐོབ་པར་འཇོག་པའི་ཕྱིར་རོ། །ལུང་ལས། གང་དག་རྒྱལ་བ་རྣམ་འདྲེན་ལ། །བྱེད་པ་ཆུང་ངུའང་བྱེད་གྱུར་པ། །དེ་དག་མཐོ་རིས་སྣ་ཚོགས་པ། །བགྲོད་ནས་འཆི་མེད་གནས་ཐོབ་བོ། །ཞེས་དང༌། ཀུན་མཁྱེན་དབྱིག་གཉེན་གྱི་འགྲེལ་པ་ལས། མྱ་ངན་ལས་འདས་པ་ནི་འཆི་བ་མེད་པའི་གནས་ཉིད་དོ། །དེ་ན་བདུད་ཐམས་ཅད་མེད་པས་སླར་ལྡོག་པ་མེད་པའི་ཕྱིར་གནས་སོ། །ཞེས་གསུངས། ཡོངས་སུ་ཤེས་པར་བྱ་བ་ནི། ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་དགོས་ཏེ། ལུང་ལས། ཆོས་གཅིག་མ་ཤེས་ནའང་གྲོལ་བར་ང་མི་སྨྲའོ་ཞེས་བཤད་ལ། སྤང་བར་བྱ་བ་སྡུག་ཀུན་གྱིས་བསྡུས་པའི་སྒྲིབ་གཉིས་དང་ཟག་བཅས་ཐམས་ཅད། མངོན་དུ་བྱ་བ་འགོག་བདེན་དང་བདག་མེད་གཉིས། བསྒོམ་པར་བྱ་བ་ལམ་བདེན་གྱིས་མཚོན་པས་ཐེག་པ་གསུམ་སྟེ། དེ་དག་རེ་རེ་ལའང་ཕྱིན་ཅི་མ་ལོག་པར་ཇི་ལྟར་གནས་པ་ལྟར་སྟོན་པའི་ལེགས་པར་བཤད་པ་སྟེ། དེ་ཡང་བདུད་བཞི་བཅོམ་ཞིང་སྐལ་བ་ཕུན་ཚོགས་དྲུག་དང་ལྡན་པ་དེའི་གསུང་རབ་ཅེས་བྱ་བ་ཡིན་ནོ། །ལུང་གི་བསྟན་པ་གཙོ་བོར་ངོས་བཟུང་བའོ། །
གཉིས་པ་ནི། དེ་ཐམས་ཅད་འགལ་བ་མེད་པར་རྟོགས་པ་ནི། ནས། ཅི་རིགས་པར་འགྱུར་བའོ། །ཞེས་བྱུང༌། དེའི་བསྟན་པ་དེ་ཐམས་ཅད་ཚ་གྲང་ལྟར་འགལ་བ་མེད་པར་རྟོགས་ཚུལ་ཡོད་དེ། བར་སྐབས་སུ་བོད་འདིར་གསུང་རབ་ཀྱི་སྒྲ་སྤྱི་ཙམ་ལ་བརྟེན་པ་མང་པོ་ཞིག་ན་རེ། མདོ་སྔགས་གཉིས་རྒྱུད་ཐ་དད་དམ་གང་ཟག་གཅིག་གིས་བྱེད་ན་ཚེ་སྟོད་སྨད་མ་གཏོགས་དུས་གཅིག་ལ་བྱེད་མི་རུང་བར་འདོད་པ་ལྟར་མིན་པར་ལམ་རིམ་འདིར་གང་ཟག་གཅིག་འཚང་རྒྱ་བའི་ལམ་དུ་དགོས་པར་གོ་བ་དེ་དེའི་ཚུལ་ཡིན་ཏེ། དེ་དག་ཡང་ངེས་འབྱུང་དང་བདག་མེད་རྟོགས་པའི་ཤེས་རབ་ལྟ་བུ་ཁ་ཅིག་ཐར་ལམ་གཙོ་བོ་དང༌། དད་པ་དང་ཚུལ་ཁྲིམས་སོགས་ཁ་ཅིག་ཡན་ལག་དང༌། ཐམས་ཅད་མཁྱེན་པ་སྒྲུབ་པ་ལ་ངེས་འབྱུང་བྱང་སེམས་བདག་མེད་རྟོགས་པའི་ཤེས་རབ་གསུམ་ལྟ་བུ་ཁ་ཅིག་གཙོ་བོ་དང༌། སྦྱིན་སོགས་དང་བསྡུ་བཞི་སོགས་ཁ་ཅིག་ཡན་ལག་ཅི་རིགས་པར་བྱང་ས་དང་མདོ་སྡེ་རྒྱན་སོགས་ལས་བཤད་པའི་ཕྱིར།
གསུམ་པ་དེ་ལྟར་མི་འདོད་པ་ལ་ལུང་རིགས་ཀྱི་འགལ་བ་བསྟན་པ་ནི། དེ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཞེད་དོན་ནི་འཇིག་རྟེན་གྱི་དོན་བསྒྲུབ་པ་ཡིན་ལ། ཞེས་པ་ནས། ཞེས་སྨྲ་བ་ནི་འགལ་བའི་རྟགས་སོ། །ཞེས་བྱུང༌། བྱང་ཆུབ་སེམས་དཔས་བསྟན་པ་ཐམས་ཅད་དེ་ལྟར་འགལ་མེད་རྟོགས་ནས་ལམ་གྱི་གཙོ་བོ་དང་ཡན་ལག་ཅི་རིགས་བྱས་ནས་དེ་ཐམས་ཅད་ཉམས་སུ་ལེན་དགོས་ཏེ། དེ་དག་གི་བཞེད་དོན་ནི་འཇིག་རྟེན་གྱི་དོན་སྒྲུབ་པ་ཡིན་ལ། དོན་སྒྲུབ་པའི་གདུལ་བྱ་ཡང་རིགས་ཅན་གསུམ་ག་ཡང་བཤད་སྒྲུབ་སྒོས་རྗེས་སུ་འཛིན་དགོས་པས་དེ་དག་གི་ལམ་ལ་བསླབ་དགོས་པའི་ཕྱིར། འཇིག་རྟེན་གྱི་དོན་སྒྲུབ་པ་ལ་བསླབ་བྱ་ཐམས་ཅད་ལ་བསླབ་དགོས་པ་ནི། སྤྱོད་འཇུག་ལས། རྒྱལ་སྲས་རྣམས་ཀྱིས་མི་སློབ་པའི། །དངོས་དེ་གང་ཡང་ཡོད་པ་མིན། །ཞེས་གསུངས་ཤིང༌། བྱང་ཆུབ་སེམས་འགྲེལ་ལས་ཀྱང༌། དེ་ལ་ཡང་དོན་རང་གིས་རྟོགས་ཅིང་ངེས་པ་བཞིན་དུ་གཞན་ལ་ངེས་པ་དང་རྟོགས་པ་བསྐྱེད་འདོད་པས་རྟག་ཏུའམ་རྒྱུན་དུ་འཁྲུལ་བ་མེད་པ་སྟེ། མི་འཁྲུལ་པའི་ཐབས་ལ་འབད་པ་ནི་མཁས་པ་རྣམས་ཀྱི་སྤྱིའི་འཇུག་ཚུལ་ཡིན། རྣམ་འགྲེལ་གྱིས་ཀྱང་ཐབས་བྱུང་འབྲས་བུའི་ཚོགས་དང༌། དེ་ཐོབ་པའི་ཐབས་ཀྱི་རྒྱུ་ལྐོག་གྱུར་ཏེ་ཐེ་ཚོམ་ཅིང་མི་ཤེས་པས་དོན་དེ་གཉིས་འཆད་མི་ནུས་པར་བཤད་པའི་ཕྱིར་རོ། །དེས་ན་ཐེག་པ་གསུམ་གྱི་ལམ་ཤེས་པ་ནི་བྱང་ཆུབ་སེམས་དཔའི་བཞེད་དོན་སྒྲུབ་བྱེད་ཀྱི་ཐབས་ཡིན་ཏེ། དེ་སྐད་དུ་རྒྱལ་བ་མ་ཕམ་པས། འགྲོ་ལ་ཕན་པར་བྱེད་རྣམས་ལམ་ཤེས་ཉིད་ཀྱིས་འཇིག་རྟེན་དོན་སྒྲུབ་མཛད་པ་གང༌། །ཞེས་གསུངས་ཤིང༌། དེ་ལྟ་བུའི་ལམ་གསུམ་ཤེས་པའི་ལམ་ཤེས་ཀྱི་བྱེད་པ་ཐེག་པ་སོ་སོའི་གདུལ་བྱ་གྲོལ་པར་བྱེད་ཅིང༌། རང་ཞི་བདེ་ལ་མི་འཇུག་པའི་རྟེན་བྱེད་པ་དང༌། ནམ་མཁའི་ཁམས་ཀྱི་མཐར་ཐུག་པའི་སེམས་ཅན་མ་བསྡུས་པ་སྡུད་པ་དང༌། མ་སྨིན་པ་སྨིན་པར་བྱེད་པ་དང༌། མ་གྲོལ་བ་གྲོལ་བར་བྱེད་པ་རྒྱུན་མི་འཆད་པར་མཛད་པར་བྱེད་པ་ཡིན་པའི་ཕྱིར་ཏེ། སློབ་དཔོན་འཕགས་པའི་ཉི་སྣང་ལས། ལམ་ཤེས་པ་ཉིད་ནི་ཐེག་པ་ཇི་ལྟ་བ་བཞིན་དུ་ངེས་པར་འབྱུང་བ་དང༌། དེ་ཁོ་ན་ཉིད་མངོན་དུ་མི་བྱེད་པའི་རྟེན་ཅན། སེམས་ཅན་མ་བསྡུས་པ་སྡུད་པ་དང༌། སེམས་ཅན་ཡོངས་སུ་མ་སྨིན་པ་ཡོངས་སུ་སྨིན་པར་བྱེད་པ་དང༌། སེམས་ཅན་ཡོངས་སུ་སྨིན་པ་རྣམ་པར་གྲོལ་བར་བྱེད་པའི་འབྲས་བུ་ཅན་ཡིན་ནོ། །ཞེས་གསུངས་སོ། །སློབ་དཔོན་སངྒཻ་བཟང་པོས་ཀྱང་དེ་ལྟར་བཤད་དོ། །དེ་སྐད་དུ་འགྲེལ་པ་ལས། ལམ་ཤེས་པ་ཉིད་ནི་ཐེག་པ་ཐམས་ཅད་ཀྱི་ངེས་པར་འབྱུང་བ་དང༌། དེ་ཁོ་ན་ཉིད་མངོན་དུ་མི་བྱེད་པའི་རྟེན་ཅན་འབྲས་བུ་སེམས་ཅན་མ་བསྡུས་པ་སྡུད་པ་ལ་སོགས་པ་ཅན་ཡིན་ནོ། །ཞེས་གསུངས་སོ། །དེས་ན་ཧྭ་ཤང་སོགས་མི་ཤེས་པ་འགའ་ཞིག་ན་རེ། ཐེག་པ་ཆེན་པོ་བ་ཡིན་པའི་ཕྱིར། ཐེག་དམན་གྱི་སྡེ་སྣོད་ལ་བསླབ་པར་མི་བྱའོ། །ཞེས་སྨྲ་པ་ནི། དེ་སྒྲུབ་ཀྱི་འགལ་རྟགས་ཡིན་ཏེ། བྱང་སེམས་ཐེག་པ་ཆེན་པོ་བ་ཡིན་ན། ཐེག་པ་གསུམ་གྱི་ལམ་ལ་ཤེས་བསྐྱེད་བསྒོམ་གསུམ་གང་རུང་གིས་བསླབ་དགོས་པར་ལུང་རིགས་དུ་མས་བསྒྲུབ་པ་དེའི་ཕྱིར།
བཞི་པ་བསྟན་པ་ཐམས་ཅད་ཚ་གྲང་ལྟར་འགལ་མེད་ཀྱི་སྒྲུབ་བྱེད་ནི། ཐེག་པ་ཆེན་པོའི་ལམ་ལ་འཇུག་པ་ལ། ཞེས་པ་ནས། དེ་ཐམས་ཅད་ཀྱང་ཐེག་ཆེན་པས་མི་སྒྲུབ་པ་མེད་པའི་ཕྱིར་རོ། །ཞེས་བྱུང༌། དོན་ནི་བསྟན་པ་ཐམས་ཅད་ཚ་གྲང་ལྟར་གཅིག་བསྟེན་ན་གཅིག་ཤོས་དོར་དགོས་པའི་འགལ་བ་མ་ཡིན་ཏེ། མཐར་ཐུག་གི་ཐེག་པ་ཆེན་པོར་བགྲོད་པའི་ཐབས་སམ་ལམ་ལ་འཇུག་པ་ལ་འཇུག་བྱེད་ལམ་ཐུན་མོང་བ་དང་ཐུན་མོང་མ་ཡིན་པའི་དབང་དུ་བྱས་ཀྱང་ཚ་གྲང་ལྟ་བུ་མ་ཡིན་པའི་ཕྱིར་ཏེ། དེའི་ཐུན་མོང་པ་ཐེག་དམན་གྱི་སྡེ་སྣོད་ནས་འབྱུང་བའི་མི་རྟག་སོགས་བཅུ་དྲུག་སོགས་ཡིན་པས། དེ་དག་ལ་མ་སྦྱངས་པར་སྙིང་རྗེ་སོགས་མི་སྐྱེ་བར་མ་ཟད་རང་རྒྱུད་ཀྱི་ཉོན་མོངས་མགོ་གནོན་པ་ཡང་མི་ཐུབ་པའི་ཕྱིར་རོ། །ཡོན་ཏན་མཐའ་ཡས་པར་བསྟོད་པ་ལས། གང་ཞིག་རང་ཉིད་མ་དུལ་བཞིན་དུ་རིགས་པར་ལྡན་པའི་ཚིག་སྨྲ་ཡང༌། །རང་གི་ཚིག་དང་འགལ་བར་སྤྱོད་པས་གཞན་དག་འདུལ་བར་མི་ནུས་ཞེས། །ཁྱོད་ཀྱིས་དགོངས་ནས་དེ་སླད་འགྲོ་བ་མཐའ་དག་ཐུགས་ལ་བཞག་མཛད་ནས། །རེ་ཞིག་བདག་ཉིད་མ་དུལ་བ་ཉིད་འདུལ་བར་མཛད་ཕྱིར་བརྩོན་པ་ལགས། །ཞེས་དང༌། བློ་གྲོས་མི་ཟད་པའི་མདོ་ལས། བྱང་ཆུབ་སེམས་དཔའི་ཐེག་པ་ཀུན་ལ་མཁས་པ་གང་ཞེ་ན། གསུམ་པོ་འདི་ནི་ཐེག་པ་འབྱུང་ངོ༌། །གསུམ་པོ་གང་ཞེ་ན། འདི་ལྟ་སྟེ། ཉན་ཐོས་ཀྱི་ཐེག་པ་དང༌། རང་སངས་རྒྱས་ཀྱི་ཐེག་པ་དང༌། ཐེག་པ་ཆེན་པོའོ། །གཞན་ཡང་ཐེག་པ་གཉིས་ཏེ། གཉིས་གང་ཞེ་ན། ལྷའི་ཐེག་པ་དང༌། མིའི་ཐེག་པའོ། །ཞེས་གསུངས་པའི་ཕྱིར་དང༌། ཕྱི་མ་འདི་གཉིས་བདེ་འགྲོའི་ལམ་གྱི་རྣམ་གྲངས་ཡིན་ཏེ། མངོན་མཐོ་ལྷ་མིའི་གོ་འཕང་ལ་བརྟེན་ནས་ངེས་ལེགས་ཐར་པ་དང་ཐམས་ཅད་མཁྱེན་པ་བསྐྱེད་པའི་ཕྱིར། རིན་ཆེན་འཕྲེང་པ་ལས། གང་ཕྱིར་མངོན་པར་མཐོ་ཐོབ་ནས། །རིམ་གྱིས་ངེས་པར་ལེགས་པ་འོངས། །དེ་ལ་མངོན་མཐོ་བདེ་བ་སྟེ། །ངེས་པར་ལེགས་པ་ཐར་པར་འདོད། །ཅེས་གསུངས་པའི་ཕྱིར། དེས་ན་རང་གཅིག་པུ་ཞི་བདེ་དོན་གཉེར་ལ་སོགས་པའི་བློ་བྱང་སེམས་དང་གཞན་དོན་དོན་གཉེར་གྱི་བར་ཆད་དུ་མདོ་སྡེ་རྒྱན་སོགས་ལས་བཤད་པས། དེ་འདྲའི་དམིགས་བསལ་ཅན་འགའ་ཞིག་རེ་མ་གཏོགས་པ་ཐམས་ཅད་མཁྱེན་པའམ་བྱང་སེམས་ཀྱིས་ཀྱང་ཉམས་སུ་བླངས་དགོས་པས། བྱང་སེམས་ཀྱི་ཤིན་ཏུ་རྒྱས་པའི་སྡེ་སྣོད་ལས་ཐེག་པ་གསུམ་ག་རྒྱ་ཆེར་སྟོན་པའི་རྒྱུ་མཚན་ཡང་དེ་ཡིན་པའི་ཕྱིར། ལམ་ཐུན་མོང་དང་ཐུན་མོང་མིན་པ་གཉིས་ཀར་སློབ་དགོས་པའི་རྒྱུ་མཚན་ཡིན་ནོ། །དེ་ལྟར་བསླབ་དགོས་པ་རིགས་པས་ཀྱང་གྲུབ་སྟེ། གཞན་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་པ་ལ་སྐྱོན་ཕྱོགས་རེ་ཟད་པ་དང་ཡོན་ཏན་ཕྱོགས་རེ་རྫོགས་པས་ཐོབ་པ་མ་ཡིན་ཞིང༌། སྐྱོན་གྱི་རིགས་ཀུན་ཟད་པ་དང་ཡོན་ཏན་གྱི་རིགས་ཀུན་རྫོགས་པ་དགོས་པ་གང་ཞིག །དེ་སྒྲུབ་པའི་ཐེག་ཆེན་པ་ཡང་སྐྱོན་མཐའ་དག་འགོག་ཅིང་ཡོན་ཏན་མཐའ་དག་སྐྱེད་པས་ན་ཐེག་པ་གཞན་ཐམས་ཅད་ཀྱི་སྤངས་པའི་ཡོན་ཏན་གྱི་རིགས་ཀུན་དང༌། མངོན་པར་རྟོགས་པའི་ཡོན་ཏན་གྱི་རིགས་ཐམས་ཅད་ཐེག་པ་ཆེན་པོའི་ལམ་དུ་འདུ་བ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། ཉན་ཐོས་སོགས་ལ་ལམ་གསུམ་གྱི་རྟོགས་རིགས་མ་ཚང་བ་དང༌། ཐམས་ཅད་རྫོགས་པར་སྟོན་པའི་བཤེས་གཉེན་མེད་པས་འབྲས་བུ་ཐར་པ་ཕྱོགས་རེ་པ་སོགས་ཡིན་པའི་ཕྱིར། རྒྱས་པར་མངོན་རྟོགས་རྒྱན་ལས། སྲིད་དང་ཞི་བར་སྟོང་པའི་ཕྱིར། །ནས། ལམ་གྱི་རྣམ་པ་མ་ཚང་དང༌། །ནས། ཉི་ཚེ་བ་དང་སྣ་ཚོགས་ཉིད། །ཅེས་བྱུང༌། རྟགས་གཉིས་པ་གྲུབ་སྟེ། མངོན་རྟོགས་རྒྱན་ལས། སངས་རྒྱས་སོགས་དམིགས་དད་པ་དང༌། །ནས། ཤེས་པའི་ཤེས་རབ་དང་རྣམ་ལྔ། །ཞེས་སོ། །རྒྱུ་མཚན་དེའི་ཕྱིར་སྒྲུབ་པའི་ཐེག་པ་ཆེན་པོའི་ལམ་གྱི་ཡན་ལག་ཏུ་གསུང་རབ་ཐམས་ཅད་འདུ་སྟེ། སྐྱོན་སྣ་རེ་ཟད་པ་དང་ཡོན་ཏན་སྣ་རེ་སྐྱེད་པ་མིན་པའི་ཐུབ་པའི་གསུང་མེད་པའི་ཕྱིར། དེ་ཐམས་ཅད་ཐེག་ཆེན་གྱིས་མི་སྒྲུབ་པ་མེད་པའི་ཕྱིར། ལང་གཤེགས་ལས། ཐེག་པ་གཅིག་ཏུ་ང་སྨྲ་སྟེ། །ཐེག་པ་རྣམ་བཞག་ཡོད་མ་ཡིན། །བྱིས་པ་རྣམས་ནི་ཡོངས་དྲང་ཕྱིར། །ཐེག་པ་ཐ་དད་ངས་བཤད་དོ། །ཞེས་དང༌། པདྨ་དཀར་པོ་ལས། ཤཱ་རིའི་བུ་ཐེག་པ་ནི་གཅིག་ཁོ་ནར་ཟད་དེ། འདི་ལྟ་སྟེ། སངས་རྒྱས་ཀྱི་ཐེག་པའོ། །ཞེས་དང༌། རྟེན་འབྲེལ་བསྟོད་པ་ལས། ཁྱོད་ཀྱིས་ཇི་སྙེད་བཀའ་སྩལ་བ། །རྟེན་འབྲེལ་ཉིད་ལས་བརྩམས་ཏེ་འཇུག །དེ་ཡང་མྱ་ངན་འདའ་ཕྱིར་ཏེ། །ཞི་འགྱུར་མིན་མཛད་ཁྱོད་ལ་མེད། །ཅེས་གསུངས་པའི་ཕྱིར།
ལྔ་པ་རྩོད་སྤངས་ལ་རྩོད་པ་དང་ལན་གཉིས། དང་པོ་སྟོན་པར་གལ་ཏེ་ཕ་རོལ་ཏུ་ཕྱིན་པའི། ནས། ལམ་མི་མཐུན་པའི་ཕྱིར་རོ་ཞེ་ན། ཞེས་བྱུང༌། སངས་རྒྱ་བ་ལ་ཐེག་པ་གསུམ་ལ་བསླབ་དགོས་པར་གསུངས་པ་ལ་ཧྭ་ཤང་དང་རྗེས་མཐུན་རྣམས་ན་རེ། ཐེག་དམན་གྱི་སྡེ་སྣོད་ནས་བཤད་པའི་ལམ་རྣམས་ཕར་ཕྱིན་ཐེག་པའི་ཐེག་ཆེན་དུ་འཇུག་པ་ལ་ལམ་ཐུན་མོང་བ་ཡིན་ཀྱང༌། རྡོ་རྗེ་ཐེག་པར་འཇུག་པ་ལ་ནི་ཕར་ཕྱིན་ཐེག་པའི་ལམ་རྣམས་ཐུན་མོང་བར་མི་འཐད་པར་ཐལ། མདོ་སྔགས་མི་མཐུན་པའི་ཕྱིར། ཞེ་ན། འདི་ནི་གནང་བཀག་ཐན་ཐུན་གདུལ་བྱ་སོ་སོ་ལ་དགོངས་པ་མི་ཤེས་པའི་ལབ་ཚུལ་ཡིན་ཏེ་འཆད་པར་འགྱུར་རོ། །
གཉིས་པ་ལན་སྟོན་པ་ལ་འདི་ཡང་ཆེས་མི་རིགས་ཏེ། ཞེས་པ་ནས། རྩིང་བར་གསལ་ལོ། །ཞེས་བྱུང༌། བཤད་ཚུལ་དེ་ནི་ཆེས་མི་རིགས་པའམ་མི་འཐད་པ་ཆེན་པོ་ཡིན་ཏེ། ཕར་ཕྱིན་ཐེག་པའི་ལམ་གྱི་ངོ་བོ་ནི་སེམས་བསྐྱེད་དང་སྤྱོད་པ་ཕྱིན་དྲུག་ལ་སློབ་པར་ལམ་ཀུན་འདུ་བ་མདོ་སྡེ་རྒྱན་སོགས་ཀྱི་དགོངས་པ་ལྟར་ཡིན་ལ། དེ་ནི་སྔགས་ལའང་རྣམ་པ་ཀུན་ཏུ་བསྟེན་དགོས་པར་རྒྱུད་སྡེ་བཞི་ཀར་བཤད་པའི་ཕྱིར། རྣལ་འབྱོར་རྒྱུད་ཀྱི་བཤད་རྒྱུད་རྡོ་རྗེ་རྩེ་མོ་ལས། འཚོ་བའི་སྲོག་གི་ཕྱིར་རམ་ཆེད་དུ་ཡང་བྱང་ཆུབ་སེམས་དོར་བར་མི་བྱ། ཞེས་དང༌། སྦྱིན་སོགས་ཕྱིན་དྲུག་གི་སྤྱོད་པ་ནི་དུས་ནམ་དུ་ཡང་དོར་བར་མི་བྱའོ། །ཞེས་གསུངས་ཤིང༌། དེ་དག་དོར་ན་རང་གཞན་གྱི་དོན་མི་འགྲུབ་ཅིང་མ་དོར་ན་དོན་གཉིས་ཀུན་འགྲུབ་པའི་ཕྱིར། བྱང་ཆུབ་སེམས་འགྲེལ་ལས། བྱང་ཆུབ་སེམས་ནི་མ་བཟུང་བར། །སངས་རྒྱས་ནམ་ཡང་མི་ཐོབ་ཅིང༌། །འཁོར་བར་བདག་གཞན་དོན་སྒྲུབ་པའི། །ཐབས་ནི་གཞན་དག་ཡོད་མ་ཡིན། །ཞེས་དང༌། ཕལ་ཆེན་ལས་ཀྱང༌། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ནོར་བུ་རིན་པོ་ཆེ་ཡིད་བཞིན་གྱི་རྒྱལ་པོ་ཐོགས་པའི་མི་ནི་ཕོངས་པ་ཐམས་ཅད་ཀྱིས་མི་འཇིགས་སོ། །དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་སྐྱེད་པའི་ཡིད་བཞིན་གྱི་རྒྱལ་པོའི་ནོར་བུ་རིན་པོ་ཆེ་ཐོགས་པའི་བྱང་ཆུབ་སེམས་དཔའ་ཡང་ཡོ་བྱད་དང་འཚོ་པའི་བག་ཚ་བ་ཐམས་ཅད་ཀྱིས་མི་འཇིགས་སོ་ཞེས་དང༌། དེ་ཉིད་ལས། ཡང་དབུལ་བ་ཐམས་ཅད་ཡོངས་སུ་སེལ་བས་ངལ་སོས་པོ་ལྟ་བུའོ། །དོན་ཐམས་ཅད་ཡོངས་སུ་འགྲུབ་པས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་རྒྱལ་པོ་ལྟ་བུའོ། །བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས་བུམ་པ་བཟང་པོ་ལྟ་བུའོ། །ཞེས་གསུངས་བའི་ཕྱིར་དང༌། དེ་དང་ཕྱིན་དྲུག་གིས་ཐེག་ཆེན་ཐམས་ཅད་བསྡུས་ཚུལ་ནི། རིན་ཆེན་འཕྲེང་པ་ལས། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་སྙིང་རྗེའི་བདག །ཐེག་ཆེན་ཡིན་ན་དེ་ཡི་ཕྱིར། །འདི་ལ་ཉེས་བཤད་ཅི་ཞིག་ཡོད། །ཚུལ་ཁྲིམས་སྦྱིན་པ་གཞན་གྱི་དོན། །བརྩོན་འགྲུས་བཟོད་པའི་བདག་ཉིད་ཀྱི། །བསམ་གཏན་ཤེས་རབ་ཐར་བའི་རྒྱུ། །ཐེག་ཆེན་དོན་ནི་བསྡུས་པ་ཡིན། །ཞེས་གསུངས་སོ། །དེར་མ་ཟད་སྒྲུབ་བྱེད་གཞན་ཡང་ཡོད་དེ། སྔགས་ཀྱི་རྒྱུད་དུ་མ་དང་དགོངས་འགྲེལ་གྱི་གཞུང་མང་པོ་ལས་ཀྱང་གསུངས་ཏེ། རྒྱུད་རྡོ་རྗེ་འཕྲེང་བ་ལས། ཚུལ་ཁྲིམས་དག་ཅིང་སྦྱིན་པ་གཏོང༌། །བཟོད་དང་བརྩོན་འགྲུས་མཆོག་དང་ལྡན། །ཉིན་དང་མཚན་དུ་བསྒོམ་ལ་ཞེན། །ཤེས་རབ་ལྡན་ཅིང་གཟོ་ལ་མཁས། །བླ་མའི་ཕྱིར་ནི་ཡོན་ཏན་ཚོགས། །དཔལ་ལྡན་སློབ་དཔོན་ཞེས་ནི་བརྗོད། །ཅེས་དང༌། རྒྱུད་རྡོ་རྗེ་རྩེ་མོ་ལས། བསྐལ་བ་རྒྱ་ཕྲག་དག་ཏུ་ནི། །ཅི་སྟེ་མངོན་པར་བརྩོན་བྱས་ཀྱང༌། །གང་ཟག་བཞིས་ནི་འཇིག་རྟེན་ཏུ། །སྒྲུབ་ཀྱང་འགྲུབ་པར་མི་འགྱུར་རོ། །བྱང་ཆུབ་སེམས་ནི་མ་སྐྱེས་དང༌། །ཐེ་ཚོམ་ལྡན་པ་ཉིད་དང་ནི། །བཀའ་བཞིན་དུ་ནི་མི་བྱེད་པ། །དད་པ་མེད་ཉིད་འགྲུབ་མི་འགྱུར། །ཞེས་བྱང་ཆུབ་ཀྱི་སེམས་མེད་པ་དང༌། མན་ངག་ལ་ཐེ་ཚོམ་ཟ་བ་དང༌། བཀའ་བཞིན་དུ་མི་བྱེད་པ་དང༌། ལྷ་དང་བླ་མར་དད་པ་མེད་པ་བཞིས་ནམ་ཡང་མི་འགྲུབ་པར་གསུངས་སོ། །རྒྱུད་སྡེ་འོག་མར་ཡང་གསུངས་ཏེ། དཔུང་བཟང་ལས། གང་ཞིག་སེམས་ཅན་ཐམས་ཅད་སྡུག་བསྔལ་ལ། །བྱམས་པའི་བསམ་པ་བརྟན་པོ་མེད་པ་དང༌། །ནས། རིགས་དང་དམ་ཚིག་མ་མཐོང་སྙིང་རྗེ་མེད། །དེ་བཞིན་བྱང་ཆུབ་སེམས་ནི་མ་བསྐྱེད་ཅིང༌། །སངས་རྒྱས་ལ་དད་ལྷ་གཞན་ལ་བརྟེན་ནས། །ང་ཡི་གསང་སྔགས་བཟླས་ན་འཕུང་པར་འགྱུར། །ཞེས་དང༌། ལག་ན་རྡོ་རྗེ་དབང་བསྐུར་པའི་རྒྱུད་ལས། ལག་ན་རྡོ་རྗེས་སྨྲས་པ། འཇམ་དཔལ་གང་དག་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་ཞུགས་པ་དང་གང་གི་ཚེ་དེ་དག་གིས་བྱང་ཆུབ་ཀྱི་སེམས་གྲུབ་པར་གྱུར་པ་དེའི་ཚེ་འཇམ་དཔལ་བྱང་ཆུབ་སེམས་དཔའི་སྤྱོད་པ་སྔགས་ཀྱི་སྒོ་སྤྱོད་པའི་བྱང་ཆུབ་སེམས་དཔའ་དེ་དག་ཡེ་ཤེས་ཆེན་པོར་དབང་བསྐུར་པས་གཟུངས་སྔགས་ཀྱི་དཀྱིལ་འཁོར་དུ་གཞུག་པར་བྱ་ཡི། གང་དག་གིས་བྱང་ཆུབ་ཀྱི་སེམས་རྫོགས་པར་མ་གྱུར་པ་དེ་དག་ནི་གཞུག་པར་མི་བྱ་སྟེ། ཞེས་དང༌། སྤྱོད་བསྡུས་ལས། དེའི་རིམ་པ་ཡང་འདི་ཡིན་ཏེ། ཐོག་མ་ཉིད་དུ་ནི་སངས་རྒྱས་ཀྱི་ཐེག་པའི་བསམ་པ་ལ་བསླབ་བོ། །གང་གི་ཚེ་སངས་རྒྱས་པའི་ཐེག་པའི་བསམ་པ་ལ་ལོབ་པར་གྱུར་པ་དེའི་ཚེ་ཐེག་པ་གསར་བ་དྲན་པ་གཅིག་པའི་ཏིང་ངེ་འཛིན་ལ་བསླབ་བོ། །ཞེས་སོགས་ཀྱིས་རིམ་གྱིས་དེ་ལྟར་མ་བསླབ་པར་གཅིག་ཆར་སོགས་མི་རུང་བར་བཤད་པ་དང༌། སློབ་དཔོན་འཇམ་དཔལ་གྲགས་པས་སྙིང་པོ་རྒྱན་ལས། སྡོམ་གསུམ་ཆོ་ག་མི་ལྡན་པར། །སྔགས་པའི་བདག་ཉིད་མི་འགྱུར་ཏེ། །དང་པོ་སོ་སོར་ཐར་པ་ཡི། །སྡོམ་པ་ལེགས་པར་མ་བཟུང་བར། །གསང་སོགས་ཚུལ་ལ་གནས་བྱེད་པ། །ཐ་བ་ལས་འབྲས་བསྐྱེད་བཞིན་ནོ། །རྩ་བ་རྙེད་པར་མི་འགྱུར་བས། །དང་པོ་སྐྱབས་འགྲོ་ནས་བརྩམས་ཏེ། །སྡོམ་གསུམ་ཆོ་ག་རབ་ཏུ་བརྟགས། །དེ་ལྟར་གསང་སྔགས་ཚུལ་ལྡན་པས། །དངོས་གྲུབ་ལ་ནི་དོགས་མེད་དེ། །སྟོན་པ་སངས་རྒྱས་སོགས་བསྟོད་ཅིང༌། །ལྷ་སོགས་འཇིག་རྟེན་ཀུན་གྱིས་བཀུར། །ཞེས་སྡོམ་གསུམ་རིགས་ལྡན་མིན་པའི་སྐྱོན་དང༌། གསུམ་ལྡན་གྱིས་མྱུར་དུ་འགྲུབ་ཅིང་སངས་རྒྱས་སོགས་ཀྱིས་བསྟོད་བཀུར་བྱེད་པར་བཤད་ཅིང༌། དེ་ཡང་ཉེས་པ་ཕྲ་མོ་ནས་འཇོམས་དགོས་ཚུལ་ནི། དེ་ཉིད་ལས། སོ་ཐར་ལ་སོགས་སྡོམ་བཅས་པའི། །ཉེས་པ་ཤིན་ཏུ་ཕྲ་མོ་ལ། །དཔའ་བོས་ཁྱད་དུ་གསོད་མིན་ཏེ། །གྲུ་དང་སྐས་ལ་འཛེག་བཞིན་གནས། །ཞེས་སོ། །གྲུབ་ཆེན་ལྭ་བ་པ་དང༌། ཤཱནྟི་པ་དང༌། ཨ་བྷ་ཡ་དང༌། རཏྣ་རཀྵི་ཏ་དང༌། རྟག་པའི་རྡོ་རྗེ་དང༌། བི་བྷཱུ་ཏི་སོགས་ཀྱིས་བླ་མེད་ཀྱི་དཀྱིལ་འཁོར་དུ་འཇུག་པའི་སྐབས་དུ་མར་ཡང་ཐུན་མོང་བ་བྱང་སྡོམ་དང་ཐུན་མོང་མིན་པ་རིགས་ལྔའི་སྡོམ་པ་གཉིས་བཟུང་དགོས་བར་གསུངས་ཏེ། སྡོམ་པ་གཉིས་འབོག་པ་སོགས་རྩེ་མོ་ལ་བརྟེན་ནས་ལཱ་བའི་ན་བཟའ་ཅན་སོགས་སློབ་དཔོན་བརྗོད་མ་ཐག་དྲུག་པོ་དེས་གསུངས་པའི་ཕྱིར་ཏེ། སྔགས་རིམ་ལས། སྡོམ་པ་གཉིས་འབོག་པའི་ཆོ་ག་ནི་སློབ་དཔོན་དྲུག་པོ་དེས་ཞེས་པ་ནས། ལན་གསུམ་བརྗོད་དུ་གཞུག་ལ་སྡོམ་པ་འབོག་གོ །ཞེས་དང༌། རྩེ་མོ་ལས་ཀྱང༌། སྡོམ་པ་གསུམ་ལ་བཀོད་ནས་ནི། །ཞེས་གསུངས་པའི་ཕྱིར། སྔ་མ་བྱང་སྡོམ་ནི་རྒྱུད་སྡེ་བཞི་ཀའི་དབང་ལ་དགོས་པས་ཐུན་མོང་བ་དང༌། རིགས་ལྔའི་སྡོམ་བཟུང་རྒྱུད་སྡེ་འོག་མ་གཉིས་དང་ཐུན་མོང་མིན་པ་དང༌། བྱང་སྡོམ་ནི་ཕར་ཕྱིན་དང་སྔགས་གཉིས་ཀ་ལ་འཛིན་པས་ཐུན་མོང་བ་དང༌། སྔགས་སྡོམ་ཕར་ཕྱིན་ཐེག་པར་མི་རུང་པས་ཐུན་མོང་མ་ཡིན་པ། དང་པོ་ནི་སློབ་མའི་དབང་དང་སློབ་དཔོན་གྱི་དབང་གཉིས་ཀར་དགོས་པས་ཐུན་མོང་བ་དང༌། ཕྱི་མ་ནི་སློབ་དཔོན་གྱི་དབང་མི་བསྐུར་བ་ལ་མི་བྱེད་པས་ཐུན་མོང་མིན་པར་བཞག་སྟེ། འཇོག་ཚུལ་གསུམ་ཡོད་དེ། སྔགས་རིམ་ལས། ཐུན་མོང་ཡིན་མིན་དུ་འཇོག་པའི་ཚུལ་གསུམ་ཡོད་དོ། །ཞེས་སོ། །དེས་ན་སྔ་མ་ནི་བྱང་སེམས་ཀྱི་སྡོམ་པ་ཁོ་ན་ཡིན་ཅིང་སྡོམ་པ་བཟུང་ནས་ཉེས་སྤྱོད་སྡོམ་པའི་དང༌། དགེ་བ་ཆོས་སྡུད་ཀྱི་དང༌། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་ལ་སོགས་པའི་བྱང་སེམས་ཀྱི་བསླབ་པ་ལ་སློབ་པར་སྡོམ་པ་འཛིན་དུས་ཁས་བླངས་པ་ཡིན་པའི་ཕྱིར་ཏེ། སྤྱོད་འཇུག་ལས། ཇི་ལྟར་སྔོན་གྱི་བདེར་གཤེགས་ཀྱིས། །བྱང་ཆུབ་སེམས་ནི་བསྐྱེད་པ་དང༌། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །སོགས་དང༌། ཐུབ་དགོངས་ལས་ཀྱང༌། བདག་མིང་འདི་ཞེས་བགྱི་བ་སེམས་ཅན་གྱི་ཁམས་མཐའ་ཡས་པ་རྣམས་འགྲོ་བའི་སྡུག་བསྔལ་ལས་བསྒྲལ་བའི་ཆེད་དང༌། གདོན་པའི་ཆེད་དང༌། ཡོངས་སུ་སྐྱབས་པའི་ཆེད་དང༌། ཐམས་ཅད་མཁྱེན་པའི་ཡེ་ཤེས་བླ་ན་མེད་པར་རབ་ཏུ་འགོད་པའི་ཆེད་དུ། ཇི་ལྟར་འདས་པ་དང༌། ད་ལྟར་བྱུང་བ་དང༌། མ་བྱོན་པའི་བྱང་ཆུབ་སེམས་དཔའ་དེ་རྣམས་བྱང་ཆུབ་ཏུ་ཐུགས་བསྐྱེད་དེ། སངས་རྒྱས་ཉིད་དུ་གཤེགས་པར་བྱེད་པ་དང༌། གཤེགས་པར་འགྱུར་བ་དང༌། ཇི་ལྟར་སངས་རྒྱས་ཐམས་ཅད་ཀྱི་སྒྲིབ་པ་མེད་པའི་སངས་རྒྱས་ཀྱི་ཡེ་ཤེས་དང༌། སོགས་དང༌། བསླབ་བཏུས་ལས་ཀྱང༌། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ཀྱི་ད་ལྟར་བ་དང་མ་འོངས་བའི་སྡུག་བསྔལ་དང་ཡིད་མི་བདེ་བ་ཐམས་ཅད་ཞི་བར་བྱ་པ་དང༌། ད་ལྟར་དང་མ་འོངས་པའི་བདེ་བ་དང་ཡིད་བདེ་བ་ཐམས་ཅད་བསྐྱེད་པའི་ཕྱིར། གཡོ་མེད་པར་ལུས་དང་ངག་དང་ཡིད་མི་བརྩོན་པས་ནན་ཏན་མི་བྱེད་པ་དང༌། དེའི་རྐྱེན་ཚོགས་པ་མི་འཚོལ་བ་དང༌། དེའི་བར་དུ་གཅོད་པའི་གཉེན་པོ་ལ་མི་འབད་པ་དང༌། སྡུག་བསྔལ་དང་ཡིད་མི་བདེ་བ་ཆེན་པོའི་གཉེན་པོར་འགྱུར་བ་མི་བསྐྱེད་པ་དང༌། དོན་ཆེན་པོ་སྒྲུབ་པའི་ཕྱིར། དོན་ཆུང་ངུ་ཉམས་པར་མི་བྱེད་པས་སྐད་ཅིག་མ་གཅིག་ཙམ་ཡང་ཡལ་བར་བོར་ནས་ལྟུང་བ་དང་བཅས་པ་ཡིན་ནོ། དོར་ན་རང་གི་ནུས་པའི་སྤྱོད་ཡུལ་མ་ཡིན་པའི་བྱ་བ་རྣམས་ལ་ལྟུང་བ་མེད་དེ། ཞེས་པ་ནས། དེ་དག་ནི་མདོར་ན་བྱང་ཆུབ་སེམས་དཔའི་བསླབ་པའི་ཁོག་པ་ཡིན་ཏེ། ཞེས་སོ། །སྤྱོད་འཇུག་ལས་ཀྱང༌། ཆུང་ངུའི་ཕྱིར་ནི་ཆེ་མི་གཏང༌། །ཞེས་གསུངས་པའི་ཕྱིར། སེམས་བསྐྱེད་དུས་ཁས་བླངས་ལྟར་སློབ་པ་ལས་གཞན་པའི་ལམ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལའང་མེད་པའི་ཕྱིར་ན་དང་སྒྲས་སྔགས་ཀྱི་སྐབས་སུའང་དེ་དག་དགོས་པས་དེ་དག་རྡོ་རྗེ་ཐེག་པ་དང་ཕར་ཕྱིན་ཐུན་མོང་གི་ལམ་ལ་སློབ་ཚུལ་དུ་གྲུབ་བོ་ཞེས་པའོ། །རྒྱུད་རྡོ་རྗེ་མཁའ་འགྲོ་དང་རྒྱུད་སམྦུ་ཊི་སྟེ་ཡང་དག་སྦྱོར་རམ་ཁ་སྦྱོར་དང༌། རྒྱུད་རྡོ་རྗེ་རྩེ་མོ་རྣམས་སུ། ཕྱི་དང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་བཟུང༌། །ཞེས་པའི་དོན་ཡོད་དེ། ཕྱི་བྱ་བའི་རྒྱུད་དང༌། སྤྱོད་པའི་རྒྱུད་གཉིས་དང༌། གསང་བ་རྣལ་འབྱོར་རྒྱུད་དང༌། རྣལ་འབྱོར་བླ་མེད་ཀྱི་རྒྱུད། ཉན་ཐོས་རང་རྒྱལ་ཐེག་ཆེན་གྱི་ཐེག་པ་གསུམ་དང༌། དམ་ཆོས་མདོ་སྔགས་ཀྱི་ལུང་དང་རྟོགས་པའི་ཆོས་ལ་བྱེད་པ་ཡིན་པའི་ཕྱིར། ཁྱད་པར་དང་པོ་ནི། མན་སྙེ་ལས། ཕྱི་བྱ་བའི་རྒྱུད་དམ་ཚིག་གསུམ་བཀོད་པའི་རྒྱལ་པོ་དང༌། འབྱུང་པོ་འདུལ་བྱེད་ལ་སོགས་པ་གང་དུ་ཁྲུས་དང་གཙང་སྦྲ་ལ་སོགས་པ་རྣམས་ཀྱིས་བྱ་བ་དང་ཞེས་གསུངས་པའི་ཕྱིར་དང༌། རྒྱུད་སྡེ་དེ་གཉིས་ནི་ཕྱིའི་བྱ་བ་མང་བས་བྱ་བ་དང་སྤྱོད་པའི་རྒྱུད་དུ་བཞག་པའི་ཕྱིར། མན་སྙེ་ལས། ཕྱི་རོལ་གྱི་བཀོད་པ་དང་བྲིས་སྐུ་ལ་སོགས་པའི་ལྷ་ལ་དམིགས་སོ། །ཞེས་གསུངས་པའི་ཕྱིར། ཁྱད་པར་གཉིས་པ་ཡིན་ཏེ། མན་སྙེ་ལས། དེ་ལ་རྣལ་འབྱོར་གྱི་རྒྱུད་ཅེས་པ་འདི་ནི་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པ་དང༌། གསང་བ་འདུས་པ་ལ་སོགས་པའི་བརྗོད་པའོ། །ཞེས་སོ། །ཁྱད་པར་གསུམ་པ་ཡིན་ཏེ། མན་སྙེ་ལས། ཐེག་པ་གསུམ་གྱི་ཉན་ཐོས་ཀྱི་ཐེག་པ་དང༌། རང་སངས་རྒྱས་ཀྱི་ཐེག་པ་དང༌། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོར་གཏོགས་པའོ། །ཞེས་གསུངས་པའི་ཕྱིར། ཁྱད་པར་བཞི་པ་ཡིན་ཏེ། མན་སྙེ་ལས། དམ་ཆོས་ནི་ཕྱིའི་བྱ་བའི་རྒྱུད་དམ་ཚིག་གསུམ་བཀོད་པའི་རྒྱལ་པོ་དང༌། ཞེས་སོགས་གསུངས་པའི་ཕྱིར། དེ་བཞིན་དུ་ཁམས་གསུམ་རྣལ་རྒྱལ་གྱི་དཀྱིལ་ཆོག་དང༌། འཇམ་དཔལ་གྲགས་པས་ནམ་མཁའ་དྲི་མ་མེད་ཆེ་བ་ལས་ཀྱང་གསུངས་ཏེ། སྤྱོད་རྒྱུད་ལས། སྙིང་རྗེའི་རྩ་བ་ཟུག་ཅིང་ཡང་དག་རྟོགས། །མཉམ་མེད་བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །ཞེས་པའི་སེམས་བསྐྱེད་ཚུལ་ནི། ཁམས་གསུམ་རྣམ་རྒྱལ་དཀྱིལ་ཆོག་ལས། བདག་སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་བསྐྱེད་པར་བགྱིའོ། ནས། བདག་གིས་ཆོས་ཐམས་ཅད་སྐྱེ་བ་མེད་པ་ཉིད་དུ་རྗེས་སུ་རྟོགས་པར་བགྱིའོ། །བདག་གིས་མ་ཡེངས་པའི་སེམས་དང༌། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བགྱིའོ། །ནས། དེ་བཞིན་དུ་བདག་གིས་སངས་རྒྱས་ཀྱི་ཆོས་ཚད་མེད་པ་མ་ལུས་པའི་པར་ལ་མངོན་པར་གནས་བར་བྱ་བའི་ཕྱིར་མངོན་པར་བསྒྲུབ་པར་བགྱིའོ། །འདི་ཉིད་ནི་བྱང་སེམས་རྣམས་ཀྱི་བྱང་ཆུབ་སེམས་བསྐྱེད་པ་རྡོ་རྗེ་ལྟ་བུ་ཡིན་ཏེ། ནས། སེམས་བསྐྱེད་པ་འདི་ལ་གནས་པས་ཀུན་ཏུ་བཟང་པོའི་སྤྱོད་པ་ཞེས་པ་བྱ་བ་སྒོ་མཐའ་ཡས་པ་ལ་གནས་པ། ནས། ཡང་དག་པར་གཟེངས་བསྟོད་པ་ལ་ངེས་པར་སྦྱར་བར་བགྱིའོ། །ཞེས་གསུངས་པ་འདི་ལྟ་བུའི་སེམས་བསྐྱེད་ངེས་པར་དགོས་པའི་ཕྱིར་དང༌། སློབ་དཔོན་འཇམ་གྲགས་ཀྱི་ནམ་མཁའ་དྲི་མེད་ཆེ་བ་ལས་ཀྱང༌། དཀྱིལ་འཁོར་དུ་འཇུག་པར་བྱ་བ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་སྡོམ་པ་བཟུང་བ་ལ་སོགས་པ་བྱས་ནས་འཇུག་པར་བྱའོ། །ཞེས་གསུངས་པའི་ཕྱིར། མདོ་སྔགས་ཀྱི་སྐོར་འདི་དག་ལ་སྔགས་བླ་མེད་དུ་ཕྱག་རྒྱའི་དམ་ཚིག་དང་ཚོགས་འཁོར་གྱི་གླུ་གར་སོགས་གནང་བ་དང༌། རྒྱུད་སྡེ་འོག་མར་སྨྱུང་གནས་སོགས་དང་རོལ་མོ་གནང་བ་ལྟ་བུ། འདུལ་བར་དེ་དག་མི་རུང་ཞེས་བཀག་པ་ལྟ་བུའི་མི་འདྲ་བའི་གནང་བཀག་གི་ཆ་ཤས་ཐན་ཐུན་མཐོང་ནས། བོད་འདིར་ཇོ་བོ་རྗེ་མ་ཕེབས་གོང་དུ་ཚ་གྲང་ལྟར་དུས་དང་གང་ཟག་ཐམས་ཅད་ཀྱི་ངོར་འགལ་བར་འཛིན་པ་ནི་རྟོག་པ་ཤིན་ཏུ་རྩིང་པོ་དཔྱད་པ་མི་ཤེས་པར་གསལ་ཏེ། སྔར་བཤད་པ་ལྟར་གྱི་ལུང་རིགས་དེ་སྙེད་ཡོད་ཀྱང་གཅིག་ལའང་དཔྱད་པ་ལྟ་ཅི་རྟོགས་འཇུག་ཙམ་ཡང་མ་བྱས་པའི་ཕྱིར་རོ། །
དྲུག་པ་ལ་མདོ་སྔགས་ཐུན་མོང་གི་འཐད་པ་དང༌། དེ་ལྟར་ཆོས་སྤོང་འབྱུང་ཚུལ་གཉིས། དང་པོ་ནི། དེ་ལྟར་ན་དམིགས་གསལ་ཅན་གྱི་གནང་བཀག་འགའ་རེ་མ་གཏོགས། ནས། མདོ་རྒྱུད་གཉིས་ཀའི་ལམ་ཐུན་མོང་བའོ། །ཞེས་བྱུང༌། སྔར་བཤད་པ་དེ་ལྟར་དམིགས་གསལ་ཅན་གྱི་གནང་བ། ལྷའི་རྣལ་འབྱོར་དང་འདོད་ཡོན་གྱི་དེ་ཁོ་ན་ཉིད་རྟོགས་པའི་གང་ཟག་ཁྱད་པར་ཅན་ལ་རྒྱུད་རྡོ་རྗེ་ཕྲེང་བ་ལས། བཀག་པ་དག་ཀྱང་བྱེད་པས་ན། །བྱ་དང་བྱ་མིན་རྣམ་སྤང་སྟེ། །པདྨ་ལ་ནི་འདམ་གྱིས་བཞིན། །ངོ་བོ་ཉིད་ཤེས་གོས་མི་འགྱུར། །ཞེས་པ་ལྟ་བུས་གནང་ཡང་སྔགས་ལ་ཞུགས་ཚད་ཀུན་ལ་མིན་ཞིང༌། འདུལ་བར་བཀག་པའི་ཡུལ་ཕར་ཕྱིན་ཐེག་པའི་དགེ་སློང་ཙམ་ལ་སྔགས་ཀྱི་སྐབས་སུ་མི་གནང་བར་མ་ཟད། བཀག་པ་ཁོ་ནའི་ཚུལ་སོགས་མི་ཤེས་པའི་གནང་བཀག་གི་ཚིག་གི་ཆ་འགའ་རེ་མ་གཏོགས་པ་གསུང་རབ་རྣམས་གདུལ་བྱ་འདུལ་བ་ལ་ཤིན་ཏུ་མཐུན་པས་ཐེག་པ་གསུམ་མམ་ལམ་ལྔ་ལྟ་བུ་གོང་མ་གོང་མར་འཇུག་པ་ན་ཐེག་པ་འོག་མ་འོག་མའི་ཡོན་ཏན་གྱི་རིགས་དང་ལམ་འོག་མ་འོག་མའི་ཡོན་ཏན་གྱི་རིགས་ཚང་བ་དགོས་པ་ཡིན་ཏེ། དཔེར་ན་ཐེག་ཆེན་མཐོང་ལམ་སྐབས་སུ་ལམ་འོག་མ་སྦྱོར་ལམ་གྱི་བྱང་ཆུབ་སེམས་དང༌། བདག་མེད་རྟོགས་པའི་ལྟ་བ་གཉིས་ཀྱི་རིགས་རྒྱུན་ཡར་ལྡན་ནམ། གོང་འཕེལ་དུ་གྱུར་ཡོད་པའི་ཕྱིར་ཏེ། སྦྱོར་ལམ་དུས་ཀྱི་མཐོང་སྤང་སྲེག་པའི་མེ་ལྟ་བུའི་སེམས་བསྐྱེད་དེ་མཐོང་ལམ་དུས་སུ་དེར་སེམས་ཅན་ཐམས་ཅད་ཀྱི་རེ་བ་དངོས་སུ་སྐོང་བའི་སྦྱིན་པའི་གཏེར་ཆེན་པོ་ལྟ་བུ་དང༌། སྨོན་ལམ་གྲངས་མེད་པ་འབུམ་ཕྲག་བཅུ་གཉིས་སོགས་ཀྱི་རྒྱ་ཆེན་པོའི་སྤྱོད་པའི་རྟེན་དུ་གྱུར་བའི་ཕྱིར། ཕར་ཕྱིན་བསྡུས་པ་ལས། དེ་བས་རྟག་ཏུ་སྐྱོན་རྣམས་ཀུན་སྤངས་ཏེ། །བྱང་ཆུབ་ཚོལ་བས་རྟག་ཏུ་ཐམས་ཅད་སྦྱིན། །ཞེས་སོ། །བྱང་ཆུབ་ཀྱི་སེམས་ནི་མདོ་སྔགས་ཀྱི་ཐེག་ཆེན་གཉིས་ཀའི་གཞུང་ཤིང་ཡིན་ཏེ། མདོ་ཕྱོགས་ལ་གྲགས་ཆེ་བར་མ་ཟད་སྔགས་ལམ་གྱིའང་གཞུང་ཤིང་དུ་ཀླུ་སྒྲུབ་ཀྱིས་གསུངས་པའི་ཕྱིར་ཏེ། བྱང་ཆུབ་སེམས་འགྲེལ་ལས། གང་ཡང་སངས་རྒྱས་གསུང་རྣམས་དང༌། །ས་དང་ཕ་རོལ་ཕྱིན་པ་དེ། །བྱང་ཆུབ་སེམས་ཀྱི་ཡན་ལག་ཏུ། །ཀུན་ལ་སྟོན་ཅིང༌འགོད་པར་མཛད། །ཅེས་གསུངས་པའི་ཕྱིར། ཕ་རོལ་ཏུ་ཕྱིན་པའི་ལམ་ནི་མདོ་སྔགས་གཉིས་ཀའི་སངས་རྒྱས་སར་འགྲོ་བའི་གཞུང་ལམ་ངེས་པ་ཅན་ཡིན་ཏེ། རྒྱལ་བའི་ཡུམ་ཁྲི་བརྒྱད་སྟོང་པ་ལས། རྒྱལ་བ་སྔར་བྱོན་འདས་པ་དང་ད་ལྟར་མ་བྱོན་བའི་འབྱོན་དགོས་ཀྱི་རྒྱལ་བ་དང༌། ད་ལྟར་བྱོན་ཅིང་བཞུགས་པ་མེ་ཏོག་གི་ཚོགས་བཀོད་པའི་མདོ་སོགས་ལས་བཤད་པ་གང་ཡིན་པ་ཀུན་གྱི་ཕེབས་པའི་ལམ་ཤེར་ཕྱིན་འདི་ཁོ་ན་ཡིན་གྱི་འདིར་མ་ཕེབས་པར་ལམ་གཞན་གྱིས་སངས་རྒྱས་སར་ཕེབས་པ་མ་ཡིན། ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར། ཕར་ཕྱིན་བསྡུས་པ་ལས། བདེ་གཤེགས་སྟོབས་བཅུ་སྟོབས་ཀྱི་ཕུལ་བྱུང་བ། ཚུངས་མེད་མཆོག་ཏུ་བྱ་བ་ཐམས་ཅད་དང༌། །ཡོན་ཏན་ཚོགས་གཞན་མ་ལུས་ཐམས་ཅད་ཀྱང༌། །དེ་འདྲའི་ཤེས་རབ་རྒྱུ་ལས་བརྟེན་ཅིང༌འབྱུང༌། །ཞེས་སོ། །དེས་ན་སེམས་བསྐྱེད་དང་ཕྱིན་དྲུག་ནི་སྔགས་ལའང་དོར་མི་རུང་སྟེ། དེ་དག་སངས་རྒྱས་སུ་འགྲོ་བའི་ལམ་གྱི་གཞུང་ཤིང་དང་གཞན་རྣམས་དེའི་ཡལ་ག་དང་ལོ་མ་དང་མེ་ཏོག་ལྟ་བུ་ཡིན་པའི་ཕྱིར། བྱམས་པའི་རྣམ་ཐར་ལས། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ཤིང་གི་རིགས་ན་ལི་ཀེ་རི་ཞེས་བྱ་བ་རྒྱ་མཚོ་གནོད་པ་དང་བྲལ་བ་ནས་སྐྱེ་བ་ཡོད་དེ། དེའི་རྩ་བ་ཡན་ཆད་མེ་ཏོག་གི་བར་དུ་ཡང་དུས་ཐམས་ཅད་དུ་སེམས་ཅན་རྣམས་ཀྱི་དོན་དུ་མི་འགྱུར་བ་མེད་དོ། །དེ་བཞིན་དུ་སྙིང་རྗེ་ཆེན་པོ་དང་སྨོན་ལམ་གྱི་རྩ་བ་ཡང་དག་པར་སྐྱེས་པའི་བྱང་ཆུབ་སེམས་དཔའ་ཡང་ཐོག་མ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པ་ནས་ཉེ་བར་བཟུང་ཕྱིན་ཆད་དམ་པའི་ཆོས་གནས་པའི་མཐར་ཐུག་གི་བར་དུ་ཡང་ལྷ་དང་བཅས་པའི་འཇིག་རྟེན་གྱི་ཉེ་བར་འཚོ་བར་མི་འགྱུར་བ་མེད་དོ། །ཞེས་དང༌། རིན་ཆེན་འཕྲེང་བ་ལས་ཀྱང༌། སྙིང་བརྩེ་བས་ནི་དོན་ཀུན་སྒྲུབ། །བདུན་པོ་འདི་དག་མ་ལུས་པར། །གཅིག་ཆར་ཕ་རོལ་ཕྱིན་པ་ཡིས། །ཡེ་ཤེས་བསམ་གྱིས་མི་ཁྱབ་ཡུལ། །འཇིག་རྟེན་མགོན་པོ་ཉིད་ཐོབ་འགྱུར། །ཞེས་དང༌། སྔགས་ལའང་བྱང་ཆུབ་སེམས་འགྲེལ་ལས། ཐེག་ཆེན་འདི་ལ་བྱང་ཆུབ་ཀྱི། །སེམས་མཆོག་ཡིན་པར་བསྟན་པས་ན། །ནས། བྱང་ཆུབ་སེམས་ནི་མ་བཟུང་བར། །སངས་རྒྱས་ནམ་ཡང་མི་མཐོང་ཞིང༌། །འཁོར་བར་བདག་གཞན་དོན་སྒྲུབ་པའི། །ཐབས་གཞན་ཡོད་པ་མ་ཡིན་ནོ། །ཞེས་དང༌། སྤྱོད་འཇུག་ལས་ཀྱང༌། འདིས་ནི་ཚད་མེད་སྐྱེ་བོའི་ཚོགས་རྣམས་ཀྱིས། །བདེ་མཆོག་བདེ་བླག་ཉིད་དུ་ཐོབ་པར་བྱེད། །ཅེས་སོགས་ཤིན་ཏུ་མང༌། སངས་རྒྱས་ལམ་གྱི་གཞུང་ཤིང་གི་འདི་རྡོ་རྗེའི་ཐེག་པ་རྩེ་མོ་སོགས་རྒྱུད་དང་དཀྱིལ་ཆོག་དང་འགྲེལ་པ་དུ་མར་བཀའ་སྩལ་པས་ན་མདོ་སྔགས་གཉིས་ཀའི་ལམ་ཐུན་མོང་བ་ཡིན་ཏེ། གཉིས་ཀ་གང་ལ་འཇུག་ཀྱང་དེ་ལ་འཇུག་དགོས་པའི་ཕྱིར། དེ་གཉིས་ཀ་ནས་བསྟན་པའི་ལམ་ཡིན་པའི་ཕྱིར། རྡོ་རྗེ་ཐེག་པའི་དོན་ནི་རྡོ་རྗེ་ཡང་ཡིན་ཐེག་པ་ཡང་ཡིན་པས་རྡོ་རྗེ་ཐེག་པ་སྟེ། ཐེག་ཆེན་མ་ལུས་བསྡུས་པ་ཕྱིན་དྲུག་དང༌། དེ་ཐབས་དང་ཤེས་རབ་ཡིན་ཅིང་དེ་རོ་གཅིག་པའམ་ངོ་བོ་དབྱེར་མི་ཕྱེད་པའི་རྡོ་རྗེ་སེམས་དཔའི་རྣལ་འབྱོར་ཡིན་པའི་ཕྱིར། རྡོ་རྗེ་སེམས་དཔའི་དྲང་ངེས་གཉིས་ཡོད་པའི་ཕྱིར། སྙེམ་ཏོག་ལས། རྡོ་རྗེ་ཡང་དེ་ཡིན་ཐེག་པ་ཡང་ཡིན་པས་ན་རྡོ་རྗེ་ཐེག་པ་སྟེ། སྔགས་ཀྱི་ཐེག་པ་ཞེས་བྱ་བའི་དོན་ནོ། །ཞེས་དང༌། མཐའ་གཉིས་སེལ་བ་ལས་ཀྱང༌། དབྱེར་མེད་པ་དང་འབྲས་བུ་ཉིད་ལམ་དུ་གྱུར་པ་དང་ཐབས་ཀྱི་ཆེ་བ་དང༌། ཤིན་ཏུ་གསང་བར་བྱ་བའི་ཕྱིར། རྡོ་རྗེ་ཐེག་པ་དང༌། འབྲས་བུའི་ཐེག་པ་དང༌། ཐབས་ཀྱི་ཐེག་པ་དང༌། གསང་བའི་ཐེག་པ་ཞེས་བྱའོ། །ཞེས་གསུངས་པ་ལྟར་ཡིན་ལ་གཞན་རྣམས་སླ།
གཉིས་པ་གསང་སྔགས་མྱུར་ཁྱད་ཀྱི་རིགས་པ་ནི། དེའི་སྟེང་དུ་གསང་སྔགས་ཀྱི་ལམ་ཐུན་མོང་མ་ཡིན་པ་དབང་དང༌། ཞེས་པ་ནས། དེའི་ཁུངས་ནི་འོག་ཏུ་སྟོན་པར་འགྱུར་རོ། །ཞེས་བྱུང༌། ལམ་ཐུན་མོང་བ་དེའི་སྟེང་དུ་གསང་སྔགས་ཀྱི་ལམ་ཕར་ཕྱིན་དང་ཐུན་མོང་མིན་པ་དབང་དང་དམ་ཚིག་དང་སྔགས་སོགས་ཀྱི་སྡོམ་པ་དང༌། རིམ་གཉིས་འཁོར་དང་བཅས་པ་བསྣན་པས་སངས་རྒྱས་སུ་བགྲོད་པའི་ལམ་མྱུར་བ་ཡིན་ཏེ། སེམས་བསྐྱེད་ཕྱིན་དྲུག་ཐེག་ཆེན་གཞུང་ཤིང་ཡིན། དབང་བསྐུར་པས་དངོས་གྲུབ་ཀྱི་སྣོད་དུ་འགྱུར་བ་དང་སངས་རྒྱས་ཐམས་ཅད་དགྱེས་པ་སོགས་ཡིན་ལུགས་དང༌། དཔའ་བོ་མཁའ་འགྲོ་སྲུང་མ་འདུས་ནས་དངོས་གྲུབ་སྟེར་བ་དམ་ཚིག་དང་སྡོམ་པ་ལ་ལྟོས་པ་དང༌། རིམ་གཉིས་ཀྱི་གཙོ་བོ་སྐུ་གསུམ་ལམ་འཁྱེར་དང༌། སྲུང་འཁོར་གཏོར་མ་བཟླས་བརྗོད་སོགས་འཁོར་རམ་ཡན་ལག་ཡིན་པས་མྱུར་དུ་ལོ་གསུམ་ཕྱོགས་གསུམ་ལྟ་བུར་སངས་རྒྱ་བར་བཤད་པའི་ཕྱིར། ཁྱད་པར་དང་པོ་དབང་གི་ཕན་ཡོན་དེ་ལྟར་ཡིན་ཏེ། དེ་ལ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་སོགས་ཀྱིས་དགོངས་པ་དང༌། དངོས་གྲུབ་མྱུར་བ་དང༌། ངན་སོང་སོགས་རིགས་དམའ་བར་མི་སྐྱེ་ཞིང་རིག་སྔགས་སྤྱོད་པའི་རིགས་སུ་སྐྱེ་ནས་བྱང་ཆུབ་མྱུར་དུ་ཐོབ་པར་འགྱུར་པའི་ཕྱིར། སྤྱི་རྒྱུད་ལས། དབང་བསྐུར་དང་པོ་ཐོབ་པ་ནི། །སངས་རྒྱས་རྣམས་ཀྱིས་དགོངས་པར་འགྱུར། །དེས་ནི་གསང་སྔགས་སྤྱོད་པ་ལ། །བརྩོན་པ་རྣམས་ཀྱིས་བཀུར་བར་འགྱུར། །རིག་སྔགས་གསང་སྔགས་མང་པོ་དང༌། །འཕགས་པ་སྤྱན་རས་གཟིགས་དབང་དང༌། །དཔའ་པོ་རྡོ་རྗེ་འཛིན་པ་དག །ཉིད་ཀྱིས་བྱིན་གྱིས་རློབས་པར་འགྱུར། །ཞེས་པ་ནས། འཁོར་བ་ན་ནི་འཁོར་བ་ན། །དེ་ནི་ངན་སོང་ལྟུང་མི་འགྱུར། །ཡན་ལག་ཉམས་དང་དབུལ་བ་དང༌། །སྨད་པ་རྣམས་སུ་སྐྱེ་མི་འགྱུར། །ནས། དེ་ནི་རིང་པོ་མི་ཐོག་པར། །བྱང་ཆུབ་མཆོག་ནི་རྫོགས་པར་འགྱུར། །སོགས་གསུངས་པ་དང༌།
རྗེ་འདི་ཉིད་ཀྱིས་གནང་བའི་ལམ་རིམ་ཆེན་མོའི་ཊཱིཀྐ་རྩོམ་འཕྲོ་ཡོད་པར་རྣམ་ཐར་སྐལ་བཟང་འཇུག་ངོགས་ལས་གསུངས་ནའང༌། དུས་ཕྱིས་ཀྱི་བར་དུ་མ་ཡིག་མ་རྙེད་ལ། ཕྱིས་སུ་ཁྲི་ཆེན་ངག་དབང་བཀྲ་ཤིས་པའི་དབོན་པོ་དཔོན་སློབ་བསོད་ནམས་རྒྱ་མཚོའི་ཕྱག་དཔེའི་ཁྲོད་ནས་རྙེད་པ་ལས་བཤུས་ཏེ་ཡིག་སྐྱོན་ཕྲན་བུ་བཅོས་ནས་པར་དུ་བསྒྲུབས་པ་ལགས། །
རྩོམ་སྒྲིག་པ། མང་ར་བ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn