སྒོ་མང་དཔོན་སློབ་རིན་པོ་ཆེའི་ཞབས་དྲུང་དུ་ཕར་ཕྱིན་རྩོམ་པར་བསྐུལ་བའི་ཞུ་ཐོ་ལགས།
ྋརྗེ་བདག་ཉིད་ཆེན་པོའི་འདུན་ལེགས་མ་ལས། འཇིག་རྟེན་མཐོ་རིས་བྱང་གྲོལ་ལྟ་བའི་མིག །ཅེས་སོགས་དང༌། དེ་ནས་འདི་ཕྱིའི་ལེགས་ཚོགས་ཇི་སྙེད་པའི། །ཞེས་སོགས་དང༌། ཡོན་ཏན་ཀུན་གྱི་གཞིར་གྱུར་དྲིན་ཅན་རྗེ། །ཞེས་སོགས་དང༌། འཇིག་རྟེན་འཇིག་རྟེན་འདས་པའི་དགེ་ལེགས་ཀྱི། །ཞེས་སོགས་རྒྱ་ཆེར་གསུངས་པ་ལྟར། །དཔལ་ལྡན་བླ་མ་དམ་པ་ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས་དཔའ་དང་དབྱེར་མེད་པའི་ཞབས་ཀྱི་པདྨོའི་དྲུང་དུ། གང་གི་བཀའ་འབངས་སུ་གཏོགས་པ་ཁོ་བོ་ཅག་གིས་ཆོས་ལྡན་གྱི་བྱ་བ་ཁྱད་པར་ཅན་གྱི་ཞུ་དོན་འདི་བཞིན་ཞུ་བ་སྙན་གྱི་དབང་པོ་དར་ཅིག་གསན་པར་ཞུ་འཚལ། དེ་ཡང་ཇི་སྐད་དུ། མགོན་པོ་ཞི་བ་ལྷས། འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །ཞེས་སོགས་གསུངས་པ་ལྟར། དེ་ཡང་སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་བཤད་སྒྲུབ་ཀྱི་བསྟན་པའི་འབྱུང་ཁུངས་ལྟ་བུ་ནི་དབུས་གཙང་གི་ལྗོངས་འདི་ཉིད་ཡིན་ལ། དེའི་ནང་ནས་དཔལ་ལྡན་ཉམས་མེད་རི་བོ་དགའ་ལྡན་པའི་མདོ་ཕྱོགས་ཀྱི་གྲྭ་ས་ཆེ་བ་བཞི་ནི་སེར་འབྲས་དགེ་གསུམ་བཀྲ་ཤིས་ལྷུན་པོ་དང་བཞིར་ངེས་ཤིང༌། དེ་དག་གི་ནང་ནས་ཀྱང་ཆེས་ཁྱད་པར་དུ་འཕགས་པ་ནི་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་ཞེས་སྙན་པའི་བ་དན་དཀར་པོ་ས་གསུམ་ན་ཆེས་ཆེར་གཡོ་བ་འདི་ཉིད་ཡིན་ལ། དེའི་ནང་ནས། ཇི་སྐད་དུ། རྣམ་བཀྲ་རིགས་པའི་ལུང་དོན་འབྱེད་པ་ལ། །སྲས་བཅས་རྒྱལ་བས་ཤིས་པ་བརྗོད་པའི་སྒོ། །གཞུང་ལུགས་མང་པོར་དཔྱད་བཟོད་འདུས་པའི་སྡེ། །ཞེས་གསུངས་པ་ལྟར། གྲྭ་ཚང་ཀུན་གྱི་ནང་ནས་ཀྱང་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་འཕགས་པ་ནི་མཁས་མང་གི་འདུན་ས་ཆེན་པོ་དཔལ་ལྡན་བཀྲ་ཤིས་སྒོ་མང་ཞེས་ཡོངས་སུ་གྲགས་པ་འདི་ཡིན་ལ། འདི་ཉིད་ཡར་ངོའི་ཟླ་བ་ལྟར་འཕེལ་རྒྱས་སུ་འགྱུར་བ་དང༌། འཛིན་སྐྱོང་སྤེལ་གསུམ་མཛད་པ་ནི། གྲྭ་ཚང་འདིའི་ཆོས་ཀྱི་ཁྲི་ལ་འཛེག་པའི་བླ་མ་དགེ་བའི་བཤེས་གཉེན་ཞིག་ལ་རགས་ལས་ཤིང༌། དེ་ཡང་འཆད་རྩོད་རྩོམ་གསུམ་ལ་ཐོགས་པ་མེད་པའི་མཁས་བཙུན་བཟང་གསུམ་འཛོམས་པ་ཞིག་ངེས་པར་དགོས་ལ། དེ་ལྟ་བུའི་འཆད་རྩོད་རྩོམ་གསུམ་དང་མཁས་བཙུན་བཟང་གསུམ་དང་ཐོས་བསམ་སྒོམ་གསུམ་ལ་བླ་མ་ཉིད་མཁས་པ་ནི། ད་ལྟ་རྒྱ་བོད་ཧོར་གསུམ་དང་དབུས་རྩང་ཁམས་གསུམ་དུ་གྲགས་ཆེ་བ་ནི་ལྷ་འདྲེ་མི་གསུམ་གྱི་མཐུན་སྣང་དུ་གྲུབ་པ་ཡིན་ལ། དེ་ལྟ་བུའི་མདོ་སྔགས་ཡོངས་སུ་རྫོགས་པའི་དགེ་བའི་བཤེས་གཉེན་ཁྱེད་ལྟ་བུས་འཆད་རྩོད་རྩོམ་གསུམ་མཛད་དགོས་ཏེ། ཇི་སྐད་དུ། མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་ཡིན། །ཞེས་གསུངས་པ་ལྟར་ཡིན་ཞིང༌། དེ་ཡང་གྲྭ་ཚང་སོ་སོའི་ཡིག་ཆའི་དབང་དུ་བྱས་ན། དཔེར་ན་བློ་གསལ་གླིང་ལྟ་བུ་ལ་མཚོན་ན། པཎ་ཆེན་བསོད་ནམས་གྲགས་པས་མཛད་པའི་དབུ་ཕར་གཉིས་ཡོད་ཅིང༌། ཡང་དེས་མཛད་པའི་ཕར་ཕྱིན་གྱི་སྤྱི་དོན་དང་འདུལ་མཛོད་གཉིས་ཀ་ཡང་ཡོད་ལ། གཞན་ཡང་འཇམ་དབྱངས་དགའ་བློས་མཛད་པའི་ཕར་ཕྱིན་གྱི་དུམ་བུ་དང་དགེ་འདུན་ཉི་ཤུ་ཆེ་ཆུང་དང༌། གཞན་ཡང་ཆོས་གྲགས་འོད་ཟེར་གྱིས་མཛད་པའི་དབུ་མ་དང༌། མོ་མའི་བསམ་གཟུགས་དང༌། དཔོན་སློབ་འབྲུག་ལྟག་པས་མཛད་པའི་ཡིག་ཆ་ཐོར་བུ་སོགས་ཡོད་ལ། རང་རེའི་གྲྭ་ཚང་འདིའི་དབང་དུ་བྱས་ན་གུང་རུ་ཆོས་ཀྱི་འབྱུང་གནས་དང༌། རིན་ཆེན་བྱང་ཆུབ་དང༌། བྱམས་པ་ལྷུན་གྲུབ་དང༌། དཔོན་སློབ་བསམ་གྲུབ་སྒངས་པས་མཛད་པ་སོགས་ཡིག་ཆ་ཐོར་བུ་འགའ་ཞིག་མ་གཏོགས་དབུ་ཕར་ཚང་མ་བླ་མ་གཅིག་གིས་མཛད་པ་མི་འདུག་པ་དང༌། དེ་དག་ཀྱང་ཚིག་དོན་གང་གི་ཆ་ལ་བརྗོད་བྱ་བཟང་ངན་དང༌། དགག་བཞག་སྤང་གསུམ་གནད་དུ་ཕྱིན་མ་ཕྱིན་དང༌། ཁས་ལེན་སྐོར་ལ་ཆུ་ཐུབ་མི་ཐུབ་སོགས་ཇི་ལྟར་ཡིན་པ་ནི་ཁོ་བོ་ཅག་གིས་ག་ལ་ཤེས་ཤིང༌། འོན་ཀྱང་ཇི་སྐད་དུ། དགེ་སློང་དག་གམ་མཁས་རྣམས་ཀྱིས། །ཞེས་སོགས་གསུངས་པ་ལྟར། བཅོམ་ལྡན་འདས་ཀྱི་བཀའ་ལའང་དྲང་ངེས་དང་སྒྲ་ཇི་བཞིན་པ་ཡིན་མིན་སོགས་ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་སོགས་ཀྱིས་ཇི་ལྟར་བཀྲལ་བཞིན། མདོ་སྔགས་ཀྱི་གསུང་རབ་གང་ལའང་བསྲེགས་བཅད་བདར་བའི་གསེར་བཞིན་དུ་དཔྱད་པ་གསུམ་གྱིས་དག་པ་དགོས་པས་ན། ཡིག་ཆ་རྙིང་པ་ཡོད་བཞིན་དུ་གསར་བ་བརྩམ་པ་ལ་འགལ་བ་མེད་མོད། དེ་ཡང་བླ་མ་བཙན་པོ་ནོ་མོན་ཧན་དང་ཁྲི་རིན་པོ་ཆེ་རྒྱ་ནག་པ་གཉིས་ཀའང་མཁས་བཙུན་བཟང་གསུམ་འཛོམས་པའི་དགེ་བའི་བཤེས་གཉེན་ཡིན་ཀྱང༌། དེ་དག་ལ་བསྟན་བཅོས་རྩོམ་པར་བསྐུལ་བ་པོ་མེད་པར་བརྟེན། དེ་དག་གིས་ཡིག་ཆ་བརྩམས་པ་ཆེར་མེད་ལ། མདོར་བསྡུ་ན་མདོ་སྔགས་ཡོངས་སུ་རྫོགས་པའི་དགེ་བའི་བཤེས་གཉེན་ཁྱེད་ལྟ་བུས་མདོ་སྔགས་ཀྱི་ཡིག་ཆ་རྩོམ་པར་སྐབས་སུ་བབས་ཤིང༌། བདག་ཅག་སློབ་མ་རྣམས་ཀྱིས་ཀྱང་རྩོམ་པར་བསྐུལ་མ་བྱེད་པ་འབྲེལ་ཆགས་ལ། དེ་ཡང་མདོ་ཕྱོགས་ལ་པོ་ཏི་ལྔར་གྲགས་པ་ལས། དབུ་མའི་ཡིག་ཆ་ནི་བླ་མ་ཉིད་ཀྱིས་མཛད་ཟིན་པ་ཡོད་ལ། ཚད་མ་རྣམ་འགྲེལ་ནི་ད་ལྟ་རྩོམ་འཕྲོར་ཡོད་པ་དེ་བཞིན་དང༌། དབུ་ཕར་གཉིས་ཐུན་མོང་གི་སྤྱི་དོན་ལྟ་བུ་ནི་བླ་མ་ཉིད་ཀྱིས་མཛད་པའི་ཕྱི་ནང་གི་གྲུབ་མཐའི་རྣམ་བཞག་ཆེན་མོ་ཡོད་ལ། ད་ཆ་གྲྭ་ཚང་འདི་ལ་ཤིན་ཏུ་གལ་ཆེ་བ་ནི་ཕར་ཕྱིན་ཡིན་ལ། ཕར་ཕྱིན་གྱི་ཐལ་འཕྲེང་ཚང་མ་ཞིག་བླ་མ་ཉིད་ཀྱིས་མཛད་ན་ཕྱི་རབས་ཀྱི་གདུལ་བྱ་རྣམས་ལ་ཕན་པ་རྒྱ་ཆེ་ཞིང་འཕྲལ་ཕུགས་ཐམས་ཅད་དུ་ལེགས་ཚོགས་ཤིན་ཏུ་ཆེ་བ་ཡིན་ཏེ། བླ་མ་ཉིད་སྤྱིར་མདོ་སྔགས་ཡོངས་སུ་རྫོགས་པའི་དགེ་བའི་བཤེས་གཉེན་ཡིན་པར་མ་ཟད། སྒྲ་དང་སྙན་ངག་སོགས་ཤེས་བྱ་རིགས་པའི་གནས་ཐམས་ཅད་ལ་ཤིན་ཏུ་མཁས་ཤིང༌། རྒྱ་བོད་ཀྱི་མཁས་པ་ཐམས་ཅད་ཀྱི་དགོངས་པ་ཚུལ་བཞིན་དུ་འགྲེལ་མཁྱེན་པས་ན། མདོ་སྔགས་ཀྱི་ཡིག་ཆ་མང་པོ་ད་དུང་མཛད་དགོས་ཤིང༌། ཁྱད་པར་དུ་ད་ལམ་བདག་ཅག་རྣམས་ཀྱིས་གསོལ་བ་བཏབ་པའི་ངོར། ཕར་ཕྱིན་གྱི་ཡིག་ཆ་ཞིག་མ་འགྱངས་པར་མྱུར་དུ་མཛད་དགོས་ཞེས། ཁོ་བོ་ཅག་སློབ་མ་རྣམས་ཀྱིས་རྟེན་འབྲེལ་མཚོན་བྱེད་ཙམ་དུ་ཟང་ཟིང་གི་འབུལ་བ་ཕྲན་བུ་དང༌། དགེ་འདུན་ཚོགས་པས་ཀྱང་མཎྜལ་ཕུལ་ཏེ་གསོལ་བ་འདེབས་པའི་གྲོགས་མཛད་དགོས་རྒྱུ་ཡིན་པས་དེ་རྣམས་བླ་མ་དགེ་འདུན་ཐམས་ཅད་ཀྱིས་ཐུགས་ལ་བཞག་ནས་གསོལ་བ་འདེབས་པར་ཞུ་ཞུ་ལགས།
༈ སླར་ཡང་ཐོ་ཆུང་ཟུར་དུ་ཕུལ་དོན། བདག་ཅག་རྣམས་ཞུ་ཕོད་ཆེ་ཙམ་བྱུང་ཡང་གལ་པོ་ཆེ་ལ་ནན་ཏན་དང༌། འབུམ་ལ་བརྒྱ་ཚར་གྱི་དཔེ་ལྟར་ཞུ་བ་ལ། བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་རྗེ་བཙུན་འཇམ་དཔལ་དབྱངས་དང་གཉིས་སུ་མེད་པ་མཁྱེན་རབ་ཀྱི་དབང་ཕྱུག་འདི་ཉིད་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ལ་སོགས་པ་མདོར་ན་སངས་རྒྱས་ཀྱིས་གསུངས་པའི་བཀའ་དང༌། རྒྱན་དྲུག་མཆོག་གཉིས་སོགས་ཀྱིས་མཛད་པའི་བསྟན་བཅོས་སོགས་རྒྱུད་དང་རྒྱ་གཞུང་སོགས་རྒྱ་བོད་ཀྱི་མཁས་པ་རྣམས་ཀྱི་གསུང་ལ་འདྲིས་ཞིང༌། ཤེས་བྱ་རིག་པའི་གནས་ལྔ་ལ་མཆོག་ཏུ་མཁས་པ་དང༌། གསུང་རབ་ཀུན་ལ་མི་འཇིགས་པའི་སྤོབས་པ་ཐོབ་ཅིང༌། བསྟན་བཅོས་རྩོམ་པའི་རྒྱུ་གསུམ་ཡང་ཚང་བས་ན། བསྟན་བཅོས་རྩོམ་པའི་དུས་ལ་བབས་ཤིང༌། དེ་ལྟ་བུའི་བླ་མ་དམ་པ་འདི་ཉིད་དབེན་པའི་རི་རྩེ་ལ་རྩེ་གཅིག་ཏུ་བསྒྲུབ་པ་མཛད་འཕྲོ་ལ་སྒོ་མང་གྲྭ་ཚང་གི་བླ་མར་ཕེབས་དགོས་ཞེས་གྲྭ་ཚང་གི་གྲྭ་བ་རྒན་གཞོན་ཐམས་ཅད་ཐུགས་འདོད་རྩེ་གཅིག་ཡིན་འདུག་པ་ལྟར་བླ་མར་འཁོད་པ་ཡིན་ལགས་ནའང༌། མཁས་པ་དང་བླ་མའི་བྱ་བ་ནི་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བསྟན་པ་ལ་ཕན་ཐོགས་པ་ཞིག་དགོས་ཤིང༌། དེ་གསུམ་གྱི་སྒོ་ནས་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པ་ཞིག་མ་བྱུང་ན། ཤིང་བཟང་པགས་པའི་འོག་ཏུ་རྒས་པ་ལྟར། གྲྭ་ཚང་གི་ཆོས་ཀྱི་ཁྲི་ལ་ཕེབས་པ་ཙམ་ལས་དོན་ཆེར་མེད་པས་ན། ཡིག་ཆ་དང་རྩིབ་བཞག་གི་སྐོར་ལ། ཕར་ཕྱིན་གསར་དུ་རྩོམ་དགོས་པར་གོང་གི་ཞུ་ཡིག་ཏུ་གསལ་བ་ལྟར་དང་དེ་ཡང་ངག་རྒྱུན་ལ་འབྲས་སྤུངས་བློ་གསལ་གླིང་དང༌། སེ་ར་བྱེས་པ་གཉིས་ལ་རང་གི་བླ་མས་མཛད་པའི་ཡིག་ཆ་ཚང་མ་ཡོད་ལ། གྲྭ་ཚང་གཞན་ལ་མེད་ཅེས་ཟེར་བ་ལྟར། སྒོ་མང་བླ་མས་མཛད་པའི་འདུལ་མཛོད་ཀྱི་ཡིག་ཆ་གཏན་ནས་མེད་པས་ན། དཔོན་སློབ་ཉིད་ཀྱིས་དབུ་མ་དང་རྣམ་འགྲེལ་ནི་མཛད་ཟིན་པ་དང་འདྲ་ལ། ད་ཆ་ཕར་ཕྱིན་དང་འདུལ་མཛོད་གཉིས་མཛད་ན་པོ་ཏི་ལྔ་ལ་ཆ་ཚང་བ་ཞིག་ཡོད་པ་འདུག་པས། ཕར་ཕྱིན་ནི་མ་འགྱངས་པར་འཕྲལ་དུ་མཛད་དགོས་ཤིང༌། འདུལ་མཛོད་གཉིས་ཀྱང་རིམ་ཀྱིས་མཛད་ཆོག་པའི་བཀའ་བཞེས་ད་ལམ་ཡོད་པ་དང༌། དེ་ཡང་བསྟན་བཅོས་བརྩམས་ཀྱང་འཕྲིན་ལས་དང་འགྲོ་དོན་མ་བྱུང་ན། ཡིག་ཆ་བརྩམ་པ་དོན་མེད་པར་འགྱུར་བས་ན། དཔོན་སློབ་རིན་པོ་ཆེ་ཉིད་ཀྱིས་ཁྲི་མཛད་པའི་རིང་ལ་དབུ་ཕར་གཉིས་ཀ་ཁྱེད་རང་གིས་མཛད་པ་དེ་ཁ་རྩིབ་བཞག་ལའང་བཀའ་དྲིན་སྐྱོང་བ་ཅིས་ཀྱང་ནས་མཁྱེན་མཁྱེན། དེ་ལྟར་ཞུ་བ་ལེ་ཚན་མང་དུ་གསོལ་བ་ལ་ཐུགས་ཀྱི་དགོངས་པ་མི་ཁྲེལ་ཞིང༌། བདག་ཅག་འདིར་ཚོགས་དང་བཅས་པ་རྣམས་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་ཐུག་གི་བར་དུ་རྗེས་སུ་བཟུང་དུ་གསོལ།
རྩོམ་སྒྲིག་པ། མང་ར་བ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn