ཆབ་ཤོག་སྙན་དངགས་སྐོར།
༄༅། །རྗེ་བཙུན་འཇམ་དབྱངས་བཞད་པའི་རྡོ་རྗེའི་གསུང་འབུམ་ཁྲིགས་ཆགས་སུ་བསྡེབས་པ་ལས་ཆབ་ཤོག་སྙན་དངགས་ཀྱི་སྐོར་བཞུགས་སོ། །
སྲིད་ཞིའི་དབྱིངས་ན་མཛེས་སྡུག་རྩེར་སོན་སྐུ། །སྙན་འཇེབས་དྲུག་ཅུའི་དབྱངས་ཀྱིས་ཁྱབ་པའི་གསུང༌། །ཇི་ལྟ་ཇི་སྙེད་འཆར་ཡང་སྤྲོས་བྲལ་ཐུགས། །ཡབ་གཅིག་འཇམ་དབྱངས་ཡབ་ཡུམ་མགྲིན་ཚོར་སྤྱོན། །སྤྱན་རས་གཟིགས་དབང་པད་དཀར་འཛིན་པའི་མགོན། །ངག་གི་དབང་ཕྱུག་བློ་བཟང་རྒྱལ་བའི་བསྟན། །སྤེལ་ཕྱིར་ངུར་སྨྲིག་གར་མཛད་ཞབས་དྲུང་དུ། །ཚོགས་གཉིས་ཆུ་གཏེར་ལེགས་སྨོན་རི་མོ་ཅན། །མཛད་བཟང་རྦ་རླབས་མཐོན་པོ་དགུང་སྔོན་ལ། །རེག་པའི་མཁྱེན་རབ་ནོར་བུས་རབ་གང་བར། །འཆད་པའི་པད་དཀར་འབུམ་ཕྲག་བཞད་པའི་དཔལ། །བཏུང་བས་རབ་ངོམས་བློ་ལྡན་རྐང་དྲུག་པའི། །གླུ་དབྱངས་དར་དིར་སྒྲོགས་པས་བྲེལ་ལམ་ཅི། །འདིར་ཡང་རྒས་པའི་དབང་གྱུར་མང་ཐོས་པའི། །དགེ་སློང་རྒན་པོས་ཐོས་བསམ་ཐེམ་སྐས་ལ། །ངལ་ཡང་མདོ་སྔགས་གཞུང་ལུགས་བདུད་རྩིའི་ཚོགས། །ལོངས་སྤྱོད་རྣམ་སད་བཞིན་དུ་ངལ་གསོ་བྱས། །གནས་ལྔའི་ཡང་རྩེ་མདོ་སྔགས་རྒྱ་མཚོ་ལས། །ཐོས་བསམ་སྒོམ་པའི་གྲུ་ཆེན་རབ་བསྐྱོད་དེ། །ཐམས་ཅད་མཁྱེན་དབང་དགེ་འདུན་གྲུབ་བཞིན་དུ། །མཁས་གྲུབ་ཡོངས་ཀྱི་འཁོར་ལོས་བསྒྱུར་བར་ཞུ། །འཆད་རྩོད་རྩོམ་པའི་ལེགས་བཤད་འོད་སྟོང་གིས། །གླིང་བཞིའི་མུན་བཅོམ་ཟབ་རྒྱས་ཀུན་གསལ་བའི། །ནམ་མཁའི་ནོར་བུ་མཐོང་བ་དོན་ལྡན་གྱི། །གྲགས་སྙན་རྒྱལ་མཚན་ལྷམ་མེར་མཛད་པར་ཞུ། །ཆོས་སྐུ་འོད་གསལ་དབྱིངས་ལས་མ་གཡོས་པར། །གང་སྣང་ལྷ་སྐུར་འཆར་བའི་རྣལ་འབྱོར་གྱིས། །ཐ་མལ་སྣང་ཞེན་སྒྲིབ་ཚོགས་ཀུན་བསལ་ཏེ། །འོག་མིན་ལྔ་ལྡན་མགོན་པོ་གཉིས་པ་མཛོད། །ཞི་བའི་བདུད་རྩིའི་ཆར་གྱིས་འགྲོ་རྣམས་ངོམས། །རྒྱས་པའི་ལྷུན་པོ་མཁས་གྲུབ་དབུས་ན་མཐོ། །དབང་གི་སྐལ་ལྡན་ཀུན་བསྡུས་སྨིན་བྱེད་ཅིང༌། །འཕྲིན་ལས་འགྲོ་བའི་བདེ་སྐྱིད་སྒོ་བརྒྱ་ཕྱེ། །གདུག་ཅིང་ཆོས་དང་མི་ལྡན་སྡིག་ཆེན་སྤྱོད། །སེམས་ཅན་ཡོངས་ལ་འཚེ་བའི་ཞིང་བཅུའི་དགྲ། །ནག་ཕྱོགས་བགེགས་རྣམས་མཐུ་སྟོབས་བསྐལ་བའི་མེས། །རབ་སྦྱངས་འོག་མིན་གནས་སུ་གཙྪ་ཏི། །འཇིག་རྟེན་ཕུང་བྱེད་དམུ་རྒོད་སྡེ་བརྒྱད་ཀྱིས། །བཏང་བའི་ནད་དང་བྱང་སོགས་མནན་བསྐྲད་དང༌། །བསྲུང་བཟློག་སྐལ་ལྡན་རྗེས་འཛིན་རྭ་ལོ་དང༌། །ཡབ་རྗེ་རྒྱལ་བ་གཉིས་པའི་ངང་ཚུལ་མཛོད། །ས་སྟེང་ཐུབ་བསྟན་སྐྱོང་བར་ཁྱོད་རེ་བས། །རྗེ་ཉིད་ཡབ་སྲས་རྒྱལ་བ་གོང་མ་ལྔ། །ཇི་བཞིན་ཞྭ་སེར་བསྟན་པའི་གདུགས་གཅིག་གི །སྐྱིད་པའི་གྲིབ་མར་འགྲོ་རྣམས་ངལ་གསོ་མཛོད། །ཅེས་པའི་ཞུ་ཡིག་ར་ཛ་ཧང་ས་ཡིས། །ལྷ་རྫས་དར་གྱི་འདབ་མ་བསྐྱོད་དེ་སོང༌། །
རྩོམ་སྒྲིག་པ། མང་ར་བ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn