ཉི་སྡིངས་པའི་ཆོས་རྗེ་དཔལ་ལྡན་འོད་ཟེར་ལ་བསྟོད་པ།།
ཨོཾ་སྭ་སྟི། རབ་འབྱམས་རྒྱལ་བའི་ཆོས་ཚུལ་ནམ་མཁའ་ལ། །དཔལ་ལྡན་བློ་གྲོས་དཀྱིལ་འཁོར་རབ་ཏུ་རྒྱས། །ཕུལ་བྱུང་འཕྲིན་ལས་འོད་ཟེར་སྟོང་འཕྲོ་བ། །ཐུབ་བསྟན་པདྨོའི་གཉེན་ལ་གསོལ་བ་འདེབས། །ངེས་འབྱུང་རྣམ་དག་འཆི་མེད་སྐྱེད་ཚལ་དུ། །འདུལ་བ་འབུམ་སྡེའི་འདབ་སྟོང་རབ་ཏུ་རྒྱས། །ཚུལ་ཁྲིམས་དྲི་བསུང་ཕྱོགས་ཀྱི་མཐར་འགྲོ་བ། །ཐར་འདོད་བུང་བའི་མགོན་ལ་གསོལ་བ་འདེབས། །མཁས་དང་གྲུབ་པའི་བླ་མ་མང་བསྟེན་ནས། །ཟབ་དང་རྒྱ་ཆེའི་གདམས་པ་བདུད་རྩིའི་ཆུས། །(༦༢བ)ཐུགས་ཀྱི་ཤེལ་བུམ་ལེགས་བཏམས་གདུལ་བྱ་ལ། །ལམ་བཟང་དགའ་སྟོན་འགྱེད་ལ་གསོལ་བ་འདེབས། །རྨད་བྱུང་བྱམས་དང་སྙིང་རྗེའི་གཞན་དབང་གིས། །རང་དོན་ཡལ་བར་དོར་ནས་གཞན་དབང་ཀུན། །སྒྲོལ་ལ་ནམ་ཡང་གཡེལ་བ་མི་མངའ་བའི། །སེམས་པ་ཆེན་པོ་ཁྱོད་ལ་གསོལ་བ་འདེབས། །རྒྱུད་སྡེ་རྒྱ་མཚོའི་གནད་དོན་ཐུགས་ཆུད་ནས། །བརྒྱ་ཕྲག་དཀྱིལ་འཁོར་རྣམས་སུ་ཉིན་རེ་བཞིན། །སྐལ་བཟང་གདུལ་བྱའི་ཚོགས་རྣམས་སྨིན་མཛད་པ། །རྡོ་རྗེ་སློབ་དཔོན་མཆོག་ལ་གསོལ་བ་འདེབས། །དེ་ལྟར་བསྟོད་པའི་དགེ་ཚོགས་ཇི་སྙེད་པ། །གཅིག་ཏུ་བསྡོམས་པའི་མཐུ་ལས་ལུས་ཅན་ཀུན། །མཚན་ཉིད་ཀུན་ལྡན་དགེ་བའི་བཤེས་གཉེན་གྱིས། །རྗེས་སུ་བཟུང་ནས་སངས་རྒྱས་མྱུར་ཐོབ་ཤོག །ཐུབ་བསྟན་གསལ་མཛད་ཡང་དག་དགེ་བའི་བཤེས། །སྐུ་ཚེ་རི་དབང་བཞིན་དུ་བརྟན་པ་དང་། །འཕྲིན་ལས་ཡར་ངོའི་ཟླ་ལྟར་རྒྱས་པ་ལས། །སྐྱེ་རྒུ་ཕན་བདེའི་དཔལ་ལ་སྤྱོད་པར་ཤོག །ཅེས་ཉི་སྡིངས་པའི་ཆོས་རྗེ་དཔལ་ལྡན་འོད་ཟེར་ལ་བསྟོད་པ་འདི་ནི་དེ་ཉིད་ཀྱི་ཞལ་སློབ་འགས་བསྐུལ་ནས་བཙུན་པ་དགེ་འདུན་རྒྱ་མཚོས་འོལ་ཁ་སྟག་རྩེར་སྨྲས་པའོ།། །།
རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn