མཁས་གྲུབ་ཆེན་པོ་མཁས་བཙུན་ཡོན་ཏན་རྒྱ་མཚོ་བསྟན་པའི་ཉི་མ་རྒྱལ་མཚན་དཔལ་བཟང་པོ་ལ་བསྟོད་པ།
བླ་མ་དང་འཇམ་པའི་དབྱངས་ལ་མཆོག་ཏུ་གུས་པས་ཕྱག་འཚལ་ལོ། །མཁས་བཙུན་ཀུན་གྱི་གཙུག་རྒྱན་ལུང་རྟོགས་ཀྱི། །ཡོན་ཏན་རྒྱ་མཚོ་མངོན་པར་བསྲུབས་པ་ལས། །བསྟན་པའི་ཉི་མ་གྲུབ་པའི་རྒྱལ་མཚན་ཅན། །དཔལ་ལྡན་ཡོངས་འཛིན་བཟང་པོར་གསོལ་བ་འདེབས། །སྡེ་སྣོད་གསུམ་ལ་མཁས་པའི་ཕ་རོལ་སོན། །བསླབ་པ་གསུམ་གྱིས་ཐུགས་ཀྱི་བུམ་བཟང་གཏམས། །སྡོམ་པ་གསུམ་ལ་ཉེས་ལྟུང་དྲི་མས་དབེན། །རིགས་ཅན་གསུམ་གྱི་མགོན་ལ་གསོལ་བ་འདེབས། །དངོས་གྲུབ་གཉིས་ཀྱི་རིན་ཅེན་གྱིས་གང་བའི། །རབ་འབྱམས་རྒྱུད་སྡེའི་རྒྱ་མཚོའི་ཆེན་པོ་ལ། །འདོད་དགུར་དབང་སྦྱར་ཁྱབ་བདག་རྡོ་རྗེ་འཆང་། །ངུར་སྨྲིག་གར་གྱིས་རོལ་ལ་གསོལ་བ་འདེབས། །རྣམ་མང་སྔགས་གཞུང་མ་ལུས་ཐུགས་ཆུད་ནས། །རྣམ་གྲོལ་དོན་གཉེར་སྐལ་བཟང་ཚོགས་རྣམས་ལ། །རྣམ་དག་རླབས་ཆེན་བཤད་པས་འདོམས་མཁས་པ། །རྣམ་གྲོལ་དེད་དཔོན་མཆོག་ལ་གསོལ་བ་འདེབས། །མཁྱེན་ཅན་ཡངས་པས་ཆོས་(༢༥བ)ཀུན་ཐུགས་སུ་ཆུད། །ཐུགས་རྗེའི་ཕྱག་གིས་འགྲོ་ཀུན་རྗེས་སུ་འཛིན། །མཚན་ཉིད་ཀུན་ལྡན་བཤེས་གཉེན་ཀུན་གྱི་གཙོ། །ཕན་བདེའི་འབྱུང་གནས་ཁྱོད་ལ་གསོལ་བ་འདེབས། །སྐྱེ་ཤི་བར་དོའི་འཁྲུལ་སྣང་ཇི་སྙེད་པ། །ཐབས་ལ་མཁས་པས་རྒྱལ་བའི་སྐུ་གསུམ་དུ། །མངོན་དུ་སྒྱུར་བྱེད་རིམ་གཉིས་བསྙེན་སྒྲུབ་བཞིའི། །རྟོགས་པ་ཕ་མཐར་སོན་ལ་གསོལ་བ་འདེབས། །རྣམ་དག་ཚུལ་ཁྲིམས་གསེར་གྱི་ནོར་འཛིན་མར། །ལེགས་འཁྱིལ་རྙོག་བྲལ་ཏིང་འཛིན་ཁྱོད་ཐུགས་མཚོར། །སྲས་བཅས་རྒྱལ་བའི་ཟླ་གཟུགས་མངོན་སུམ་ཤར། །གྲུབ་པའི་དབང་ཕྱུག་མཆོག་ལ་གསོལ་བ་འདེབས། །ལྷག་པའི་ལྷ་དང་བློ་བཟང་དགེ་བའི་བཤེས། །མངོན་སུམ་ཞལ་གཟིགས་གསུང་གི་སྣང་བ་ཐོབ། །མཐུ་ལྡན་སྲུང་མའི་ཚོགས་ཀྱིས་མགོན་ཁྱོད་ལ། །ཞལ་བསྟན་འཕྲིན་ལས་སྒྲུབ་ལ་གསོལ་བ་འདེབས། །མགོན་ཁྱོད་ཡོན་ཏན་མཁའ་ལྟར་མཐའ་ཡས་པ། །ཕྱོགས་ཙམ་ངག་གི་ཡུལ་ལས་འདས་ན་ཡང་། །ཆུ་ཐིགས་ཙམ་ཞིག་བརྗོད་པའི་རྣམ་དཀར་གྱིས། །འགྲོ་ཀུན་དམ་པའི་མགོན་དང་མི་འབྲལ་ཤོག །ཚེ་འདིའི་ཆོས་བརྒྱད་སྣང་བ་རྒྱང་བསྲིངས་ཤིང་། །འཁོར་བའི་བདེ་ལ་ནམ་ཡང་མ་ཞེན་པར། །བདག་པས་གཞན་གཅེས་བྱང་ཆུབ་སེམས་བསྐྱེད་དེ། །རིམ་གཉིས་ལམ་གྱིས་སྐུ་གསུམ་མྱུར་འགྲུབ་ཤོག །སྐྱོན་བྲལ་འགྲོ་ལ་ལམ་བཟང་མཚོན་པའི་མིག །བཤེས་གཉེན་གང་དེ་བསྟན་པའི་སྲོག་ལགས་ཏེ། །དེ་སླད་སྲིད་མཐའི་བར་དུ་ཞབས་བརྟན་ཅིང་། །ཟབ་རྒྱས་ཆོས་ཀྱི་འཁོར་ལོ་འབར་གྱུར་ཅིག །(༢༦ན)ཅེས་མཁས་གྲུབ་ཆེན་པོ་མཁས་བཙུན་ཡོན་ཏན་རྒྱ་མཚོ་བསྟན་པའི་ཉི་མ་རྒྱལ་མཚན་དཔལ་བཟང་པོ་ལ་བསྟོད་པའི་རབ་ཏུ་བྱེད་པ་འདི་ནི་བསྟན་པའི་སྦྱིན་བདག་ནང་སོ་རྒྱལ་བ་རབ་བརྟན་པའི་གསུང་གིས་བསྐུལ་ནས། ཆོས་སྨྲ་བའི་བཙུན་པ་དགེ་འདུན་རྒྱ་མཚོའི་དཔལ་གྱིས་ཐོན་བསམས་འགྲུབ་མཐོང་སྨོན་དུ་སྦྱར་བའོ།།
རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn