རྡོ་རྗེ་འཆང་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་རྣམ་པར་ཐར་བ།
རྒྱལ་བ་ཀུན་གྱི་མཁྱེན་བརྩེའི་གཞལ་མེད་(༢༣བ)ཁང་། །ལུང་རྟོགས་མངོན་དགའ་རིན་ཅེན་བ་གམ་རྩེར། །ཚུལ་བཞིན་སྒྲུབ་པའི་རྒྱལ་མཚན་མཐོན་པོ་ཅན། །དཔལ་ལྡན་འཕྲིན་ལས་བཟང་པོར་གུས་ཕྱག་འཚལ། །གྲུབ་པའི་ཕོ་བྲང་ཡོལ་དཀར་གནས་མཆོག་ཏུ། །རྣལ་འབྱོར་དབང་ཕྱུག་དོན་ཡོད་རྒྱལ་མཚན་དང་། །མཁའ་འགྲོའི་རྣམ་འཕྲུལ་སངས་རྒྱས་རྒྱལ་མོ་ཡི། །སྲས་སུ་བསམས་བཞིན་འཁྲུངས་ལ་གསོལ་བ་འདེབས། །འཁྲུངས་མ་ཐག་ཏུ་ཨཱ་ནན་ཆོས་རྗེ་ཡིས། །དམ་པ་ཀུན་དགའི་སྤྲུལ་པར་ལུང་བསྟན་ཅིང་། །ཀློག་ཡིག་ལ་སོགས་ཤེས་བྱའི་གནས་རྣམས་ཀུན། །མ་བསླབས་ཐུགས་སུ་ཆུད་ལ་གསོལ་བ་འདེབས། །བདེ་བ་ཅན་དུ་མཁན་སློབ་དམ་པ་ལས། །རབ་ཏུ་བྱུང་ནས་འདུལ་བའི་སྡེ་སྣོད་ནས། །ཇི་ལྟར་གསུངས་པའི་བསླབ་པའི་གནས་རྣམས་ལ། །སྲུང་སྡོམ་ཚུལ་བཞིན་མཛད་ལ་གསོལ་བ་འདེབས། །ཕྱོགས་ལས་རྣམ་རྒྱལ་ཤེས་རབ་སེང་གེ་དང་། །དགེ་འདུན་གྲུབ་སོགས་མཁས་གྲུབ་དུ་མ་ལས། །ཟབ་ཅིང་རྒྱ་ཆེའི་གདམས་ངག་ལེགས་གསན་ནས། །ཐོས་པ་ཕ་མཐར་ཕྱིན་ལ་གསོལ་བ་འདེབས། །དམ་པའི་སྐྱེས་བུ་དུ་མས་བྱིན་བརླབས་པ། །མཐོ་ཐོ་དཀར་པོ་ཨ་ལ་སྦུག་ལ་སོགས། །དབེན་པའི་གནས་མཆོག་དུ་མར་རྩེ་གཅིག་ཏུ། །སྒྲུབ་པ་སྙིང་པོར་མཛད་ལ་གསོལ་བ་འདེབས། །སྒྲུབ་པ་མཛད་ཚེ་ཨ་ཝ་དྷཱུ་ཏཱིའི་ནང་། །རྡོ་རྗེ་འཇིགས་བྱེད་མངོན་སུམ་གཟིགས་པ་དང་། །རོ་རྐྱང་རྒྱུ་བ་དྷཱུ་ཏཱིར་བཀག་པ་ལས། །འོད་གསལ་མངོན་དུ་གྱུར་ལ་གསོལ་བ་འདེབས། །གཉིད་ཀྱི་ངང་དུ་ལམ་གྱི་(༢༤ན)སྟོང་པ་བཞི། །ཇི་བཞིན་མངོན་དུ་གྱུར་ཚེ་མནལ་ལམ་དུ། །སྤྲུལ་སྒྱུར་སྣ་ཚོགས་མཛད་ལ་མངའ་བརྙེས་ཤིང་། །རྟོགས་པ་མཐར་ཕྱིན་ཁྱོད་ལ་གསོལ་བ་འདེབས། །རྡོ་རྗེ་གདན་སོགས་གནས་མཆོག་དུ་མ་རུ། །སྐལ་ལྡན་གྲངས་མེད་གདུལ་བྱའི་ཚོགས་རྣམས་ལ། །ཟབ་མོའི་དབང་དང་གདམས་པ་ཇི་སྙེད་པ། །མ་སྦས་ལྷུག་པར་སྩོལ་ལ་གསོལ་བ་འདེབས། །སྙིགས་དུས་མཐའ་ཡས་སྐྱེ་བོའི་ཚོགས་རྣམས་ལ། །ཡིད་བཞིན་ནོར་དང་དཔག་བསམ་ཤིང་བཞིན་དུ། །ཡིད་ལ་ཅི་འདོད་དངོས་གྲུབ་རྣམ་གཉིས་ཆར། །འདོད་དགུར་འབེབས་མཛད་ཁྱོད་ལ་གསོལ་བ་འདེབས། །ཡེ་ཤེས་ཁྱུང་ཁྲ་པདྨ་དབང་ཆེན་སོགས། །རང་ལུས་ལྷ་སྐུར་གསལ་བའི་ཏིང་འཛིན་གྱིས། །སྟེང་གདོན་འོག་གདོན་བར་གདོན་མ་ལུས་པའི། །གཡུལ་ལས་རྣམ་པར་རྒྱལ་ལ་གསོལ་བ་འདེབས། །གྲུབ་པའི་དབང་ཕྱུག་ཁྱུང་པོ་རྣལ་འབྱོར་སོགས། །མཁས་གྲུབ་དུ་མས་དངོས་སུ་བྱིན་བརླབས་ཤིང་། །བཀའ་བརྒྱུད་བསྟན་པའི་བདག་པོར་དབང་བསྐུར་བ། །མ་ལུས་སྐྱེ་རྒུའི་གཉེན་ལ་གསོལ་བ་འདེབས། །བཅོམ་ལྡན་འདས་འཁོར་དགྱེས་པ་རྡོ་རྗེ་དང་། །འཇམ་དབྱངས་ཞི་ཁྲོ་འཁོར་ལོ་བདེ་མཆོག་སོགས། །ཡི་དམ་ལྷ་ཚོགས་དུ་མ་མངོན་སུམ་དུ། །ཞལ་གཟིགས་གྲུབ་པ་བརྙེས་ལ་གསོལ་བ་འདེབས། །ཡེ་ཤེས་མགོན་པོ་དཔལ་ལྡན་རེ་མ་ཏི། །ཆོས་སྐྱོང་ལྕམ་སྲིང་ལ་སོགས་སྲུང་མའི་ཚོགས། ཁྱོད་ཀྱི་བཀའ་དང་དམ་ལས་མི་འདའ་བར། །ཚུལ་བཞིན་འཕྲིན་ལས་སྒྲུབ་(༢༤བ)ལ་གསོལ་བ་འདེབས། །སྐྱེ་བོ་མང་པོའི་ཁམས་དང་བསམ་པ་དང་། །ཚེ་ཡི་ཚད་དང་འཆི་འཕོ་སྐྱེ་བ་སོགས། །མ་བསྒྲིབས་གསལ་བར་གཟིགས་ནས་སྟོན་མཛད་པའི། །མངོན་ཤེས་ཐོགས་མེད་མངའ་ལ་གསོལ་བ་འདེབས། །འཇམ་པའི་དབྱངས་ལྟར་མཁྱེན་རབ་དཔག་དཀའ་ཞིང་། །སྤྱན་རས་གཟིགས་ལྟར་ཐུགས་རྗེས་ཀུན་ལ་སྙོམས། །བདུད་དཔུང་ཚར་གཅོད་གསང་བའི་བདག་པོ་ལྟར། །མཐུ་སྟོབས་རྨད་དུ་བྱུང་ལ་གསོལ་བ་འདེབས། །སྐལ་བཟང་སྙིང་ལ་ངོ་མཚར་སྐྱེད་པ་དང་། །དད་ལྡན་གདུལ་བྱའི་རེ་བ་སྐོང་བ་དང་། །ལོག་པར་འཁུ་བ་ཚར་གཅོད་གྲུབ་རྟགས་ཀྱི། །ཆོ་འཕྲུལ་བསམ་མི་ཁྱབ་ལ་གསོལ་བ་འདེབས། །ཞིང་འདིའི་གདུལ་བྱ་ཀུན་གྱི་དོན་མཛད་ནས། །དག་པའི་ཞིང་དུ་གཤེགས་པར་དགོངས་པའི་ཚེ། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་ཀྱི། །སྤྱན་འདྲེན་མངོན་དུ་གྱུར་ལ་གསོལ་བ་འདེབས། །རྒྱལ་བའི་ཡུམ་མཆོག་དམག་ཟོར་རྒྱལ་མོ་དང་། །འཇམ་པའི་དབྱངས་ཀྱི་ཞིང་དུ་མགོན་པོ་ཁྱོད། །མངོན་པར་འཚང་རྒྱའི་མཛད་པ་བསྟན་པ་སོགས། །ངོ་མཚར་བསམ་མི་ཁྱབ་ལ་གསོལ་བ་འདེབས། །དེ་ནས་ཆོ་འཕྲུལ་ཆེན་པོའི་དུས་ཆེན་ལ། །བདེ་ཆེན་འོད་གསལ་མངོན་དུ་གྱུར་པའི་མཐར། །སྒྱུ་འཕྲུལ་དྲ་བའི་སྐུ་རུ་ལེགས་བཞེངས་ནས། །སྐུ་གསུམ་མངོན་སུམ་མཛད་ལ་གསོལ་བ་འདེབས། །སྐལ་ལྡན་གདུལ་བྱའི་དད་པ་སྤེལ་སླད་དུ། །འཇའ་ཚོན་གུར་ཕུབ་མེ་ཏོག་ཆར་ཆེན་ཕབ། །སྐུ་གདུང་ལྷ་སྐུ་རིང་བསྲེལ་ཕུང་པོར་གྱུར། །གཞན་དོན་རྒྱུན་(༢༥ན)མི་འཆད་ལ་གསོལ་བ་འདེབས། །རྡོ་རྗེ་འཆང་དངོས་རྗེ་བཙུན་བླ་མ་ཡི། །རྣམ་ཐར་ཚུལ་ལ་ཅུང་ཟད་བསྟོད་པའི་མཐུས། །འགྲོ་བ་ཀུན་ཀྱང་ཐེག་མཆོག་བཤེས་གཉེན་གྱིས། །དགྱེས་བཞིན་རྗེས་སུ་འཛིན་པར་བྱིན་གྱིས་རློབས། །ཅེས་རྡོ་རྗེ་འཆང་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་ལ་གསོལ་བ་འདེབས་པ་འདི་ཡང་བཙུན་པ་དགེ་འདུན་རྒྱ་མཚོའི་དཔལ་གྱིས་རྟ་ནག་རྡོ་རྗེ་གདན་དུ་སྦྱར་བའོ།། །།
རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn