པཎྚི་ཏ་ཆེན་པོ་འཇམ་དབྱངས་དགའ་བའི་བློ་གྲོས་ཀྱི་ཞལ་སྔ་ནས་ལ་བསྟོད་པ་མཁས་པའི་མགུལ་རྒྱན་ཞེས་བྱ་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-28 16:10:53     རྩོམ་པ་པོ།   རྗེ་དགེ་འདུན་རྒྱ་མཚོ།     ཀློག་ཐེངས།  

微信图片_20170828160426.jpg

དཔལ་ལྡན་མཁས་པ་མ་ལུས་པའི་ཅོད་པན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་པཎྚི་ཏ་ཆེན་པོ་འཇམ་དབྱངས་དགའ་བའི་བློ་གྲོས་ཀྱི་ཞལ་སྔ་ནས་ལ་བསྟོད་པ་མཁས་པའི་མགུལ་རྒྱན་ཞེས་བྱ་བ། རྗེ་བཙུན་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །རྣམ་དཀར་ལེགས་བཤད་སྟོང་གི་བྱེད་པོ་ཡིས། །བསྐྲུན་པའི་མཁྱེན་རབ་ཡིད་བཞིན་གཞལ་མེད་ཁང་། །མི་ཟད་ལུང་རྟོགས་འབྱོར་པའི་དཔལ་གྱིས་མཐོ། །འགྲོ་བློའི་རྒུད་པ་ཀུན་སེལ་ཁྱོད་ཕྱག་འཚལ། །འཇམ་དབྱངས་ཐུགས་ཀྱི་མཁའ་དབྱིངས་དག་པ་ལས། །གསུང་རབ་འདབ་བརྒྱའི་དགའ་ཚལ་བཞད་པའི་སླད། །སྨྲ་བའི་ཉི་མ་བློ་གྲོས་འོད་སྟོང་ཅན། །འཛམ་གླིང་མཁས་པའི་དབང་པོ་ཁྱོད་ལ་འདུད། །ཆུ་གཏེར་ལྟ་བུར་མཁྱེན་པའི་གཏིང་ཟབ་ཅིང་། །ནམ་མཁའི་ཁྱོན་ལྟར་ཐུགས་རྗེ་ཀུན་ལ་སྙོམས། །ལྷ་ཡི་རྔ་ལྟར་སྙན་གྲགས་ཆེར་དཀར་བ། །ཐམས་ཅད་མཁྱེན་(༢༣ན)པའི་ཞབས་ལ་ཕྱག་འཚལ་ལོ། ཁྱོད་ཀྱི་བློ་གྲོས་གོམ་པ་གཅིག་གིས་ནི། །གསུང་རབ་ས་ཆེན་མ་ལུས་འགོངས་གྱུར་པ། །དེ་ཚེ་སྐྱེངས་ལྡན་འཇམ་དབྱངས་གཞོན་ནུ་ཡང་། །དམིགས་མེད་ཆོས་སྐུའི་ངང་དུ་བྲོས་སམ་སྙམ། །རྒྱ་ཆེན་ཆོས་ཀྱི་ཁྲི་ལ་རབ་འཛེགས་ནས། །མདོ་རྒྱུད་མགྲིན་པའི་དབྱངས་སྙན་སྒྲོག་པ་ལ། །དིང་སང་འདི་ན་འགྲན་པའི་ཟླ་དང་བྲལ། །མཁས་པ་ཀུན་གྱི་གཙུག་རྒྱན་ཁྱོད་ལ་འདུད། །གསུང་རབ་ཀུན་ལ་ཐོས་བསམ་ཕ་མཐར་ཕྱིན། །དེ་དོན་ཉམས་ལེན་གནད་རྣམས་ཆེས་མཁས་པས། །ཀུན་མཁྱེན་ཐུབ་པའི་གཤེགས་ཤུལ་ཉམས་དགའ་བར། །འགྲོ་ཀུན་འདྲེན་མཛད་ཁྱོད་ལ་ཕྱག་འཚལ་ལོ། །དེ་ལྟར་བསྟོད་པའི་དགེ་བས་འགྲོ་བ་ཀུན། །ཐེག་མཆོག་བཤེས་གཉེན་ཕྱག་གིས་འཛིན་པ་དང་། །ཐེག་ཆེན་རིགས་སད་བྱང་ཆུབ་སེམས་བསྐྱེད་ནས། །གདམས་དང་རྗེས་སུ་བསྟན་པ་འཚོལ་བར་ཤོག །དེ་དོན་སྒྲུབ་པ་བཞི་ཡིས་ཉམས་བླངས་པས། །མཁྱེན་པ་གསུམ་གྱི་སྤངས་རྟོགས་མཐར་ཕྱིན་ནས། །འབྲས་བུ་མཐར་ཐུག་ཆོས་སྐུའི་སྐྱེད་ཚལ་དུ། །རྣམ་དཀར་འཕྲིན་ལས་རྩེ་དགས་རོལ་གྱུར་ཅིག །ཅེས་ཡུལ་དབུས་ཀྱི་པཎྚི་ཏ་ཆེན་པོ་འཇམ་དབྱངས་དགའ་བའི་བློ་གྲོས་ལ་བསྟོད་པ་འདི་ནི་བཤེས་གཉེན་བསམ་གྲུབ་རྡོ་རྗེས་བསྐུལ་བའི་ངོར་བཙུན་པ་དགེ་འདུན་རྒྱ་མཚོ་དཔལ་བཟང་པོས་ཆོས་གྲྭ་ཆེན་པོ་རྩེས་ཐང་དུ་སྦྱར་བའོ།། །།

                                          རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།
     གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
    དྲ་བའི་སྦྲེལ་ཐགhttp://www.tb1025.cn
   

བརྒྱུད་འགོད།