དཔལ་ལྡན་བླ་མ་དམ་པ་ལ་བསྟོད་པ་མུ་ཏིག་གི་ཕྲེང་བ་ཞེས་བྱ་བ།
དཔལ་
ལྡན་བླ་མ་དམ་པ་ལ་བསྟོད་པ་མུ་ཏིག་གི་ཕྲེང་བ་ཞེས་བྱ་བ། མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཟབ་ཡངས་གསུང་རབ་ནམ་མཁའ་ཡངས་པ་ལ། །རྨད་བྱུང་མཁྱེན་པའི་དཀྱིལ་འཁོར་རབ་ཏུ་རྒྱས། །འཕྲིན་ལས་བཟང་པོའི་འོད་དཀར་དྲ་བ་ཅན། །དཔལ་ལྡན་བླ་མ་རབ་གསལ་ཟླ་བ་རྒྱལ། །འཇམ་དབྱངས་ཐུགས་ཀྱི་མཁའ་དབྱིངས་ངོས་ལས་འོངས། །གསུང་རབ་པདྨོའི་དགའ་ཚལ་བཞད་པའི་དཔལ། །སྨྲ་བའི་ཉི་མ་བློ་གྲོས་འོད་སྟོང་ཅན། །འཛམ་གླིང་མཁས་པའི་དབང་པོ་རྒྱལ་གྱུར་ཅིག །ཚེ་རབས་ཀུན་ཏུ་རིག་པའི་གནས་ཀུན་ལ། །ལེགས་པར་སྦྱངས་པས་ཤེས་བྱའི་དཀྱིལ་འཁོར་ཀུན། །ཇི་བཞིན་གཟིགས་པའི་མཁྱེན་པའི་སྤྱན་ལྡན་པ། །འཇམ་དབྱངས་གཉིས་པ་ཁྱོད་ལ་གུས་ཕྱག་འཚལ། །འདུལ་བ་འབུམ་སྡེའི་ཚིག་དོན་ཀུན་རྟོགས་ནས། །རྣམ་དག་བསླབ་པའི་(༢༡བ)གནས་ལས་མི་འདའ་བས། །འདུལ་བ་འཛིན་པ་ཀུན་གྱི་ཅོད་པན་ལ། །ངལ་གསོ་བགྱིད་པ་ཁྱོད་ལས་གཞན་ན་གང་། །ཟབ་དང་རྒྱ་ཆ་ཆོས་མངོན་ཡིད་བཞིན་མཚོར། །རྣམ་དཔྱོད་གྲུ་ཆེན་ཐོགས་པ་མེད་འཇུག་པས། །དགོངས་དོན་དབང་གི་རྒྱལ་པོ་ལེན་པ་ལ། །དིང་སང་འདི་ན་ཁྱོད་ལས་ལྷག་པ་སུ། །དངོས་བསྟན་སྟོང་ཉིད་ཕྲ་མོའི་དབྱིངས་ཆེན་པོར། །སྦས་དོན་མངོན་རྟོགས་ཉི་ཟླའི་མདངས་གསལ་བ། །ཕ་རོལ་ཕྱིན་པའི་གསུང་རབ་ནམ་མཁའི་མཐའ། །མཁས་མཆོག་མཁའ་ལྡིང་དབང་པོ་ཁྱེད་ཀྱིས་རྙེད། །མདོ་དང་སྡེ་བདུན་དགོངས་འགྲེལ་འགྲེལ་བཤད་ཀྱི། །དམར་སེར་རལ་པ་འཐུག་པོའི་ཁུར་འཆང་ཞིང་། །དངོས་སྟོབས་རིགས་པའི་གད་རྒྱངས་སྒྲོག་པ་ལ། །ཟླ་མེད་སྨྲ་བའི་སེང་གེ་ཁྱོད་ལ་འདུད། །རྟག་དང་ཆད་པའི་མཐའ་གཉིས་ལས་གྲོལ་བའི། །ཐབས་ཤེས་ཟུང་དུ་འབྲེལ་བ་དབུ་མའི་ལམ། །ཇི་བཞིན་འགྲེལ་ལ་འཕགས་མཆོག་ཀླུ་སྒྲུབ་དང་། །དབྱེར་མེད་ས་སྟེང་འགྲན་ཟླ་བྲལ་ལ་འདུད། །རྒྱུད་སྡེ་རྣམ་བཞིའི་བང་རིམ་མཐོ་ལྡན་ཞིང་། །རིམ་གཉིས་རྣལ་འབྱོར་ཉི་ཟླའི་སྐ་རགས་ཅན། །རིག་འཛིན་གསེར་རིའི་དབུས་ན་མངོན་མཐོ་བ། ཁྱོད་མིན་ལྷུན་པོའི་དབང་པོ་གཞན་ན་གང་། །སྒྲ་དང་སྙན་དངགས་བཟོ་ཡི་རིག་བྱེད་སོགས། །ཤིན་ཏུ་རྒྱ་ཆེའི་ཐུན་མོང་རིག་གནས་ཀུན། །དིང་སང་ཁྱོད་ཀྱི་མཁྱེན་པའི་སྤྱོད་ཡུལ་ཏེ། །མཁས་རློམ་གཞན་གྱིས་དཔག་པར་ནུས་མ་ལགས། །བྱང་ཕྱོགས་ཁ་བ་འཛིན་པའི་ནོར་འཛིན་གཞིར། །ཟབ་ཡངས་ཆོས་ཀྱི་སྒྲ་ཆེན་སྒྲོག་པ་ལ། །བློ་བཟང་དགེ་བའི་བཤེས་དང་མགོན་པོ་(༢༢ན)ཁྱོད། །ཀུན་ལས་ཁྱད་པར་འཕགས་པར་བདག་གིས་ཁུམས། །གཞུང་ལུགས་བྱེ་བའི་ཆུ་ཡི་སྙིང་པོ་ཅན། །མཁྱེན་བརྩེའི་ཆུ་འཛིན་ཤེས་བྱའི་ཐ་གྲུ་འཇལ། །དགག་སྒྲུབ་ནམ་མཁའི་དྲིལ་ཆེན་སྒྲོག་མཁས་པས། །གྲངས་མེད་ལེགས་བཤད་ཆར་ཆེན་འབེབས་ལ་འདུད། །བཤད་པའི་ཉི་འོད་གདུལ་བྱའི་བློ་མུན་སེལ། །རྩོད་པའི་གནམ་ལྕགས་ཕས་རྒོལ་བྲག་རི་འཇོམས། །རྩོམ་པའི་ལེགས་བཤད་བློ་གསལ་མགྲིན་པའི་རྒྱན། །ཡོངས་རྫོགས་བསྟན་པའི་བདག་པོ་ཁྱེད་ལ་འདུད། །མཁྱེན་པས་ཤེས་བྱ་ཀུན་ལ་དབང་སྒྱུར་ཞིང་། །བརྩེ་བས་འགྲོ་བ་ཀུན་ལ་བུ་བཞིན་དགོངས། །མཛད་པས་ཐུབ་བསྟན་ཕྱོགས་བཅུར་རྒྱས་པར་མཛད། །ཕྱོགས་ལས་རྣམ་པར་རྒྱལ་བ་ཁྱོད་ལ་འདུད། །བློ་བཟང་རྒྱལ་བའི་བཤེས་དང་འཇམ་པའི་དབྱངས། །མི་ཕམ་མགོན་པོས་མངོན་སུམ་བྱིན་གྱིས་བརླབས། །ས་གསུམ་འགྲན་ཟླ་བྲལ་བ་ཆོས་ཀྱི་རྗེ། །མཚུངས་མེད་བླ་མ་མཆོག་ལ་གུས་ཕྱག་འཚལ། །དེ་ལྟར་བསྟོད་ལས་རྣམ་དཀར་ཕུང་པོའི་ཚོགས། །མཁའ་དང་མཉམ་པ་བདག་གིས་གང་བསགས་པ། །དེས་ནི་འདི་ཕྱིའི་ལེགས་ཆོགས་ཀུན་གྱི་གཞི། །བཤེས་གཉེན་དམ་པས་རྗེས་སུ་འཛིན་གྱུར་ཅིག །ཚེ་རབས་ཀུན་དུ་ཁྱོད་ཉིད་བཀའ་དྲིན་ལས། །བསྟན་དང་འགྲོ་བའི་དོན་གྱིས་མི་ངལ་ཞིང་། །རྒྱལ་བའི་དམ་ཆོས་མ་ལུས་འཛིན་པ་ལ། །རྒྱལ་སྲས་འཇམ་པའི་དབྱངས་དང་མཚུངས་པར་ཤོག ཁྱོད་སྐུའི་རི་དབང་ནག་ཕྱོགས་(༢༢བ)རླུང་ཤུགས་ཀྱིས། །སྲིད་མཐའི་བར་དུ་ཅུང་ཟད་མི་གཡོ་ཞིང་། །ངོ་མཚར་ལེགས་བཤད་འདོད་དགུའི་ཆར་འབེབས་པས། །བདག་སོགས་མཁའ་ཁྱབ་གདུལ་བྱའི་དཔལ་གྱུར་ཅིག །ཅེས་དཔལ་ལྡན་མཁས་པ་མ་ལུས་པའི་གཙུག་རྒྱན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་པཎྜི་ཏ་ཆེན་པོ་འཇམ་དབྱངས་དགའ་བའི་བློ་གྲོས་ཀྱི་ཞལ་སྔ་ནས་ལ་བསྟོད་པའི་རབ་ཏུ་བྱེད་པ་མུ་ཏིག་གི་ཕྲེང་བ་ཞེས་བྱ་བ་འདི་ནི་རྗེ་ཉིད་ཀྱི་ཞབས་རྡུལ་སྤྱི་བོར་ལེན་པ་དགེ་འདུན་རྒྱ་མཚོ་དཔལ་བཟང་པོས་དཔལ་ལྡན་འབྲས་སྤུངས་ཀྱི་ཆོས་སྡེར་བགྱིས་པའོ།། །།
རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn
