མཁས་གྲུབ་ནོར་བཟང་རྒྱ་མཚོའི་རྣམ་ཐར་གྱི་སྒོ་ནས་གསོལ་བ་འདེབས་པ་དངོས་གྲུབ་གཉིས་ཀྱི་བང་མཛོད་ཅེས་བྱ་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-28 14:15:24     རྩོམ་པ་པོ།   རྗེ་དགེ་འདུན་རྒྱ་མཚོ།     ཀློག་ཐེངས།  

དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་བརྩེ་གཅིག་ཏུ་བསྡུས་པའི་ངོ་བོ།དཔལ་ལྡན་བླ་མ་དམ་པ་མཁས་གྲུབ་ནོར་བཟང་རྒྱ་མཚོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་རྒྱ་མཚོ་ལྟ་བུ་ལས་ཆ་ཤས་ཙམ་གྱི་སྒོ་ནས་གསོལ་བ་འདེབས་པ་དངོས་གྲུབ་གཉིས་ཀྱི་བང་མཛོད་ཅེས་བྱ་བ།

རྗེ་བཙུན་གྲུབ་པའི་དབང་ཕྱུག་དེ་ཉིད་ཀྱི་ཞབས་ཀྱི་པདྨོར་དུས་ཐམས་ཅད་དུ་གུས་པས་ཕྱག་འཚལ་ལོ། །རབ་འབྱམས་ཕྱོགས་བཅུའི་ཇི་སྙེད་རྒྱལ་རྣམས་ཀྱི། །རྨད་བྱུང་མཁྱེན་བརྩེ་ནུས་པ་མ་ལུས་པ། །ཐེག་མཆོག་བཤེས་གཉེན་གཟུགས་ཀྱིས་རྣམ་རོལ་བ། །ཟླ་མེད་དམ་པའི་མགོན་ལ་གསོལ་བ་འདེབས། །ལེགས་བཤད་འདོད་དགུའི་འབྱུང་གནས་ཡིད་བཞིན་ནོར། །སྐལ་བཟང་གདུལ་བྱའི་རེ་སྐོང་དཔག་བསམ་ཤིང་། །ལུང་རིགས་རླབས་འཕྲེང་གཡོ་བའི་རྒྱ་མཚོ་ཆེ། །མཁས་གྲུབ་བླ་མ་མཆོག་ལ་གསོལ་བ་འདེབས། །སྔོན་བསྔགས་རྣམ་དཀར་ལེགས་སྤྱད་ཟླ་མེད་པས། །མཁས་དང་གྲུབ་པའི་འབྱུང་གནས་རྟ་ནག་ཅེས། །གྲགས་པའི་བ་དན་དཀར་བར་བསམས་བཞིན་དུ། །མཐོན་པོའི་རིགས་སུ་འཁྲུངས་ལ་གསོལ་བ་འདེབས། །གང་སྐུའི་(༡༨བ)ཟླ་ཤེལ་ཡུམ་གྱི་མཁའ་དབྱིངས་ལས། །ཤར་མ་ཐག་ཏུ་དད་དང་བློ་གྲོས་སོགས། །དཔག་དཀའ་ཡོན་ཏན་བདུད་རྩིའི་འོད་དཀར་གྱིས། །འཛིན་མའི་ཁྱོན་ཀུན་འགེངས་ལ་གསོལ་བ་འདེབས། །འབྱོར་པའི་ཚོགས་ཀྱིས་ཡོངས་གང་ཁྱིམ་གྱི་དཔལ། །སྦྲུལ་གདུག་ཆགས་པའི་ཚང་ཚིང་ལྟར་དགོངས་ནས། །ངུར་སྨྲིག་རྒྱལ་མཚན་བཞེས་ཚེ་ཤཱཀྱའི་སྲས། །ཀུན་གི་གཙོ་བོར་གྱུར་ལ་གསོལ་བ་འདེབས། །མཁས་དང་གྲུབ་པའི་བླ་མ་མང་བསྟེན་ནས། །སྡེ་སྣོད་གསུམ་དང་རྒྱུད་སྡེ་རྣམ་བཞི་སོགས། །རྒྱལ་བའི་བཀའ་དང་དགོངས་འགྲེལ་མ་ལུས་ལ། །སྦྱངས་པ་མཐར་ཕྱིན་མཛད་ལ་གསོལ་བ་འདེབས། །ཟབ་ཅིང་རྒྱ་ཆེའི་གསུང་རབ་མ་ལུས་ལ། །རྨད་བྱུང་སྙིང་སྟོབས་ཤུགས་དྲག་བརྩོན་འགྲུས་དང་། །རྒྱ་ཆེར་གཏིང་དཔག་དཀའ་བའི་བློ་གྲོས་ཀྱིས། །ཟླ་མེད་མཁས་པར་གྱུར་ལ་གསོལ་བ་འདེབས། །འཛམ་གླིང་རྒྱན་གྱུར་འཕགས་ཡུལ་མཁས་རྣམས་ཀྱི། །གཞུང་ལུགས་ཀུན་ལ་ཟླ་དང་བྲལ་གྱུར་པས། །མཁས་པའི་མདུན་སར་འཇིགས་མེད་སེང་གེའི་སྒྲ། །ལན་ཅིག་མིན་པར་བསྒྲགས་ལ་གསོལ་བ་འདེབས། །ལེགས་སྦྱར་སྒྲ་དང་མངོན་རྗོད་སྙན་དངགས་དང་། །སྡེབ་སྦྱོར་ལ་སོགས་རིག་གནས་རྒྱ་མཚོ་ཆེའི། །མཐར་སོན་ཚོགས་ཀྱི་ནང་ན་སྨྲ་བ་ཡི། ཁྱུ་མཆོག་རླབས་ཆེན་གྱུར་ལ་གསོལ་བ་འདེབས། ཁྱད་པར་དཔལ་ལྡན་དང་པོའི་སངས་རྒྱས་ཀྱི། །རྒྱུད་དོན་འགྲེལ་ལ་རིགས་ལྡན་གྲགས་པ་དང་། །དབྱེར་མེད་སྲིད་པ་གསུམ་ན་ཟླ་བྲལ་བ། །མཚུངས་མེད་དམ་པའི་མགོན་ལ་གསོལ་བ་འདེབས། །དཔལ་ལྡན་འདུས་(༡༩ན)པའི་རྩ་བཤད་རྒྱུད་ཀུན་དང་། །ཟབ་མོ་མཐའ་བྲལ་དབུ་མ་ཆེན་པོའི་ལམ། །ཇི་བཞིན་འབྱེད་ལ་འཕགས་པ་ཡབ་སྲས་དང་། །དབྱེར་མེད་བླ་མ་མཆོག་ལ་གསོལ་བ་འདེབས། །དེ་ལྟར་ཐོས་བསམ་རྒྱ་མཚོའི་མཐར་སོན་ནས། །ཆོས་བརྒྱད་སྤྲོས་པའི་རོལ་རྩེད་རྒྱང་བསྲིངས་ཏེ། །རྩེ་གཅིག་སྒྲུབ་པའི་རྒྱལ་མཚན་འཛིན་པ་ལ། །ས་སྟེང་འགྲན་ཟླ་བྲལ་ལ་གསོལ་བ་འདེབས། །སྐྱོན་བྲལ་ཚུལ་ཁྲིམས་རྣམ་དག་གསེར་གྱི་གཞིར། །ཞི་ལྷག་ཟུང་དུ་འབྲེལ་བའི་ཡིད་བཞིན་མཚོར། །སྤངས་རྟོགས་བང་རིམ་མངོན་པར་མཐོ་བ་ཅན། །གྲུབ་མཆོག་ལྷུན་པོའི་དབང་པོར་གསོལ་བ་འདེབས། །སྡུག་བསྔལ་གསུམ་གྱིས་ཉམ་ཐག་སྲིད་པའི་གནས། །དམྱལ་མེ་བཟོད་དཀའི་འཁྲུལ་འཁོར་ལྟར་གཟིགས་ནས། །སྡོམ་པ་གསུམ་གྱིས་བཅས་མཚམས་མཐའ་དག་ལ། །ཉེས་པའི་དྲི་མ་སྤངས་ལ་གསོལ་བ་འདེབས། །མཐའ་མེད་འཁོར་བའི་ཀློང་ཟབ་འཇིགས་རུང་བར། །ཆུད་པའི་འགྲོ་རྣམས་བདག་ཉིད་གཅིག་པུ་ཡིས། །རིངས་པར་བྱང་ཆུབ་མཆོག་ལ་དགོད་བྱ་ཞེས། །དམ་བཅའི་ཁུར་ཆེན་བཞེས་ལ་གསོལ་བ་འདེབས། །ཕྱིན་དྲུག་སྤྱོད་པའི་གྲུ་ཆེན་མ་བཟུང་བར། །ཚོགས་གཉིས་རྒྱ་མཚོ་བརྒལ་བར་མི་ནུས་ཞེས། །རྒྱལ་སྲས་ཀུན་གྱི་རླབས་ཆེན་སྤྱོད་པའི་ཁུར། །འཛིན་མཛད་དཔའ་བོ་མཆོག་ལ་གསོལ་བ་འདེབས། །ཕྱི་ནང་ཆོས་ཀུན་རྟོག་བཏགས་འབའ་ཞིག་ལས། །ཡུལ་གྱི་སྟེང་ནས་གྲུབ་པ་རྡུལ་ཙམ་མེད། །མེད་པའི་མཐའ་བྲལ་ཟབ་མོའི་གནས་ལུགས་ལས། །རྟག་ཏུ་གཡོ་བ་(༡༩བ)མེད་ལ་གསོལ་བ་འདེབས། །ཚེ་གཅིག་ཉིད་ལ་སྐུ་གསུམ་གོ་འཕང་དུ། །འཛེག་པའི་ཐབས་ནི་གཉིས་པ་གཞན་མེད་པར། །དགོངས་ནས་རིམ་གཉིས་ཟབ་མོའི་ཉམས་ལེན་ལ། །ནམ་ཡང་གཡེལ་བ་མེད་ལ་གསོལ་བ་འདེབས། །མ་དག་སྐྱེ་ཤི་བར་དོའི་སྣང་ཞེན་ནི། །ཐབས་མཁས་མཆོག་གིས་རྒྱལ་བའི་སྐུ་གསུམ་དུ། །ཡིད་ངོར་སྒྱུར་བྱེད་རིམ་པ་དང་པོའི་ལམ། །གོམས་པ་མཐར་ཕྱིན་མཛད་ལ་གསོལ་བ་འདེབས། །ཟླ་ཉིའི་རྒྱུ་བ་སྒྲ་གཅན་གྱིས་ཟོས་པས། །ཙཎྜ་ལི་ཡི་བྱིན་ཟས་རི་བོང་ཅན། །བཞུས་པའི་བྱང་ཆུབ་སེམས་ཀྱི་འགྲོ་ལྡོག་ལས། །བཅུ་དྲུག་དགའ་བས་རོལ་ལ་གསོལ་བ་འདེབས། །ཆོས་དབྱིངས་མལ་དུ་འོད་གསལ་བདེ་བ་ཆེར། །ལས་ཀྱི་མགྱོགས་འགྲོ་རྒྱུན་བཅད་གཉིད་གྱུར་ཅིང་། །ལངས་ཚེ་མཁའ་ཁྱབ་སྒྱུ་འཕྲུལ་དྲ་བའི་གར། །རྣམ་རོལ་འཁོར་ལོའི་གཙོ་ལ་གསོལ་བ་འདེབས། །མཁས་དང་བློ་གསལ་སྐྱེ་བོ་མཐའ་ཡས་དང་། །ས་སྐྱོང་ཚོགས་དང་སྐལ་བཟང་གདུལ་བྱའི་ཚོགས། །མ་ནོར་མདོ་དང་རྒྱུད་སྡེའི་ལེགས་བཤད་ཀྱིས། །ལྷག་པར་ཚིམ་མཛད་ཁྱོད་ལ་གསོལ་བ་འདེབས། །ཟབ་ཅིང་གཏིང་དཔག་དཀའ་བར་ཆོས་རྣམས་ཀུན། །དྲི་ཞིང་སྨེད་ལ་མངོན་དགྱེས་ཆོས་ཀྱི་གཏམ། །བློ་ཆེན་ཀུན་གྱིས་གཏིང་དཔག་མི་ནུས་པ། །མཁྱེན་རབ་དབང་ཕྱུག་ཞབས་ལ་གསོལ་བ་འདེབས། །བུ་རམ་ཤིང་པའི་མདོ་སྔགས་གསུང་རབ་ཀྱི། །དགོངས་དོན་རྒྱལ་བ་གཉིས་པ་བཙོང་ཁ་པས། །ལེགས་པར་བཀྲལ་བའི་སྲོལ་ཞུགས་ལེགས་བཤད་ཀྱི། །འཕྲེང་བ་སྔོན་མེད་སྤེལ་ལ་གསོལ་བ་འདེབས། །(༢༠ན)ཞིང་གཞན་གཤེགས་པར་མངོན་དུ་ཕྱོགས་པའི་ཚེ། །དཔག་བསམ་རྐང་འཐུང་ཡིད་བཞིན་རྒྱ་མཚོའི་དབུས། །མཚན་དཔེའི་གཟི་འབར་ནམ་མཁའི་ཁྱོན་གང་བའི། །འཇམ་དབྱངས་གཞོན་ནུ་གཟིགས་ལ་གསོལ་བ་འདེབས། །མགོན་དེའི་ཞལ་གྱི་བདུད་རྩིའི་འཛུམ་དཀར་ལས། །མཁའ་ཁྱབ་འགྲོ་འདི་སངས་རྒྱས་གོ་འཕང་ལ། །བདག་ཉིད་ཁོ་ནས་ངེས་པར་དགོད་དོ་ཞེས། །གསལ་བར་མངོན་སུམ་འདོམས་ལ་གསོལ་བ་འདེབས། །ཤིན་ཏུ་ལྐོག་ཏུ་གྱུར་པའི་གནས་རྣམས་ཀྱང་། །ཆགས་ཐོགས་སྤངས་པའི་ཚུལ་གྱིས་མངོན་སུམ་གཟིགས། །སྲས་བཅས་རྒྱལ་བའི་ཞལ་དང་ཏིང་འཛིན་གྱི། །སྒོ་བརྒྱ་མངོན་དུ་གྱུར་ལ་གསོལ་བ་འདེབས། །ཆོས་འཁོར་ལྷ་སར་རོལ་མོ་དཀྲོལ་བའི་སྐད། །འོལ་ཁའི་གནས་འདིར་བདག་གིས་གསལ་བར་ཐོས། །རྟོག་བཏགས་རྟེན་འབྲེལ་སྣང་བ་མཚར་ཆེ་ཞེས། །དགྱེས་བཞིན་འཁོར་ལ་བཀའ་སྩལ་གསོལ་བ་འདེབས། །མགོན་ཁྱོད་ཟུང་འཇུག་རྡོ་རྗེའི་སྐུ་བརྙེས་ཀྱང་། །དགུང་ལོ་བཅུ་ཕྲག་དགུ་དང་གཅིག་འདས་ཚེ། །ཕུང་པོ་རྙིང་པའི་ཟ་མ་ཏོག་སྤངས་ནས། །དག་པའི་ཞིང་དུ་གཤེགས་ལ་གསོལ་བ་འདེབས། །དེ་ཚེ་དཔའ་བོ་མཁའ་འགྲོའི་ལྷ་ཚོགས་ཀྱིས། །ལྷ་ཡི་རོལ་མོའི་སྒྲ་བསྒྲག་རིན་ཅེན་གྱི། །མེ་ཏོག་ཆར་ཕབ་ནམ་མཁའ་དབང་པོའི་གཞུས། །རྟག་ཏུ་ཁྱབ་པར་མཛད་ལ་གསོལ་བ་འདེབས། །ཉིད་ཀྱི་ཕུང་ཁམས་སྐྱེ་མཆེད་མ་ལུས་པ། །ངེས་པར་ལྷ་དང་ལྷ་མོའི་རང་བཞིན་ཞེས། །སྐུ་གདུང་ལྷ་སྐུ་རིང་བསྲེལ་བྱུར་བུར་(༢༠བ)གྱུར། །གཞན་དོན་མཐར་ཕྱིན་ཁྱོད་ལ་གསོལ་བ་འདེབས། །མགོན་ཁྱོད་ཡོན་ཏན་རྒྱ་མཚོ་ཆེན་པོ་ལས། །ཆུ་ཐིགས་ཙམ་ཞིག་བརྗོད་པས་བདག་ཅག་རྣམས། །རྗེ་བཙུན་བླ་མ་ཁྱོད་དང་མི་འབྲལ་བར། ཁྱོད་གསུང་བདུད་རྩིས་འཚོ་བར་བྱིན་གྱིས་རློབས། །རྙེད་དཀའ་འཇིག་པར་སླ་བའི་དལ་འབྱོར་འདི། །ཡིད་བཞིན་ནོར་ལྟར་མཆོག་ཏུ་གཅེས་པའི་བློས། །དོན་མེད་ཆོས་བརྒྱད་བྱ་བས་མི་གཡེལ་བར། །རྟག་ཏུ་སྙིང་པོ་ལེན་པར་བྱིན་གྱིས་རློབས། །འཁོར་བའི་གནས་ཀུན་མི་འོབས་ལྟར་མཐོང་ཞིང་། །འགྲོ་ཀུན་དྲིན་ཅན་ཕ་མར་ཤེས་གྱུར་པས། །བཅོས་མིན་བྱམས་དང་སྙིང་རྗེས་ཡིད་དྲངས་ནས། །བྱང་ཆུབ་སེམས་གཉིས་འབྱོངས་པར་བྱིན་གྱིས་རློབས། །རྒྱལ་བའི་བཀའ་དང་དགོངས་འགྲེལ་མ་ལུས་པ། །གདམས་པའི་མཆོག་ཏུ་ཤར་ནས་དེ་ཡི་དོན། །རྩེ་གཅིག་ཉིད་དུ་ཉམས་སུ་བླངས་པ་ལས། །རང་བཞིན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །བྱང་ཆུབ་སེམས་དང་འཁྲུལ་མེད་ལྟ་བ་དང་། །གསང་ཆེན་ལས་གྱི་མཐར་ཐུག་རིམ་པ་གཉིས། །ཉམས་སུ་བླངས་པས་སྐུ་བཞིའི་གོ་འཕང་མཆོག །ཐོབ་ནས་འགྲོ་ཀུན་འདྲེན་པར་བྱིན་གྱིས་རློབས། །སངས་རྒྱས་ཀུན་གྱི་ཡོན་ཏན་བརྗོད་པ་བས། །བླ་མའི་ཡོན་ཏན་ཅུང་ཟད་བརྗོད་པ་ཡང་། །དོན་ཆེན་ཤེས་ནས་བསྟོད་པའི་རྣམ་དཀར་གྱིས། །ཐེག་མཆོག་བཤེས་དང་འབྲལ་བ་མེད་གྱུར་ཅིག །མགོན་ཁྱོད་ཞབས་སེན་རྣམ་པར་བཀོད་པ་ཡི། །འཛིན་མའི་ཁྱོན་འདིར་ཉེར་འཚེ་ཀུན་ཞི་ནས། །ཆོས་དང་སྲིད་ཀྱི་དཔལ་འབྱོར་རབ་རྒྱས་ཏེ། །འགྲོ་ཀུན་ཕན་བདེའི་དཔལ་ལ་སྤྱོད་པར་ཤོག །

ཅེས་དཔལ་ལྡན་བླ་མ་(༢༡ན)དམ་པ་མཁས་གྲུབ་ཆོས་ཀྱི་རྒྱལ་པོ་ནོར་བཟང་རྒྱ་མཚོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་མདོ་ཙམ་དུ་བརྗོད་པའི་སྒོ་ནས་གསོལ་བ་འདེབས་པ་དངོས་གྲུབ་གཉིས་ཀྱི་བང་མཛོད་ཅེས་བྱ་བ་འདི་ནི་ས་སྐྱོང་ཆོས་ཀྱི་སྤྱན་ལྡན་ནོར་འཛིན་ཆོས་རྒྱལ་གྱི་བཀས་ལེགས་པར་བསྐུལ་ཞིང་། ཆ་མལ་ནས་ནང་སོ་ངག་གི་དོན་གྲུབ་པས་བསྐུལ་བ་དང་། ཁྱད་པར་རང་གི་དད་པས་ཀུན་ནས་བསླང་སྟེ། རྗེ་བཙུན་བླ་མ་དེ་ཉིད་ཀྱི་ཞབས་རྡུལ་སྤྱི་བོར་ལེན་པ། ཆོས་སྨྲ་བའི་བཙུན་པ་དགེ་འདུན་རྒྱ་མཚོའི་དཔལ་གྱིས་འོལ་ཁ་སྟག་རྩེའི་ཕོ་བྲང་དུ་ཉེ་བར་སྦྱར་བའོ།། །།

 

                 རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།

    གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

         དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།