འཇམ་པའི་དབྱངས་ཀུན་དགའ་བདེ་ལེགས་རིན་ཅེན་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ལ་བསྟོད་པ།།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-08-20 12:59:18     རྩོམ་པ་པོ།   རྗེ་དགེ་འདུན་རྒྱ་མཚོ།    ཀློག་ཐེངས།  

y5y5IMG_3735.JPG

ན་མོ་ཨཱཪྱ་མཉྫུ་ཤྲི་ཡེ། ས་བཅུའི་དབང་ཕྱུག་རྒྱས་སྲས་པད་དཀར་ཅན། །ཐུགས་རྗེའི་དབང་གིས་བཤེས་གཉེན་ཚུལ་བཟུང་ནས། །འགྲོ་རྣམས་ཐར་པར་འཁྲིད་མཛད་དགེ་བའི་བཤེས། །བཀའ་དྲིན་མཉམ་མེད་ཞབས་ལ་ཕྱག་འཚལ་ལོ། །ཀུན་ལ་དགའ་བདེའི་དཔལ་རབ་སྐྱེད་མཛད་ཅིང་། །ལེགས་བཤད་རིན་ཅེན་རྒྱལ་མཚན་འཛིན་པའི་དཔལ། །བཟང་པོའི་མཛད་པས་ཐུབ་བསྟན་གསལ་མཛད་པ། །ཐེག་མཆོག་དགེ་བའི་བཤེས་ལ་ཕྱག་འཚལ་ལོ། །འབུམ་ཕྲག་འདུལ་བའི་ཚིག་དོན་ཀུན་ལ་མཁས། །རྣམ་དག་བསླབ་པ་མིག་འབྲས་ལྟ་བུར་གཟིགས། །ཉེས་ལྟུང་དྲི་མས་མ་གོས་འདུལ་བ་འཛིན། །དྲང་སྲོང་ངུར་སྨྲིག་འཆང་ལ་གསོལ་བ་འདེབས། །སྡུག་བསྔལ་བྱེ་བས་མནར་བའི་འགྲོ་བ་འདི། །བུ་གཅིག་ལྟ་བུར་དགོངས་པའི་ཐུགས་རྗེ་ཡིས། །ངེས་པར་ཐམས་ཅད་མཁྱེན་པར་འཁྲིད་མཛད་པ། །སེམས་དཔའ་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །རྡོ་རྗེ་འཆང་དབང་གཞུང་ལུགས་འདབ་བརྒྱའི་ཚལ། །འབྱེད་མཁས་མཁྱེན་པའི་འོད་སྟོང་དྲ་བ་ཅན། །སྐུ་བཞིའི་དཀྱིལ་འཁོར་ཡོངས་རྫོགས་ཉིན་མོར་བྱེད། ཁྱབ་བདག་རྡོ་རྗེ་འཛིན་ལ་གསོལ་བ་འདེབས། །ཐབས་ཤེས་གཤོག་རླབས་གཡོ་བའི་རླུང་ཤུགས་ཀྱིས། །མཐའ་གཉིས་གཡངས་སར་ནམ་ཡང་མི་ལྟུང་ཞིང་། །བདག་ལྟའི་ཀླུ་དབང་ཚོགས་ཀྱི་སྲོག་འཕྲོག་པ། །མཁས་མཆོག་མཁའ་འགྲོའི་གཙོ་ལ་གསོལ་བ་འདེབས། །ནོར་འཛིན་(༡༧བ)སྒེག་མོའི་ཁྱོན་འདིར་མགོན་ཁྱོད་ཀྱིས། །ཆོས་ཀྱི་རྔ་དབྱངས་འབུམ་ཕྲག་བསྒྲགས་གྱུར་པས། །དེ་ཚེ་ཀུན་གྱིས་ཐུབ་དབང་གཉིས་པ་ཞེས། །བསྔགས་པ་དོན་དང་ལྡན་ལ་གསོལ་བ་འདེབས། །རྒྱལ་བ་ཀུན་གྱི་གདུང་འཚོབ་བློ་བཟང་ཞེས། །གྲགས་པའི་རྔ་ཆེན་འབུམ་ཕྲག་རྡུང་བའི་དཔལ། །ཆོས་ཀྱི་རྒྱལ་པོ་གང་དེའི་རྒྱལ་སྲིད་ལ། །དབང་སྒྱུར་གྲུབ་པའི་གཙོ་ལ་གསོལ་བ་འདེབས། །གང་ཐུགས་ཆོས་དབྱིངས་ཀུན་གསལ་ལང་ཚོ་ལ། །རྟག་ཏུ་འགྲོགས་པའི་རྩེ་དགའ་མི་གཏོང་ཡང་། །མཐའ་ཡས་སྤྲུལ་པའི་འོད་སྟོང་འགྱེད་མཁས་པ། །སྐལ་བཟང་པདྨོའི་གཉེན་ལ་གསོལ་བ་འདེབས། །གསེར་ལྡན་མཛེས་པའི་ཕང་པར་རབ་བླངས་པའི། །འདོད་དགུའི་དཔག་བསམ་འབྲས་བཟང་སྙེ་མ་ཡི། །གཡུར་ཟ་ལྡེམ་པ་འཆི་མེད་བདུད་རྩི་ཡི། །དངོས་གྲུབ་མཆོག་སྦྱིན་མཛད་ལ་གསོལ་བ་འདེབས། །འདི་ཕྱོགས་ལེགས་ཚོགས་ཀུན་གྱི་འབྱུང་གནས་མཆོག །ཐེག་མཆོག་དགེ་བའི་བཤེས་གཉེན་ཁྱོད་མཉེས་ནས། ཁྱོད་ཞལ་པདྨོའི་སྒོ་ལས་ལེགས་འོངས་པ། །བདུད་རྩིའི་བཅུད་བཟང་རྒྱུན་དུ་བསྟན་པའི་མཐུས། །སྒྲིབ་གཉིས་ནད་རྣམས་ཀུན་ལས་རྒྱལ་གྱུར་ཏེ། །སྟོབས་བཅུ་མངའ་བའི་གོ་འཕང་བརྙེས་པའི་ཚེ། །མི་བཟད་འཁོར་བར་ཡུན་རིང་འཁྱམས་པ་རྣམས། །གོ་འཕང་མཆོག་དེར་འཁྲིད་པར་བྱིན་གྱིས་རློབས། །དགེ་བ་འདི་ཡིས་རྗེ་བཙུན་ཐུགས་རྗེའི་གཏེར། ཁྱོད་སྐུ་རི་དབང་ལྟ་བུར་བརྟན་པ་དང་། ཁྱོད་གསུང་ལེགས་བཤད་གྲུ་ཆར་སྟོང་ཕབ་པས། །བདག་སོགས་མཁའ་ཁྱབ་གདུལ་བྱའི་དཔལ་གྱུར་ཅིག །ཅེས་རྗེ་བཙུན་དམ་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་འཇིག་རྟེན་དབང་ཕྱུག་གི་རྣམ་འཕྲུལ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་འཇམ་པའི་དབྱངས་ཀུན་དགའ་བདེ་ལེགས་རིན་ཅེན་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ལ་བསྟོད་པའི་རབ་ཏུ་བྱེད་པ་འདི་ནི། རྗེ་ཉིད་ཀྱི་ཞབས་ཟུང་ཅོད་པན་གྱི་རྒྱན་དུ་འཛིན་པའི་བཙུན་པ་དགེ་འདུན་རྒྱ་མཚོ་དཔལ་བཟང་པོས། ཆོས་གྲྭ་ཆེན་པོ་གནས་རྙིང་གི་བྱ་འདབས་ཡོལ་གསེར་ཁང་དུ་སྦྱར་བའོ།། །། 

                                                                 རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ། 
            གསལ་འདེབས། 
                    རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
               དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།