མཁན་པོ་རིན་པོ་ཆེ་ཀུན་དགའ་བདེ་ལེགས་རིན་ཆེན་རྒྱན་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ལ་བསྟོད་པ།།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ     སྤེལ་དུས།  2017-08-20 12:34:58     རྩོམ་པ་པོ།   དགེ་འདུན་རྒྱ་མཚོ།    ཀློག་ཐེངས།  

y5y5IMG_3724.JPG

བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །མི་དམན་ཀུན་དགའི་འོད་ཚོགས་ག་བུར་གྱིས། །ཆེས་དཀར་བདེ་ལེགས་རང་བཞིན་གཞལ་མེད་ཁང་། །རིན་ཅེན་རྒྱལ་མཚན་གཞན་བཞིན་བསླབ་གསུམ་གྱི། །དཔལ་འབྱོར་བཟང་པོ་འཕྲོག་བྱེད་ལ་འཁུ་བཞིན། །དམར་སེར་ཐུན་འཚམས་བླ་གོས་དྲ་བ་ཅན། །བག་ཡོད་བདུད་རྩིའི་འོད་ཀྱི་ཟླ་ཚེས་ནི། །ཆུ་ལྡན་གསར་པའི་ཁེངས་པ་ཉམས་བྱས་ཤིང་། །དྲང་སྲོང་ཚོགས་རྣམས་ནགས་མཐར་བྲོས་སམ་སྙམ། །བགྲང་ཡས་མཁས་དང་གྲུབ་པའི་ལེགས་བཤད་ཀྱི། །བདུད་རྩི་ཁྱོད་ཐུགས་ཤེལ་བུམ་ལ་བརྟེན་པ། །ཟླ་ཤར་འོ་མའི་ཆུ་གཏེར་འགྱུར་པའི་བརླབས། །མན་དྷ་ར་ཡི་དབུ་བ་བརྩེགས་པ་བཞིན། །དད་པའི་ཉི་འོད་ཀྱིས་བཅུས་བཅུ་ཕྲག་གི །ཀུ་མུད་ཐལ་མོ་མཛེས་ལྡན་རང་བྱུང་ནི། །ཅོད་པན་ས་ལ་ལྷུང་ཚེ་ནོར་ལྡན་མའི། ཁེངས་ལྡན་ཚོགས་ལ་འཕྱ་བས་དགོད་པ་བཞིན། །བརྒྱ་ཕྲག་མཁྱེན་བརྩེའི་ཚོན་བརྒྱས་འབྱུང་པོའི་ཡུམ། །དུ་གུ་ལ་ཡིས་ཁེབས་པའི་སྐལ་བཟང་ནི། །རྫོགས་ལྡན་གསར་དུ་འོངས་འདི་ཡ་མཚན་ཞེས། །ཕྱོགས་བཅུའི་རྒྱལ་རྣམས་ཅིག་ཅར་(༡༦བ)ཁོང་བཞད་མཛད། །པད་དཀར་འདབ་བརྒྱ་དགོད་པའི་ཡན་ལག་ཅན། །ཟློས་གར་གུར་གུམ་ཟོལ་ལ་བརྟེན་པ་ན། །འདི་ཡིས་ཐུབ་པོའི་གདན་ཁྲི་ཕྲོགས་སྙམ་ནས། །མ་ཕམ་ཕྲག་དོག་དཔྱང་ཐག་འཛིན་ལགས་གྲང་། །ཕན་དང་བདེ་བའི་ཆུ་གཏེར་ཉལ་འགྲོའི་ཚོགས། །གང་ན་དོག་པ་མེད་པར་ངལ་གསོ་བ། །སྔོན་མེད་རི་བྱི་འདི་ཡིས་སྦྱིན་མའི་བུ། །སྲིད་ཉོན་ཟུང་འདི་ཅི་སྟེ་ཞུམ་མི་བགྱིད། །མགོན་ཁྱོད་ཞབས་སེན་བནྟུ་ཛ་ཝ་ཀའི། །ལན་ཆར་གཡོ་བ་མྱོས་ལྡན་དཔྱིད་ཀྱི་ནི། །དཔལ་མོ་གསར་དུ་འོངས་པའི་འཇོ་སྒེག་གིས། །འདབ་བརྒྱ་དགོད་པའི་ཞིང་ལ་ཅོ་འདྲི་བཞིན། །ལྔ་པའི་ཟོལ་ལ་ཉེར་བརྟེན་སྒྱུ་མ་ཡིས། །སྲིད་འདིའི་ངང་ཚུལ་འགྲོ་ལ་འདོམས་པ་ན། །བདེ་སོགས་བླ་གོས་དྲ་བ་དང་འགྲོགས་པའི། །འཆི་མེད་འདབ་བརྒྱའི་ཕྲེང་བས་ཆུ་མཐོངས་འགོག །བསོད་ནམས་བརྒྱ་པའི་གཟི་འབར་ཉི་མའི་གཉེན། །ལེགས་དཔྱད་འབྲས་བུ་འགྲོ་ལ་ངོམ་པ་བཞིན། །མི་བཟད་རྒྱན་གྱི་འཁོར་ལོས་དུས་མཐའི་བར། །རྣམ་རོལ་ཁྱོད་ཞབས་པདྨོར་གུས་ཕྱག་འཚལ། །དེ་ལྟར་བླ་མ་མཆོག་གི་ཡོན་ཏན་ཚོགས། །སྡེབ་ལེགས་ངག་གི་སྲད་བུར་བརྒྱུས་པ་ལས། །རྣམ་དཀར་ཟླ་འོད་དང་མཚུངས་ཀུན་ཁྱབ་ངོས། །གང་བས་འགྲོ་ཀུན་སངས་རྒྱས་ཐོབ་པར་ཤོག །ཅེས་འཕགས་པ་འཇིག་རྟེན་དབང་ཕྱུག་གི་རྣམ་འཕྲུལ། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་མཁན་པོ་རིན་པོ་ཆེ་ཀུན་དགའ་བདེ་ལེགས་རིན་ཆེན་རྒྱན་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ལ་བསྟོད་པའི་རབ་ཏུ་བྱེད་པ་འདི་ནི། ཆ་མལ་ནས་དཔོན་པོ་ཨ་འཛམ་པའི་གསུང་གིས་བསྐུལ་ནས་(༡༧ན)སྙན་དངགས་མཁན་གྱི་ཅོད་པན་དགེ་འདུན་རྒྱ་མཚོའི་དཔལ་གྱིས་ཉེ་བར་སྦྱར་བའོ།། །།

                    རྩོམ་སྒྲིག་པ། ཀླུ་ཚང་ འཇམ་དབྱངས་ཤེས་རབ།
     གསལ་འདེབས།
    རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
       དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།