དཔལ་ལྡན་བླ་མ་དམ་པའི་ཞལ་སྔ་ནས་ལ་བསྟོད་པ།

རྗེ་བཙུན་དམ་པ་དེའི་ཞབས་ལ་ཕྱག་འཚལ་ལོ། །འཇིག་རྟེན་དབང་ཕྱུག་ཐུགས་ཀྱི་ནམ་མཁའ་ལས། །བརྩེ་བའི་རྟ་ལྗང་ཤུགས་ཀྱིས་དྲངས་པ་ཡི། །དཔལ་ལྡན་བླ་མ་མཁྱེན་བརྩེའི་ཚ་ཟེར་ཅན། །གདུལ་བྱ་པདྨོའི་གཉེན་ལ་གསོལ་བ་འདེབས། །འགྲོ་བ་ཀུན་ལ་དགའ་བདེ་ལེགས་པའི་དཔལ། །སྩོལ་མཛད་ཐུབ་བསྟན་རིན་ཅེན་རྒྱལ་མཚན་འཛིན། །དཔལ་ལྡན་བླ་མ་སྐལ་བཟང་གདུལ་བྱའི་མགོན། །བཀའ་དྲིན་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །སྔོན་བསགས་དགེ་ཚོགས་ཆུ་གཏེར་ཆེ་ལས་འོངས། །གངས་ཅན་ཁྱབ་འཇུག་ལམ་ལས་མངོན་པར་འཕགས། །དྲེགས་ལྡན་རལ་པའི་ངོས་ལ་ཞབས་རྡུལ་གྱི། །འོད་དཀར་འཕྲེང་བ་འགོད་ལ་གསོལ་བ་འདེབས། །གང་གི་བཀའ་ཡི་སྤྲིངས་ཡིག་ཕྱོགས་ཀུན་གྱི། །མཁས་པ་ཀུན་གྱི་མགོ་བོར་ངལ་གསོ་བ། ཁྱོད་ཀྱི་གྲགས་པའི་ཕོ་ཉས་ཁོར་ཡུག་གི །ཁོངས་ཀུན་རྣམ་པར་འགེངས་ལ་གསོལ་བ་འདེབས། །རྣམ་དག་ཚུལ་ཁྲིམས་རྩ་བར་རབ་བརྟན་ཅིང་། །མཁྱེན་རབ་ཡལ་ག་ཡོན་ཏན་མེ་ཏོག་བཀྲ །སྐུ་གསུམ་འབྲས་བུའི་སྙེ་མས་གཡུར་ཟ་བ། །གདུལ་བྱའི་རེ་འདོད་སྐོང་ལ་གསོལ་བ་འདེབས། །རྣམ་དག་རྒྱུད་སྡེ་བཞི་ཡི་བང་རིམ་ཅན། །རིམ་གཉིས་ཉི་ཟླའི་སྐ་རགས་རྣམ་པར་བཅིངས། །རིག་འཛིན་གསེར་རིའི་དབུས་ན་མངོན་མཐོ་བ། །རྡོ་རྗེ་འཛིན་པའི་ཞབས་ལ་གསོལ་བ་འདེབས། །དགེ་བ་འདི་ཡིས་བདག་གཞན་མ་ལུས་པ། །མགོན་པོ་ཁྱོད་ཀྱི་ཞབས་(༡༦ན)པད་གུས་བསྟེན་ཏེ། །རྒྱལ་བའི་གསུང་རབ་ཉམས་སུ་བླངས་པ་ལས། །རྡོ་རྗེ་འཆང་གི་གོ་འཕང་ཐོབ་གྱུར་ཅིག །ཅེས་མཁན་པོ་རིན་པོ་ཆེ་ཀུན་དགའི་མཚན་ཅན་གྱི་ཞལ་སྔ་ནས་ལ་གསོལ་བ་འདེབས་པའི་ཚུལ་འདི་ནི། །སྡེ་སྣོད་འཛིན་པ་སཾ་གྷའི་མིང་ཅན་གྱིས་བསྐུལ་བའི་ངོར། རྗེ་ཉིད་ཀྱི་ཞབས་རྡུལ་སྤྱི་བོར་ལེན་པ་དགེ་འདུན་རྒྱ་མཆོས་སྤྲོ་བ་ལྷུར་ལེན་པའི་སྒོ་ནས་ཇའི་གྲལ་དུ་སྦྱར་བའོ།། །།
རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn
