རྗེ་དགེ་འདུན་གྲུབ་པ་དཔལ་བཟང་པོ་ལ་བསྟོད།
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོ་ལ་བསྟོད་པ་མཁས་པ་དགྱེས་པར་བྱེད་པའི་མཆོད་སྤྲིན་རྒྱ་མཚོ་ཞེས་བྱ་བ། མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། ཁམས་གསུམ་དབང་ཕྱུག་བྱེ་བའི་རལ་པ་ལ། །གང་གི་ཞབས་ཀྱི་ཆུ་སྐྱེས་ངལ་གསོ་བ། །ཐུབ་བསྟན་གླིང་བཞིའི་བདག་པོ་དགེ་འདུན་གྲུབ། །ཐེག་མཆོག་འཁོར་ལོས་སྒྱུར་བ་ཁྱོད་ལ་འདུད། །དཔལ་ལྡན་ཆོས་དབྱིངས་ནམ་མཁའ་ཡངས་པ་ལས། །ཤུགས་དྲག་བརྩེ་བའི་རྟ་ལྗང་གིས་དྲངས་ཏེ། །ཐུབ་བསྟན་ཤར་རིའི་རྩེ་མོར་ངལ་གསོ་བ། །སྔོན་མེད་ནམ་མཁའི་ནོར་བུ་ཁྱོད་ལ་འདུད། །སྔོན་བསགས་ཚོགས་གཉིས་ཆུ་ཤེལ་ལས་གྲུབ་ཅིང་། །ལེགས་བཤད་འོད་དཀར་སྟོང་གྱི་དྲ་བ་ཅན། །བློ་བཟང་བསྟན་པའི་ཀུ་མུད་བཞད་པའི་དཔལ། །བཤེས་གཉེན་རྒྱུ་སྐར་བདག་པོ་རྒྱལ་གྱུར་ཅིག །ཐུབ་དབང་བསྟན་པའི་རིན་ཅེན་ཁུར་ཆེན་གྱིས། །བློ་གྲོས་ཕྲག་པའི་བརྟན་པ་ཕྲོགས་གྱུར་ཀྱང་། །ངལ་གསོ་(༡༤བ)མེད་པར་གཞན་ཕན་གོམ་པ་ནི། །རིངས་པར་འགོད་པའི་རོལ་རྩེད་ཅན་དེར་འདུད། །གཞུང་ལུགས་བྱེ་བའི་རལ་པའི་ཁུར་འཆང་བ། ཁྱོད་ཉིད་མི་བཟད་རིགས་པའི་སྡེར་འཕྲེང་གིས། །ཕས་རྒོལ་གླང་པོ་དྲེགས་པ་སྟོང་གི་སྲོག །ཅིག་ཅར་འཕྲོག་བྱེད་གདོང་ལྔའི་དབང་པོ་རྒྱལ། ཁོར་ཡུག་རི་བོའི་ཁོངས་འདིར་ཤོང་མིན་པའི། །མགོན་པོ་ཁྱོད་ཀྱི་ཡོན་ཏན་རིན་ཅེན་གྱི། ཁུར་ཆེན་མི་བཟད་ཤིན་ཏུ་ཆེས་ལྕི་བས། །གསེར་ལྡན་དགའ་མ་ངལ་བའི་དཀའ་ཐུབ་བསྟེན། །མཐུ་སྟོབས་དཔུང་ཚོགས་ཡན་ལག་བཞི་ལྡན་པས། །མེ་ཏོག་མདའ་ཅན་གཡུལ་ངོ་ཕམ་བྱས་ཏེ། །བདེ་གཤེགས་བསྟན་པའི་ས་ཆེན་ལེགས་སྐྱོང་བ། །འཇིགས་མེད་ཕྱོགས་ལས་རྣམ་རྒྱལ་ཁྱོད་ལ་འདུད། །ཕྱིན་དྲུག་རབ་དཀར་མཆེ་བའི་འཁོར་ལོ་ཡིས། །ཉོན་མོངས་འདམ་བུའི་ཚལ་ཀུན་འཇོམས་བྱེད་ཅིང་། །གཞན་ཕན་ཁུར་གྱིས་ནམ་ཡང་མི་ངལ་བ། །མཁས་མཆོག་གཉིས་འཐུང་དབང་པོ་ཁྱོད་ལ་འདུད། ཁྱོད་ཀྱི་ལེགས་བཤད་བདུད་རྩིའི་དགའ་སྟོན་གྱིས། །ཡིད་ཀྱི་བརྟན་པ་ཕྲོགས་པའི་བུང་བ་དང་། །གང་གི་ཡོན་ཏན་བསྔགས་བྱེད་མགྲིན་པའི་གླུ །ཕྱོགས་ཀུན་རྣ་བའི་བཅུད་ལེན་སྤྲོ་བར་བྱེད། །དཔལ་ལྡན་མཁས་པའི་ཕོ་ཉ་བྱེ་བ་ཡིས། །གང་གི་གྲགས་པའི་མེ་ཏོག་ཕྲེང་བ་དག །ཉིན་བཞིན་ཕྱོགས་ཀྱི་བུ་མོའི་མགྲིན་པ་ལ། །རྣམ་པར་བཀོད་པའི་མཛེས་སྡུག་ཅི་ཡང་འཛིན། །དངོས་གྲུབ་རིན་ཅེན་བྱེ་བས་གང་གྱུར་པའི། །རྡོ་རྗེ་འཆང་དབང་གཞུང་ལུགས་ཆུ་གཏེར་ཆེར། །ལུང་རིགས་སྐྱ་བ་འཛིན་པས་དབང་སྒྱུར་བ། །མཁས་པའི་དེད་དཔོན་དབང་པོ་(༡༥ན)ཁྱོད་ལ་འདུད། །ཚོགས་གཉིས་རྣམ་དག་འཛིན་མའི་ཁྱོན་ཡངས་ལས། །དོན་གཉིས་ལྷུན་གྲུབ་འདོད་དགུའི་དཔག་བསམ་ཆེ། །སྐུ་གཉིས་འབྲས་བུའི་སྙེ་མས་གཡུར་ཟ་བ། །ལེགས་འཁྲུངས་འགྲོ་བའི་ཉེར་འཚོ་ཁྱོད་ཕྱག་འཚལ། །མདོར་ན་རྒྱལ་བའི་མཁྱེན་བརྩེ་ནུས་པ་ཀུན། །གཅིག་ཏུ་བསྡུས་ནས་བཤེས་གཉེན་ཚུལ་འཛིན་པ། །བློ་བཟང་བསྟན་པའི་གཉེན་ཅིག་ཁྱོད་ཞབས་ལ། །རྟག་ཏུ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །དེ་ལྟར་བསྟོད་པའི་དགེ་བས་བདག་ཅག་རྣམས། །ཐེག་མཆོག་བཤེས་གཉེན་དམ་པས་རྗེས་བཟུང་སྟེ། །རྒྱལ་བའི་གསུང་རབ་ཀུན་གྱི་ཚིག་དོན་ལ། །མཁས་པའི་མཁས་པར་འགྱུར་བར་བྱིན་གྱིས་རློབས། །ཚེ་འདིའི་རྙེད་དང་བཀུར་སྟི་མནོག་ཆུང་ཞིང་། །མྱུར་དུ་འཆི་དང་སྐྱེ་བའི་ངང་ཚུལ་དག །ཇི་བཞིན་ཤེས་ནས་ཇི་ལྟར་ཐོས་པའི་དོན། །རྩེ་གཅིག་ཉམས་སུ་ལེན་པར་བྱིན་གྱིས་རློབས། །བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་དུ། །བསྟན་དང་འགྲོ་བའི་དོན་གྱིས་མི་ངལ་ཞིང་། །རླབས་ཆེན་སྤྱོད་པས་ཉིན་མཚན་དུས་ཀུན་དུ། །རྫོགས་པའི་སངས་རྒྱས་སྒྲུབ་པར་བྱིན་གྱིས་རློབས། །ཅེས་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོའི་ཞལ་སྔ་ནས་ལ་བསྟོད་པ་མཁས་པ་དགྱེས་པར་བྱེད་པའི་མཆོད་སྤྲིན་རྒྱ་མཚོ་ཞེས་བྱ་བ་འདི་ནི་སྡེ་སྣོད་འཛིན་པ་སྡོམ་བརྩོན་བྱམས་པ་ཆོས་ཀྱི་རྒྱལ་མཚན་གྱིས་བསྐུལ་བའི་ངོར། གངས་རིའི་ཁྲོད་ཀྱིས་སྙན་དངགས་མཁན་དགེ་འདུན་རྒྱ་མཚོ་དཔལ་བཟང་པོས་གཙང་བཀྲ་(༡༤བ)ཤིས་ལྷུན་པོའི་ཆོས་གྲྭ་ཆེན་པོར་སྦྱར་བའོ།། །།
རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn