མཁས་གྲུབ་རྗེའི་བསྟོད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-07-22 18:19:15     རྩོམ་པ་པོ།   རྗེ་དགེ་འདུན་རྒྱ་མཚོ།    ཀློག་ཐེངས།  

img_0048.jpg

 ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ལ། །ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གི །སེང་གེའི་ང་རོ་སྒྲོག་ལ་ཟླ་བྲལ་བ། །མཁས་གྲུབ་ཆོས་རྗེའི་ཞབས་ལ་གསོལ་བ་འདེབས། །གྲུབ་པའི་གནས་མཆོག་དཔལ་ལྡན་ཤམྦྷ་ལའི། །རིགས་ལྡན་རིགས་ཀྱི་གཙོར་གྱུར་གྲགས་པ་ནི། །དགེ་ལེགས་དཔལ་ཞེས་ས་སྟེང་མཁས་རྣམས་ཀྱི། །གཙུག་གི་རྒྱན་དུ་སྤྲུལ་ལ་གསོལ་བ་འདེབས། །ཕྱོགས་འདིར་མཁས་རློམ་རི་དྭགས་མ་ལུས་པ། ཁྱོད་ཀྱི་ལུང་རིགས་ང་རོ་མི་བཟད་པས། །ཆེས་ཆེར་སྐྲག་མཛད་སྨྲ་བའི་གཙུག་རྒྱན་ཞེས། །འཇིག་རྟེན་གསུམ་ན་གྲགས་ལ་གསོལ་བ་འདེབས། །སྒྱུ་མ་ལྟ་བུའི་ཆོས་ཀྱི་དོན་རྟོགས་ནས། །སྒྱུ་མ་ལྟ་བུར་ང་ནི་སངས་རྒྱས་ཞེས། །སྐལ་ལྡན་འགྲོ་ལ་དངོས་སུ་འདོམས་མཛད་པ། །རྡོ་རྗེ་འཆང་དབང་ཁྱོད་ལ་གསོལ་བ་འདེབས། །བདེ་ཆེན་ཆོས་སྐུའི་ངང་དུ་རྟག་བཞུགས་ཀྱང་། །ཀླུ་སྒྲུབ་སྲས་ཀྱི་ཐུ་བོ་ལེགས་ལྡན་འབྱེད། །ཨ་བྷྱ་ཡ་སོགས་མཁས་དང་གྲུབ་པའི་ཚུལ། །འཛིན་མཛད་བླ་མ་མཆོག་ལ་གསོལ་བ་འདེབས། །རྒྱལ་བ་ཀུན་དངོས་རྗེ་བཙུན་བཙོང་ཁ་པའི། །སྲས་ཀྱི་ཐུ་བོ་(༡༤ན)མཉམ་མེད་དགེ་ལེགས་དཔལ། །ཅུང་ཟད་བསྟོད་ལས་བྱུང་བའི་བསོད་ནམས་དེས། །འགྲོ་ཀུན་ཐེག་མཆོག་མགོན་དང་ལྡན་གྱུར་ཅིག །ཕྱོགས་འདིར་ཡབ་སྲས་བླ་མའི་འཕྲིན་ལས་ཀྱི། །ཉིན་མོའི་དབང་ཕྱུག་འོད་ཟེར་སྟོང་འབར་བས། །ལོག་སྨྲ་མུན་པའི་ཚོགས་ཀུན་དྲུངས་ཕྱུང་སྟེ། །ཕན་བདེའི་འདབ་བརྒྱ་རྟག་ཏུ་རྒྱས་པར་ཤོག །ཅེས་པ་འདི་ནི་བཙུན་པ་དགེ་འདུན་རྒྱ་མཚོ་དཔལ་བཟང་པོས་དོན་གཉེར་ཅན་འགའ་ཞིག་གིས་བསྐུལ་བའི་ངོར་ཆོས་གྲྭ་ཆེན་པོ་རྩེས་ཐང་དུ་སྨྲས་པའོ།། །།

                                    རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།
     གསལ་འདེབས།
          རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།