རྒྱལ་བའི་སྲས་པོ་ཞི་བ་ལྷ་ལ་བསྟོད།
རྒྱལ་བའི་སྲས་པོ་ཞི་བ་ལྷ་ཞེས་མཆོག་ཏུ་དཀར་བའི་གྲགས་པ་ཅན་དེ་ཉིད་ལ་བསྟོད་པའི་ཚིགས་སུ་བཅད་པ་པདྨ་དཀར་པོའི་ཆུན་པོ་ཞེས་བྱ་བ།
རྗེ་བཙུན་དམ་པ་དེའི་ཞབས་ཀྱི་པདྨོར་ཕྱག་འཚལ་ལོ། །
མཆོག་ཏུ་ཞི་བའི་ཐུགས་མངའ་རྒྱལ་བའི་སྲས། །ལྷག་པའི་(༡༢བ)ལྷ་ཡིས་རྗེས་བཟུང་གྲུབ་པའི་གཙོ། །རྩེ་གཅིག་གྲུབ་པའི་དགའ་ཚལ་ལས་འོངས་པ། །བསྟོད་ཚིག་པད་དཀར་ཆུན་པོས་མཆོད་པར་བགྱི། །
ལྷོ་ཕྱོགས་ནོར་འཛིན་དགའ་མའི་མངལ་བཟང་པོར། །ས་སྐྱོང་དགེ་བའི་རིགས་ཀྱི་ས་བོན་ལས། །བྱང་ཆུབ་སེམས་ཀྱི་རྐང་འཐུང་སྤྱོད་ཚུལ་གྱི། །དྲི་བཟང་ཕྱོགས་ཀྱི་སྐྱེད་ཚལ་གསལ་བར་འགེངས། །
རིང་པོར་མ་ཐོགས་གྲུབ་པའི་མན་ངག་གི །སྤྲིངས་ཡིག་བདུད་རྩིའི་མཚམས་སྦྱོར་མ་ཉམས་པས། །འཇམ་དབྱངས་གཞོན་ནུའི་ཞལ་བཟང་མངོན་དགའ་བ། །དེ་ཡི་འདྲེན་བྱེད་ལམ་དུ་མངོན་སུམ་གྱུར། །
དགེ་བའི་ཡ་ལད་བགོས་པའི་དཔའ་བོ་ནི། །དུས་ཀྱི་ལྔ་པའི་མཐའ་ལ་བསྟེན་པ་ན། །དེ་ཡི་དྲིན་གྱིས་འཚོ་བ་འབྱུང་པོའི་ཡུམ། །དཔུང་པའི་ཀ་བས་འདེགས་སླད་ཆས་པར་གྱུར། །
གཟི་འབར་གདོང་ལྔའི་ཁྲི་ལ་གཞོན་ནུའི་གཟུགས། །ལི་ཁྲིའི་ལྕུག་ཕྲན་མཛེས་པའི་ཟློས་གར་བཞིན། །གསལ་བར་མཐོང་ཚེ་དེ་ཡིས་རྒྱལ་པོའི་དཔལ། །སྦྲུལ་གདུག་ཆགས་པའི་ཚང་ཚིང་བཞིན་དུ་དགོངས། །
དེ་མ་ཐག་ཏུ་དཔལ་ལྡན་ནཱ་རེནྡྲར། །དགེ་བའི་ལྷ་ལས་མཆོག་དུལ་ངུར་སྨྲིག་གི །རྒྱལ་མཚན་ལྷ་དང་བཅས་པའི་འཇིག་རྟེན་ལ། །ཆགས་བྲལ་མཚོན་པའི་སླད་དུ་གསལ་བར་བཞེས། །
ཕྱི་རོལ་གཡེང་བའི་དགྲ་སྡེ་མ་ལུས་པ། །དུག་གསུམ་ཉོན་མོངས་དཔུང་དང་ལྷན་ཅིག་ཏུ། །ཕམ་པར་མཛད་ཚེ་མདའ་ལྔའི་སྒྲོ་ལྡན་ཡང་། །སྟོབས་ལྡན་བཞིན་དུ་མྱ་ངན་ས་འོག་ཞུགས། །
འཇམ་དབྱངས་གསུང་གི་རྟག་ཏུ་བཅུད་ལྡན་ཞིང་། །བདེ་ཆེན་གནས་ལས་མི་གཡོ་རྡོ་རྗེའི་ཐུགས། །ཉིན་བཞིན་(༡༣ན)མཁས་པའི་བྱ་བས་དུས་མདའ་ཡང་། །ཕྱི་རོལ་ཚུལ་ལ་བྷུ་སུ་ཀུ་ཞེས་གྲགས། །
མངོན་པར་ཤེས་པའི་ལྟ་བྱེད་དང་བྲལ་བས། །འདི་ནི་དགེ་སྦྱོང་ཚུལ་ལས་ཉམས་སོ་ཞེས། །རབ་སྨད་མཐོན་པོའི་ཁྲི་ལ་མགོན་པོ་ཁྱོད། །ཞུམ་པ་བསྐྱེད་ཕྱིར་དམ་ཆོས་སྟོན་པར་གསོལ། །
རི་དབང་ལྟ་བུར་མཐོ་བའི་སྤོབས་པ་དང་། །མཁའ་ལྟར་ཕ་མཐའ་བྲལ་བའི་མཁྱེན་པ་ཡིས། །ཟབ་ཅིང་རྒྱ་ཆེའི་སྔོན་མེད་གཎྜཱིའི་དབྱངས། །ཕྱོགས་ཀྱི་བུ་མོའི་རྣ་བར་གསལ་བར་བསྒྲགས། །
ཉིད་ཀྱི་སྤངས་རྟོགས་ཚུལ་ལ་འགྲན་པ་བཞིན། །ཇེ་མཐོ་ཇེ་མཐོར་རྫུ་འཕྲུལ་གཤོག་རླབས་ཀྱིས། །འཆི་མེད་ལམ་དུ་གཤེགས་ཚེ་ཀུན་གྱི་ཡིད། །དད་དང་མིག་མཚོར་མཆི་མའི་ཆུ་ཐིགས་གཡོས། །
གཞན་ཡང་བགྲང་ཡས་ཆོ་འཕྲུལ་སྣ་ཚོགས་ཀྱིས། །འཐབ་རྩོད་ལྟ་བ་ངན་ལས་བཟློག་པ་དང་། །ཕོངས་རྣམས་གཏོང་བའི་ཕྱག་གིས་དབུགས་ཕྱུང་ཞིང་། །དྲེགས་ལྡན་དྲེགས་པའི་རི་བོ་བསྙིལ་བར་མཛད། །
འབུམ་ཕྲག་ས་ཡི་བདག་པོ་གཟི་འོད་ཅན། །ལོག་ལྟའི་འདྲེན་བྱེད་སྲེག་ལ་དུས་མཐའི་མེ། །གྲུབ་པའི་མཚོན་གྱིས་ལྷ་མིན་སྲོག་འཕྲོག་པའི། །དབང་པོའི་ལག་ཉལ་ལ་ཡང་ལན་བརྒྱར་འགོངས།
ཁྱད་པར་འཁྱོག་ལྡན་པིར་གྱིས་གོ་འབྱེད་ངོས། །ཕྱུགས་བདག་གཞལ་མེད་མཚོན་གྱིས་བཀྲ་བ་ན། །འཐོར་བྱེད་དྲི་ཡི་བཞོན་པས་མཐར་བདས་ཏེ། །ཐུབ་བསྟན་ཉི་མ་སྟོང་ལྟར་གསལ་བར་མཛད། །
དེ་ལྟར་རྒྱལ་བའི་སྲས་ཀྱི་སྤྱོད་ཚུལ་ལ། །ཆ་ཙམ་བསྟོད་ལས་བྱུང་བའི་དགེ་བ་དེས། །ཚེ་རབས་ཀུན་དུ་རླབས་ཆེན་སྙིང་(༡༣བ) སྟོབས་ཀྱིས། །རྒྱལ་སྲས་ཀུན་གྱི་མཛད་པ་སྒྲུབ་གྱུར་ཅིག །
ཅེས་རྒྱལ་སྲས་ཞི་བ་ལྷ་ལ་རྣམ་ཐར་དང་མཐུན་པར་བསྟོད་པ་པདྨ་དཀར་པོའི་ཆུན་པོ་ཞེས་བྱ་བ་འདི་ནི་སྐྱེ་མཆོག་བློ་གྲོས་ཚུལ་ཁྲིམས་པས་བསྐུལ་བའི་ངོར་མང་དུ་ཐོས་པའི་སྙན་ངག་མཁན་བཙུན་པ་དགེ་འདུན་རྒྱ་མཚོ་དཔལ་བཟང་པོས་རྒྱལ་མཚན་མཐོན་པོའི་དབེན་གནས་དམ་པར་ཉེ་བར་སྦྱར་བའོ།།
རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn