དཔལ་ལྡན་ཤ་བ་རི་དབང་ཕྱུག་ལ་བསྟོད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-07-15 08:52:54     རྩོམ་པ་པོ།   རྗེ་དགེ་འདུན་རྒྱ་མཚོ།     ཀློག་ཐེངས།  

  y5y5IMG_3714.JPGy5y5IMG_3734.JPG

དཔལ་ལྡན་ཤ་བ་རི་དབང་ཕྱུག་ལ་བསྟོད་པ་ནི། ན་མོ་བཛྲ་དྷ་རཱ་ཡ། ཇི་སྙེད་ཆོས་རྣམས་ཀུན་གྱི་གདོད་མའི་གཤིས། །དབྱེར་མེད་བརྗོད་བྲལ་ལྷན་ཅིག་སྐྱེས་པའི་དངོས། །གྲུབ་པའི་དབང་པོའི་གར་གྱིས་རྣམ་རོལ་བ། ཁྱོད་ཞབས་པདྨོར་དང་བས་ཕྱག་བགྱིད་དོ། །ཏེ་ཏེ་ན་ཞེས་བརྒྱ་བྱིན་གྲོང་ཁྱེར་གྱི། །མཛེས་པ་ཐུལ་བར་གར་མཁན་རིགས་(༡༡བ)དག་ཏུ། །འཁྲུངས་གྱུར་མཁར་ཉལ་ཚོགས་བཞིན་གླུ་གར་གྱིས། །རྣམ་རོལ་མཆེད་ལྕམ་དང་བཅས་ཁྱོད་ཕྱག་འཚལ། །ཀླུ་སྒྲུབ་ཞབས་སེན་གསར་པའི་ཟླ་ཚེས་ནི། །མཆོག་གི་དངོས་གྲུབ་རྣམ་པ་དང་བཅས་བཞིན། །དགྱེས་པའི་འཛུམ་དཀར་འོད་དང་ལྷན་ཅིག་ཏུ། །རལ་པའི་ནགས་སུ་ལྷུང་གྱུར་ཁྱོད་ཕྱག་འཚལ། །བློ་གྲོས་ཡིད་བཞིན་རིན་ཅེན་ཡིད་བཟང་གི །རི་མོ་མིག་ལ་བདུད་རྩིའི་ཆར་འབབས་པ། །དེ་མཐོང་ངོ་མཚར་གྱུར་ལས་འདི་ཅི་ཞེས། །གུས་ལྡན་ཞེ་སར་བཅས་གསོལ་ཁྱོད་ཕྱག་འཚལ། །དེ་ཚེ་འདི་ནི་རྒྱལ་སྲས་འཆི་མེད་བུ། །ཆུ་བུར་མིག་གི་ཡུལ་མིན་ཞེས་སྩལ་བས། །ཞལ་བཟང་བདུད་རྩི་འཐུང་བའི་ཐབས་གང་ཞེས། །འདུན་པའི་དབང་དུ་གྱུར་ལ་ཕྱག་འཚལ་ལོ། །དེ་ནས་འཁོར་ལོ་ལྔ་ཡི་དཀྱིལ་འཁོར་དུ། །དབང་གི་ཆུ་བོས་སྨིན་མཛད་གདམས་ངག་གི །གསེར་གྱི་ཐུར་མས་རབ་རིབ་ཀུན་བསལ་ཏེ། །འོད་གསལ་རྒྱལ་བའི་སྲས་གཟིགས་ཁྱོད་ཕྱག་འཚལ། །དྲུག་ལྡན་གླུ་ཡིས་ངེས་བཅིངས་མདའ་བསྣུན་གྱི། །དོན་བཟང་དབྱངས་ཀྱིས་མཆོད་ཚེ་མགོན་དེ་ཡིས། །དེ་ཡི་དོན་དྲིས་ལྐོག་ཏུ་གྱུར་པ་ལ། །མངོན་སུམ་ཉིད་དུ་སྣང་མཛད་ཁྱོད་ཕྱག་འཚལ། །དེ་ནས་ཧི་རའི་རྐང་འཐུང་ཕྲེང་བ་ཅན། །དཔལ་གྱི་ས་འཛིན་ངོགས་སུ་ལུང་བསྟན་ཏེ། །ཤ་བ་རི་ཡི་ཆས་བཟུང་སྐལ་བཟང་ཀུན། །རྗེས་སུ་འཛིན་པའི་དབང་ཕྱུག་ཁྱོད་ཕྱག་འཚལ། །ཐབས་ཤེས་གཞུ་ལས་སྙིང་པོའི་དོན་གྱི་མདའ། །གཟུང་འཛིན་རི་དྭགས་ཀུན་གྱི་སྲོག་འཕྲོག་པ། །འཕོང་སྐྱེན་ཁྱོད་ཀྱིས་(༡༢ན)མདའ་ལྔ་པ་བཅོམ་པས། །སྲིད་སྒྲུབ་ལྔ་པའི་མཐའ་ལ་བྲོས་པར་གྱུར། །འཇའ་ལུས་རྡོ་རྗེའི་སྐུ་བརྙེས་བདེ་ཆེན་གྱི། །གནས་ལ་འདོད་དགུར་སྤྱོད་ཀྱང་ཐུགས་རྗེ་ཡིས། །བགྲང་ཡས་སྤྲུལ་བའི་གར་གྱིས་རྣམ་རོལ་བ། ཁྱོད་ལ་རྣམ་པ་ཀུན་དུ་ཕྱག་འཚལ་ལོ། །དེ་ལྟར་ཁྱོད་ཞབས་རྗེས་སུ་དྲན་པ་ལས། །ཅུང་ཟད་བསྟོད་འདིས་ཚེ་རབས་ཐམས་ཅད་དུ། །ཞབས་སེན་སྤྱི་བོའི་རྒྱན་དུ་མི་འབྲལ་ཞིང་། །ངོམས་མེད་གསུང་གི་བདུད་རྩི་འཐུང་བར་ཤོག །བརྩེ་ལྡན་ཁྱེད་ཀྱིས་དགྱེས་བཞིན་རྗེས་བཟུང་ནས། །ཅུང་ཟད་ཙམ་གྱི་དཀའ་བ་མེད་པར་ཡང་། །བདེ་ཆེན་ལམ་གྱི་རྟོགས་པ་མཐར་སོན་ནས། །ཟུང་འཇུག་གོ་འཕང་ཚེ་འདིར་ཐོབ་གྱུར་ཅིག །གནས་སྐབས་འདིར་ཡང་བདུད་སྡེའི་དགྲ་རྣམས་ཀྱི། །བར་དུ་གཅོད་པས་ནམ་ཡང་མི་བརྫི་བར། །བསྟན་དང་སེམས་ཅན་དོན་ཆེན་སྒྲུབ་པ་ལ། །གྲུབ་པའི་དབང་པོ་ཁྱོད་དང་མཚུངས་པར་ཤོག །ཅེས་དཔལ་རི་ཁྲོད་ཞབས་ཀྱི་རྣམ་པར་ཐར་པ་ལ་བསྟོད་པ་མདོ་ཙམ་དུ་བརྗོད་པ་འདི་ནི་དགེ་བའི་བཤེས་གཉེན་ཤཱཀྱ་མགོན་པོས་བསྐུལ་བ་ལས་བཙུན་པ་དགེ་འདུན་རྒྱ་མཚོའི་དཔལ་གྱིས་ཆོས་གྲྭ་ཆེན་པོ་རྩེས་ཐང་དུ་ཉེ་བར་སྦྱར་བའོ།། །།

 

                   རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།
   གསལ་འདེབས། 
      རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་ དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
     དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།