སངས་རྒྱས་གཉིས་པ་ཀླུ་སྒྲུབ་ཞབས་ལ་བསྟོད་པ།
སངས་རྒྱས་གཉིས་པ་ཀླུ་སྒྲུབ་ཞབས་ལ་བསྟོད་པ་མཆོག་ཏུ་དད་པའི་སྒྲ་དབྱངས་ཞེས་བྱ་བ། མགོན་པོ་དེ་ཉིད་ཀྱི་པདྨོ་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །ཉི་མའི་གཉེན་གྱི་ལྗགས་ཡངས་པདྨོ་མཚོར། །ལུང་བསྟན་བུང་བའི་དར་དིར་འབུམ་འཁྲིགས་པས། །དྲི་ཟའི་ཕང་འགྲོ་ལྟ་བུར་ཁྱོད་བསྔགས་ན། །བདག་ལྟས་ཅུང་ཞིག་བསྟོད་ལ་ཅི་ཞིག་བལྟོས། །འོན་ཀྱང་རྙེད་དཀའི་ལུས་འདི་རོ་འཛིན་བཅས། །སྙིང་པོར་བགྱི་སླད་མགོན་ཁྱོད་ཡོན་ཏན་གྱི། །རྒྱ་མཚོ་ཆེ་ལས་སྤོབས་པའི་རྔ་ཡབ་རྩེས། །ཕྲ་མོའི་ཆུ་ཐིགས་བླངས་ཏེ་གར་བགྱིད་དོ། །མཐའ་དབུས་ཀུན་བྲལ་ཟབ་ཡངས་ཡིད་བཞིན་མཚོར། །ལྟ་ཟེར་ཕྲེང་བས་སྟུག་པོའི་མུན་གནག་འཇོམས། །ས་གསུམ་རིན་ཅེན་གཅིག་གྱུར་གདེངས་ཀ་ཅན། །དཔལ་ལྡན་ཀླུ་ཡི་དབང་པོར་ཕྱག་བགྱིད་དོ། །གཉིས་མེད་གསུང་བའི་སྒྲོ་ལྡན་གཅིག་གིས་ཀྱང་། །རྨོངས་པའི་གྲོང་ཁྱེར་སུམ་བརྩེགས་མཐར་མཛད་པས། །སྲིད་སྒྲུབ་ལྔ་པའི་མཐའ་ལ་བསྙེགས་གྱུར་ཅིང་། །མདའ་ལྔ་པས་ཀྱང་ལུས་མེད་གནས་སྐབས་བསྟེན། །མཁར་ཉལ་སར་གཤེགས་བ་ཏའི་གྲོང་ཁྱེར་དུ། །རྨུགས་འཛིན་ལ་འཁུ་འབྱོར་པའི་བང་མཛོད་ཅན། །རིག་བྱེད་གཏེར་གྱུར་གཉིས་སྐྱེས་དབང་པོ་ཡི། །སྲས་སུ་ལེགས་པར་འཁྲུངས་ལ་ཕྱག་འཚལ་ལོ། །དེ་ཚེ་མཚན་མཁན་དག་ལ་ལེགས་བསྟན་པས། །མཚན་བཟང་མན་དྷ་ར་ཡི་ཕྲེང་རྒྱས་(༡༠ན)ཀྱང་། །ཚེ་ཡི་ཚད་ནི་ཞག་བདུན་གཉིས་སྐྱེས་དང་། །དགེ་སློང་བརྒྱ་ལ་ཆོས་སྟོན་གསོལ་བ་ན། །ལོ་བདུན་འཚོ་ཞེས་སྨྲས་ལས་ཕ་མ་ཡིས། །ཉི་མའི་བུ་ཡི་མཆེ་བའི་ཕྲག་ཏུ་ནི། །ཞུགས་པ་ལྟ་བར་མ་བཟོད་གྲོགས་དང་བཅས། །སྤྲིངས་ལས་ནཱ་རེན་དྲར་གཤེགས་ཁྱོད་ཕྱག་འཚལ། །དེར་ནི་ལྷ་བརྒྱའི་གཙུག་ནོར་འོད་ཟེར་དང་། །རབ་མཛེས་ཐུན་འཚམས་སུ་ཤར་ཟླ་འོད་བཞིན། །མདའ་བསྣུན་ཞབས་སེན་མཆོག་གི་དངོས་གྲུབ་ནི། །རྣམ་པ་དང་བཅས་ཁྱོད་ཀྱི་སྤྱི་བོར་ལྷུང་། །ངུར་སྨྲིག་རྒྱལ་མཚན་གྱིས་ཀླུབས་ཚེ་དཔག་མེད། །འཆི་བདག་འཇོམས་པའི་དཀྱིལ་འཁོར་དུ་དབང་བསྐུར། །དུས་ཀྱི་བེ་ཅོན་རི་མོའི་གནས་བཀོད་དེ། །འཆི་བདག་གཡུལ་ལས་རྒྱལ་ལ་ཕྱག་འཚལ་ལོ། །སྒྲ་གཅན་འཛིན་ལས་དགེ་སློང་དངོས་པོ་ནི། །ལེགས་བཞེས་དཔལ་ལྡན་ཐུབ་པའི་མཚན་འཆང་བ། །ཐུན་འཚམས་སྤྲིན་ཆགས་འཆི་མེད་རི་བོ་ཡི། །མཛེས་པ་ཕམ་པར་མཛད་ལ་ཕྱག་འཚལ་ལོ། །དཔལ་སྟུག་དབྱར་སྐྱེས་མངལ་ལས་ལེགས་ཐོན་པའི། །མཐའ་མེད་མདོ་དང་རྒྱུད་སྡེའི་ཆུ་གླང་བདག །རྣམ་དཔྱོད་ཧུབ་ཐེངས་གཅིག་གིས་ཞལ་གྱི་སྐོར། །ལེགས་དྲངས་མཁྱེན་པའི་གཏེར་གྱུར་ཁྱོད་ཕྱག་འཚལ། །རྒྱལ་དང་རྒྱལ་སྲས་སེམས་མའི་ཚོགས་རྣམས་དང་། །ཕྱོགས་ཀྱི་མགྱོགས་འགྲོ་མ་ལུས་ལྷན་ཅིག་ཏུ། །མི་བསྐྱོད་ཞིང་དུ་ཐིམ་ཚེ་མཁའ་ཁྱབ་ཏུ། །སྒྱུ་འཕྲུལ་དྲ་བའི་རོལ་གར་འཛིན་ལ་འདུད། །མགོན་ཁྱོད་དབང་བཅུ་བརྙེས་ཀྱང་གསེར་གྱུར་གྱི། །རྩི་ཡི་ཟོལ་ལས་ཟླ་བའི་སྤུན་ཟླ་བཞིན། །འདོད་(༡༠བ)དགུའི་ཆར་བབ་དགེ་འདུན་འདུས་པའི་སྡེ། །ཕོངས་པའི་དགྲ་ལས་སྲུང་མཛད་ཁྱོད་ཕྱག་འཚལ། །ཀུན་དུ་གཏོང་བ་ཡངས་པའི་ཕྱག་བརྐྱངས་ནས། །རྫོགས་ལྡན་བཞིན་དུ་འགྲོ་ཀུན་ཚིམ་མཛད་པས། །སྐྱེངས་པས་སྟོབས་ལྡན་ས་འོག་ཏུ་ཞུགས་ཤིང་། །ཟླ་བའི་མ་མ་ཀུན་དུ་འདར་བ་སྙམ། །གདེངས་ཅན་འདྲེན་པས་རང་གི་ཕོ་བྲང་དུ། །སྤྱན་དྲངས་ནོར་བུའི་ཁྲི་ལ་ཞབས་བཀོད་དེ། །སྐལ་ལྡན་ལྟོ་འགྲོའི་ཚོགས་རྣམས་མ་ལུས་པ། །ཐེག་མཆོག་བདུད་རྩིས་ཚིམ་མཛད་ཁྱོད་ཕྱག་འཚལ། །རྒྱལ་བ་ཀུན་ཡུམ་སྟོང་ཕྲག་བརྒྱ་པ་དང་། །རྡོ་རྗེའི་འཇིམ་པ་མང་པོ་ལེགས་བསྣམས་ཏེ། །འཛམ་གླིང་མཆོད་རྟེན་བྱེ་བས་མཛེས་བྱས་ཤིང་། །བགྲང་ཡས་མཁས་ལ་ཆོས་སྟོན་མཛད་ཕྱག་འཚལ། །རྒྱལ་བའི་གསུང་ལ་དྲང་ངེས་ལེགས་ཕྱེ་ཞིང་། །ཐུབ་པའི་ཆོས་ཚུལ་ཀུན་གྱི་བླ་མ་མཆོག །དཔལ་ལྡན་འདུས་པ་ལ་སོགས་བཀའ་ཀུན་གྱི། །དགོངས་པ་རང་དབང་འགྲེལ་མཛད་ཁྱོད་ཕྱག་འཚལ། །མདོ་རྒྱུད་དགོངས་པ་འགྲེལ་བའི་བསྟན་བཅོས་དང་། །གསོ་རིག་ལ་སོགས་ཐུན་མོང་རིག་གནས་དང་། །འཇིག་རྟེན་ལུགས་ཀྱི་བསྟན་བཅོས་མང་མཛད་ནས། །ས་གསུམ་འགྲོ་འདི་སྣང་མཛད་ཁྱོད་ཕྱག་འཚལ། །རྫུ་འཕྲུལ་རོལ་པས་སྒྲ་མི་སྙན་དུའང་གཤེགས། །གཞོན་ནུ་བདེ་སྤྱོད་རྒྱལ་པོར་ལུང་བསྟན་ཅིང་། །བདེ་སོགས་བདག་པོའི་འབྱོར་པས་རྣམ་རྩེན་ཏེ། །རྡུལ་བྲལ་བཀུར་སྟིས་ཁྱོད་ཞབས་རིང་དུ་མཆོད། །དྲུག་གིས་བཅིངས་པའི་བརྒྱ་ཕྲག་ལོ་ཚིགས་སུ། །བསྟན་པ་བསྐྱངས་ནས་ཐུགས་རྗེས་སློང་བ་ལ། །རང་གི་དབུ་སྩལ་བདེ་(༡༡ན)བ་ཅན་གྱི་ཞིང་། །གཤེགས་པའི་ཚུལ་བསྟན་ཁྱོད་ལ་ཕྱག་འཚལ་ལོ། །རྣམ་ཀུན་མཆོག་ལྡན་འཇའ་ལུས་རྡོ་རྗེའི་སྐུ། །སྒྲིབ་བྲལ་འོད་གསལ་དབྱིངས་དང་རོ་གཅིག་པ། ཁ་སྦྱོར་བདུན་ལྡན་གོ་འཕང་མངོན་མཛད་དེ། ཁམས་གསུམ་འགྲོ་བའི་སྐྱབས་གྱུར་ཁྱོད་ཕྱག་འཚལ། །དེ་ལྟར་མགོན་ཁྱོད་ཡོན་ཏན་རྒྱ་མཚོ་ལས། །ཆུ་ཐིགས་ཙམ་ཞིག་བརྗོད་པའི་བསོད་ནམས་ཀྱིས། །བརྒྱ་ཕྲག་དཀའ་བ་སྤྱད་ལ་མ་ལྟོས་པར། །ཚེ་འདི་ཉིད་ལ་སྐུ་གསུམ་ཐོབ་གྱུར་ཅིག །མདོ་དང་སྔགས་ཀྱི་རྒྱལ་བའི་ཆོས་ཚུལ་ཀུན། །མགོན་པོ་ཁྱོད་ཀྱིས་ཇི་བཞིན་ལེགས་བཀྲལ་བའི། །དགོངས་དོན་བདེ་བླག་ཉིད་དུ་རྟོགས་གྱུར་ཏེ། །ཐུབ་བསྟན་ཕྱོགས་དུས་ཀུན་དུ་རྒྱས་བྱེད་ཤོག །ཅེས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ལ་རྣམ་ཐར་དང་མཐུན་པར་ཅུང་ཟད་བསྟོད་པ་འདི་ནི་སྡེ་སྣོད་འཛིན་པ་དགེ་འདུན་ལྷུན་གྲུབ་ཀྱིས་ཀྱང་ཉེ་བར་བསྐུལ་ཞིང་། ཁྱད་པར་རང་གི་དད་པས་ཀུན་ནས་བསླང་སྟེ་བཙུན་པ་དགེ་འདུན་རྒྱ་མཚོའི་དཔལ་གྱི་ཆོས་འཁོར་རྒྱལ་བཀྲ་ཤིས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་སྦྱར་བའོ།། །།
རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn