རྒྱལ་པོའི་གསང་བ་བསམ་གྱིས་མི་ཁྱབ་པའི་ཚུལ་ལ་ཅུང་ཟད་བསྟོད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-07-12 11:19:32     རྩོམ་པ་པོ།   རྗེ་དགེ་འདུན་རྒྱ་མཚོ།    ཀློག་ཐེངས།  

y5y5IMG_3740.JPG

 

བླ་མ་དང་འཕགས་པ་སྤྱན་རས་གཟིགས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ། །རབ་འབྱམས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི། །སྟོང་ཉིད་སྙིང་རྗེ་གཅིག་གྱུར་བྱང་ཆུབ་སེམས། །མ་ལུས་རྒྱལ་བའི་འབྱུང་གནས་སྤྱན་རས་གཟིགས། །མི་ཡི་གཟུགས་སུ་སྤྲུལ་ལ་གུས་ཕྱག་འཚལ། །གང་སྔོན་བརྗོད་དུ་མེད་པའི་སྐལ་པ་ནས། །སྐུ་གསུམ་འཆི་མེད་རོལ་གནས་ལ་སྤྱོད་ཀྱང་། །མ་ལུས་གདུལ་བྱའི་ཞིང་དུ་གང་འཚམ་གྱི། །སྐུ་གསུང་ཐུགས་ཀྱི་བཀོད་པ་ཅིར་ཡང་སྟོན། །གྲངས་མེད་ཞིང་གི་རྡུལ་མཉམ་འཇིག་རྟེན་དུ། །ཚོན་བརྒྱ་ཉེ་བའི་ནོར་བུ་ཆུ་ཤེལ་བཞིན། །སྐུ་གསུམ་རྒྱན་གྱི་འཁོར་ལོ་ཅིག་ཅར་ཡང་། །རྣམ་རོལ་འགྲོ་བའི་སྐྱབས་གཅིག་ཁྱོད་ཕྱག་འཚལ། །མ་ལུས་རྒྱལ་བའི་དུས་གསུམ་རྣམ་རོལ་དང་། །དེ་བཞིན་རྒྱས་སྲས་ཉན་རང་འཕགས་ཀུན་དང་། །རིགས་དྲུག་འགྲོ་བའི་(༤ན)གནས་དང་སྤྱོད་ཚུལ་ཀུན། ཁྱོད་ཀྱི་བ་སྤུའི་ཁུང་བུ་གཅིག་ཏུའང་སྟོན། །དེ་སླད་ནམ་མཁའི་མཐས་ཁྱབ་འཇིག་རྟེན་དུ། །ཇི་སྙེད་འགྲོ་བའི་ཁམས་དང་བསམ་པ་བཞིན། །མགོན་ཁྱོད་རྒྱལ་བ་རྒྱ་མཚོའི་རྣམ་འཕྲུལ་ནི། །རྒྱལ་རྣམས་ཀྱིས་ཀྱང་གཞལ་བར་ནུས་མ་ལགས། །མར་མེ་མཛད་དཔལ་ཡེ་ཤེས་སྣང་བ་ལས། །གཉིས་ལྷག་ཉི་ཤུའི་ནོར་བུའི་མེ་ལོང་དུ། །རབ་འཕོས་ངོ་མཚར་གཏམ་གྱི་རི་མོ་ནི། །དཔྱོད་ལྡན་བློ་གྲོས་མིག་གི་བདུད་རྩིར་གྱུར། ཁ་བའི་རྡུལ་བརྩེགས་འཁྲིགས་པའི་བྱང་ཕྱོགས་འདིར། །སྔོན་རབས་རྒྱལ་བློན་སེམས་དཔའི་ཕྲེང་བ་ནི། །ལེགས་སྤྲུལ་ཀཻ་ལ་ཤ་ཡི་དུམ་བུ་ཡང་། །གཟུགས་བརྙན་རི་མོའི་གནས་སྐབས་ཉིད་ལ་བཀོད། ཁྱད་པར་འཇིག་རྟེན་དབང་པོ་སྲོང་བཙན་གྱི། །ཞབས་མཐིལ་འཁོར་ལོ་གང་ལ་རེག་པའི་གནས། །ས་འདི་རྒྱལ་སྲས་འཕགས་པའི་ཚོགས་རྣམས་ཀྱིས། །ཡོངས་གང་འོག་མིན་ཆོས་ཀྱི་ཕོ་བྲང་ཉིད། །ཇོ་བོ་རྣམ་གཉིས་ནོར་བུའི་ཅོད་པན་ཅན། །གཙུག་ལག་རིན་ཅེན་ཕྲེང་བའི་དོ་ཤལ་དགོད། །ཐུབ་བསྟན་དུ་གུ་ལ་ཡི་འཇོ་སྒེག་ཅན། །ནོར་འཛིན་བུ་མོས་ཕྱོགས་ཀྱི་དུལ་བ་འཕྲོག །མར་མེ་མཛད་དཔལ་དེད་དཔོན་མགོན་དང་བཅས། །རྒྱལ་བའི་འབྱུང་གནས་འཕྲིན་ལས་གྲུ་ཆེན་གྱིས། །འགྲོ་ཀུན་སྲིད་པའི་མཚོ་ལས་མྱུར་སྒྲོལ་ཞེས། །རབ་དགྱེས་རྒྱལ་རྣམས་ཞི་བའི་དབྱིངས་སུ་གཟིམས། ཁྲིམས་ལྡན་ངུར་སྨྲིག་འཛིན་པའི་ཟློས་གར་གྱིས། །བསླབ་གསུམ་རྒྱན་ལྡན་བགྲང་ཡས་འདུས་པའི་ཚོགས། །ས་འདི་གུར་གུམ་དོག་པས་འགེངས་མཛད་ཅིང་། །(༤བ)མཁའ་ཡང་ཐུན་འཚམས་གོས་དང་ལྡན་པར་མཛད། །མ་ལུས་ཕྱོགས་བཅུའི་རྒྱལ་བ་ཀུན་གྱི་ཡབ། །ས་བཅུའི་དབང་ཕྱུག་རྒྱལ་སྲས་ཀུན་གྱི་གཙོ། །ཉན་ཐོས་རང་རྒྱལ་འཕགས་ཚོགས་ཀུན་གྱི་རྗེ། །མཐའ་ཡས་འགྲོ་བའི་སྐྱབས་གཅིག་ཁྱོད་ཕྱག་འཚལ། །ནམ་མཁའི་ཁམས་འདི་ཞིག་པར་མ་གྱུར་ཅིང་། །སེམས་ཅན་ཁམས་འདི་ཟད་པར་མ་གྱུར་པ། །དེ་སྲིད་མགོན་པོ་ཁྱོད་ཀྱི་འཕྲིན་ལས་ནི། །ལྷུན་གྲུབ་རྒྱུན་མི་འཆད་ལ་གུས་ཕྱག་འཚལ། །རྒྱལ་བའི་འབྱུང་གནས་སྤྱན་རས་གཟིགས་དབང་གི །གསང་བ་བསམ་གྱི་མི་ཁྱབ་རྣམ་ཐར་ལ། །ཆུ་ཐིགས་ཙམ་ཞིག་བསྟོད་པའི་དགེ་བ་དེས། །རྒྱལ་བ་ཡབ་སྲས་གཉིས་དང་མི་འབྲལ་ཤོག །དུས་གསུམ་རྒྱལ་བ་ཀུན་གྱི་བགྲོད་གཅིག་ལམ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་བྱང་ཆུབ་སེམས། །སྙིང་གི་བུམ་བཟང་རྟག་ཏུ་ཡོངས་གང་བས། །རྒྱལ་བའི་འབྱུང་གནས་མྱུར་དུ་ཐོབ་པར་ཤོག །ཅེས་འབྲོམ་ཆོས་ཀྱི་རྒྱལ་པོའི་གསང་བ་བསམ་གྱིས་མི་ཁྱབ་པའི་ཚུལ་ལ་ཅུང་ཟད་བསྟོད་པ་འདི་ནི། ནང་སོ་སྟག་ཕུ་བ་བསོད་ནམས་ཆོས་ཀྱི་རྒྱ་མཚོས་བསྐུལ་བའི་ངོར། བཀའ་གདམས་ཀྱི་བཙུན་པ་དགེ་འདུན་རྒྱ་མཚོའི་དཔལ་གྱིས་ཆོས་འཁོར་རྒྱལ་བཀྲ་ཤིས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་སྦྱར་བའོ།། །།

                       རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ།
གསལ་འདེབས། 
       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།