འབྲོམ་ཆོས་ཀྱི་རྒྱལ་པོ་ལ་བསྟོད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-07-12 10:52:36     རྩོམ་པ་པོ།   རྗེ་དགེ་འདུན་རྒྱ་མཚོ།     ཀློག་ཐེངས།  

ལྷར་བཅས་འགྲོ་བའི་སྟོན་པ་འོད་དཔག་མེད། །སྙིགས་དུས་འགྲོ་ལ་བརྩེ་བས་མ་བཟོད་ནས། །ངུར་སྨྲིག་འཛིན་པའི་གར་གྱིས་རྣམ་རོལ་བ། །མགོན་པོ་ཨ་ཏི་ཤ་ལ་གསོལ་བ་འདེབས། །གྲངས་མེད་རྒྱལ་བ་ཀུན་གྱི་ཐུགས་རྗེའི་གཏེར། །གཅིག་ཏུ་བསྡུས་པ་འབྲོམ་སྟོན་ཆོས་ཀྱི་རྗེ། །རབ་འབྱམས་རྒྱལ་བའི་འབྱུང་གནས་མི་ཟད་པ། །བཤེས་གཉེན་སྟོན་པའི་ཞབས་ལ་གསོལ་བ་འདེབས། །དཔག་མེད་དུས་ནས་མངོན་པར་སངས་རྒྱས་ཀྱང་། །ཚད་མེད་ཐུགས་རྗེའི་གཞན་དབང་གྱུར་པའི་མཐུས། །མུ་མེད་ཞིང་དུ་གྲངས་མེད་(༣ན)སྤྲུལ་པ་ཡི། །རྣམ་རོལ་སྣ་ཚོགས་སྟོན་ལ་གསོལ་བ་འདེབས། །ཀུན་ལ་མ་ལྟར་བརྩེ་བའི་ཐུགས་རྗེ་ཡིས། །ཀུན་དུ་གདུལ་བར་དཀའ་བའི་སེམས་ཅན་རྣམས། །ཀུན་མཁྱེན་གོ་འཕང་མཆོག་ལ་འགོད་མཛད་པ། །ཀུན་གྱི་སྐྱབས་གནས་ཁྱོད་ལ་གསོལ་བ་འདེབས། ཁྱོད་ཐུགས་ཞི་བའི་ངང་ལས་མ་གཡོས་ཀྱང་། ཁྱོད་སྐུའི་རྣམ་རོལ་སྟོང་གི་ཟློས་གར་གྱིས། ཁྱོད་གསུང་བདུད་རྩིའི་གྲུ་ཆར་འབེབས་མཁས་པ། ཁྱོད་ལ་སྙིང་ནས་གུས་པས་གསོལ་བ་འདེབས། །སྐུ་གསུམ་གོ་འཕང་མཐོན་པོར་འཛེགས་པ་ཁྱོད། །སྲིད་གསུམ་འགྲོ་ལ་ཐུགས་རྗེའི་སྤྱན་རས་ཀྱིས། །དུས་གསུམ་ཀུན་དུ་གཟིགས་པ་ལྷུར་ལེན་པ། །སྐྱབས་གསུམ་ཀུན་འདུས་ཁྱོད་ལ་གསོལ་བ་འདེབས། །ལྷག་བསམ་རྣམ་དག་འཛིན་མའི་ཁྱོན་ཡངས་ལས། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་ཡོངས་རྫོགས་པ། །སྐུ་གསུམ་འབྲས་བུའི་སྙེ་མས་གཡུར་ཟ་བའི། །འདོད་དགུའི་དཔག་བསམ་ཁྱོད་ལ་གསོལ་བ་འདེབས། །དེ་ལྟར་བདག་གིས་མགོན་པོ་སྤྱན་རས་གཟིགས། །ཅུང་ཟད་བསྟོད་ལས་བྱུང་བའི་བསོད་ནམས་ཀྱིས། །ཚེ་རབས་ཀུན་དུ་ཇོ་བོ་ཡབ་སྲས་ཀྱིས། །དགྱེས་བཞིན་རྗེས་སུ་འཛིན་པར་བྱིན་གྱིས་རློབས། །ངན་སོང་གསུམ་གྱི་འཇིགས་པས་ཡིད་སྐྲག་ནས། །སྙིང་ནས་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་ཞིང་། །དགེ་དང་མི་དགེའི་ལས་ཀྱི་འཇུག་ལྡོག་གི །བླང་དོར་ཚུལ་བཞིན་བྱེད་པར་བྱིན་གྱིས་རློབས། །ཚེ་རབས་ཀུན་དུ་འཁོར་བའི་ཕུན་ཚོགས་ལ། །རྨི་ལམ་དུ་ཡང་སྲེད་པ་མི་སྐྱེ་ཞིང་། །(༣བ)ཐོག་མེད་དུས་ནས་བསྐྱངས་པའི་མ་རྣམས་ལ། །བཅོས་མིན་སྙིང་རྗེ་སྐྱེ་བར་བྱིིན་གྱིས་རློབས། །ལུས་ཅན་འཁོར་བའི་མཚོ་ལས་སྒྲོལ་བ་ལ། །ཞུམ་པ་མེད་པའི་རྨད་བྱུང་སྙིང་སྟོབས་ཀྱིས། །སེམས་ནི་བྱུང་ཆུབ་དམ་པར་བསྐྱེད་བྱས་ནས། །ཕྱིན་དྲུག་སྤྱོད་པས་འཚོ་བར་བྱིན་གྱིས་རློབས། །གནས་སྐབས་སུ་ཡང་བཤད་དང་སྒྲུབ་པ་ཡི། །བཀའ་གདམས་བསྟན་པའི་རྒྱལ་མཚན་ཕྱོགས་ཀུན་དུ། །སྒྲེང་ལ་ས་སྟེང་འགྲན་ཟླ་མ་མཆིས་པའི། །ཕྱོགས་ལས་རྣམ་པར་རྒྱལ་བ་ཐོབ་པར་ཤོག །ཅེས་པ་འབྲོམ་ཆོས་ཀྱི་རྒྱལ་པོ་ལ་བསྟོད་ཅིང་གསོལ་བ་འདེབས་པའི་ཚུལ་འདི་ནི། བཙུན་པ་དགེ་འདུན་རྒྱ་མཚོའི་དཔལ་གྱིས་ར་སྒྲེང་རྒྱལ་བའི་དབེན་གནས་སུ་སྦྱར་བའོ།། །།

                         རྩོམ་སྒྲིག་པ། ཀླུ་ཚང་འཇམ་དབྱངས་ཤེས་རབ། 
གསལ་འདེབས། 
       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།