མཁས་གྲུབ་རིན་པོའི་བསྟོད་ཚིག་རྦ་རླབས་ཀྱི་ཕྲེང་བ་མངོན་པར་གཡོ་བ།
རྒྱལ་བ་རྡོ་རྗེ་འཆང་གི་ངོ་བོ་ཆོས་ཀྱི་རྗེ་མཁས་གྲུབ་དགེ་ལེགས་དཔལ་བཟང་བོའི་ཞལ་སྔ་ནས་ལ་གསོལ་བ་འདེབས་པའི་རབ་ཏུ་བྱེད་པ་དད་པའི་ཕོ་ཉ་ཞེས་བྱ་བ་བཞུགས་སོ། །
བཅོམ་ལྡན་འདས་ངག་གི་དབང་བོ་ལ་ཕྱག་འཚལ་ལོ། །
དཔལ་ལྡན་དགེ་ལེགས་བྱེ་བའི་ཡོན་ཏན་ཅན། །
སངས་རྒྱས་ཀུན་ལས་མངོན་པར་སངས་རྒྱས་ཤིང་། །
རྒྱལ་བ་ལས་ལྷག་རྒྱལ་བའི་མཛད་པ་ཅན། །
རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །
ཁྱོད་ཀྱི་རྒྱ་ཆེན་རྣམ་དཔྱོད་གྲྭ་གཅིག་ན། །
མ་ལུས་རྒྱལ་བའི་མཁྱེན་པ་མཐའ་དག་ནི། །
དོག་པ་མེད་པར་ངལ་སོས་དགྱེས་གྱུར་པ། །
རྗེ་བཙུན་མཁྱེན་པའི་གཏེར་ལ་གསོལ་བ་འདེབས། །
ཉེས་བརྒྱའི་རླབས་འཁྲུགས་སྲིད་པའི་ཆུ་གཏེར་དུ། །
ཤུགས་དྲག་བརྩེ་བ་ཁོ་ནའི་དབང་གྱུར་པས། །
ཉིད་སྐུའི་བཀོད་པ་བརྒྱ་འགོད་འགྲོ་ཀུན་གྱིས(གྱི)། །
རེ་བ་གཅིག་ཆར་སྐོང་ལ་གསོལ་བ་འདེབས། །
མཚན་མར་འཛིན་པའི་རི་དབང་སྟོང་ཉིད་ཀྱིས། །
ཡེ་ཤེས་མཆོག་གི་རྡོ་རྗེ་ངོས་བཅོམ་སྟེ། །
གཞན་དོན་མཛད་བཞིན་ཞི་བའི་དབྱིངས་ལ་ཡང་། །
སྲིད་མཐར་མཉམ་པར་འཇོག་ལ་གསོལ་བ་འདེབས། །
ཁྱོད་ཀྱི་ལྗགས་རྡུལ་ཀུན་མཁྱེན་ཉི་མ་ཡི། །
བླ་གོས་ཅན་འདིའི་དབྱངས་ཅན་ཀུ་མུཏ་ཚལ། །
ཟུམ་པའི་གེ་སར་རྡུལ་ལ་ངག་རིག་གི།
བུང་བ་ཆགས་བྲལ་མཛད་ལ་གསོལ་བ་འདེབས། །
མགོན་ཁྱོད་དགག་སྒྲུབ་རིན་ཆེན་ཁྲི་ལ་ཡང་། །
བཞུགས་ཚེ་ཕས་རྒོལ་དྲག་པའི་(པོའི)ཚོགས་འདི་དག
འདར་ལྡན་ལུས་སྐྱེས་རྗེས་སུ་རྔུལ་གྱི་ཆུས། །
གང་བའི་མཆོད་ཡོན་བསྟེན་ལ་གསོལ་བ་འདེབས། །
ཇི་སྲིད་སོར་བུ་རྣམ་ལྡང་ཉི་ཟླའི་ཟེར། །
འཕྲོ་བ་དེ་སྲིད་སྙན་གྲགས་ཕོ་ཉ་བགྲོད། །
ཕྱོགས་ཀྱི་བུ་མོའི་རྣ་བའང་སྒྲ་གཞན་དག།
འཛིན་པའི་གོ་སྐབས་འཕྲོག་ལ་གསོལ་བ་འདེབས། །
རྒྱལ་བ་རྡོ་རྗེ་འཆང་གི་རྒྱུད་སྡེ་ཡི། །
རིན་ཆེན་བང་མཛོད་དུས་འདིར་ཁྱོད་གཅིག་བུས། །
ཡོངས་སུ་བཟུང་སྟེ་ཁྱོད་ཞབས་བསྟེན་རྣམས་ལ། །
ཚེ་གཅིག་སངས་རྒྱས་སྦྱིན་ལ་གསོལ་བ་འདེབས། །
འཕགས་པ་ཀུན་དགའ་བོ་དང་གསང་བདག་གིས། །
འཛིན་པར་མ་ནུས་མདོ་རྒྱུད་གཞུང་མང་ཞིག།
བློ་ཆེན་ཁྱོད་ཀྱིས་ངེས་པར་བཟུང་ངོ་ཞེས། །
རྒྱལ་རྣམས་དོག་པར་མཛད་ལ་གསོལ་བ་འདེབས། །
སྐད་ཅིག་གཅིག་ལ་དཀྱིལ་འཁོར་འཁོར་ལོ་བརྒྱ། །
སྤྲོ་ཞིང་སྡུད་ལ་ཐ་མལ་སྣང་ཞེན་སྤངས། །
ཁྱོད་ཐུགས་འོད་གསལ་མཁའ་དབྱིངས་ཟུང་འཇུག་གིས(གི)། །
དབང་བོའི་གཞུ་ཡི་(རིས་)མཛེས་ལ་གསོལ་བ་འདེབས། །
སྐྱེ་བ་ཀུན་ཏུ་དགེ་བའི་བཤེས་ཁྱོད་ཀྱིས། །
རྗེས་སུ་བཟུང་སྟེ་སྲིད་པའི་ཕུན་ཚོགས་ཀུན། །
སྙིང་བོ་མེད་པར་མཐོང་ཞིང་ཐར་བ་ཡིས(ཡི)། །
བདེ་ལདོན་གཉེར་སྐྱེ་བར་བྱིན་གྱིས་རློབས། །
རང་ཉིད་གཅིག་བུས་འགྲོ་ཀུན་སངས་རྒྱས་སུ། །
བསྒྲུབ་འདོད་ལྷག་བསམ་ཀྱིས་བསྐྲུན་ཕྲ་རགས་ཀྱི། །
ལྷ་ཡི་རྣལ་འབྱོར་མཐར་ཕྱིན་རྡོ་རྗེའི་སྐུ། །
ཚེ་འདི་ཉིད་ལ་འགྲུབ་པར་བྱིན་གྱིས་རློབས། །
དེ་ལྟར་བླ་མའི་ཡོན་ཏན་རྒྱ་མཚོ་ལས། །
ཆུ་ཐིག་ཙམ་ཞིག་དད་པའི་རྔ་ཡབ་རྩེས། །
བླངས་ཏེ་བསྟོད་ཚིག་སྤེལ་བའི་དགེ་བ་འདིས། །
འགྲོ་ཀུན་དམ་པའི་མགོན་དུ་འཛིན་གྱུར་ཅིག།
སྐྱེ་བ་ཀུན་དུ་ཡང་དག་བླ་མ་དང་། །
འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །
ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །
རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག།
ཅེས་བྱ་བ་ནི་སྡོམ་བརྩོན་སྡེ་སྣོད་འཛིན་པ་མང་བོས་བསྐུལ་བའི་དོན་དུ། ཤེས་བྱའི་གནས་ཕལ་མོ་ཆེ་ཁོང་དུ་ཆུད་པའི་དགེ་སློང་ཞང་ཞུང་ཆོས་དབང་གྲགས་པའི་དཔལ་གྱིས་ནགས་ཤོད་རྣམ་རྒྱལ་དཔལ་འབར་ཞེས་བྱ་བར་སྦྱར་པའོ། །
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn