རྗེས་དྲན་ཆེད་བསྒྲིགས། ཡོངས་འཛིན་ཆོས་ཀྱི་རྒྱལ་བོའི་རྗེས་དྲན་སྙན་རྩོམ་ཕྱོགས་བསྒྲིགས།
ལ་མོ་ཡོངས་འཛིན་ཆོས་ཀྱི་རྒྱལ་བོའི་རྗེས་སུ་དྲན་པ།
དཀར་ཆག
(༡) འཆར་ནུབ་མེད་པའི་ཉི་འོད། ཐར་ཤུལ་དགོན། ཆོས་གྲགས་རྒྱ་མཚོ།
(༢) ཕ་བླ་མ་དྲན་པའི་གདུང་དབྱངས། མཚོ་ལྷོ། ཟླ་དོན་གྲུབ།
(༣) ཡང་དར་བསྟན་པའི་བདག་པོ། ཙག་པ། བཀྲ་ཤིས་རྒྱ་མཚོ།
(༤) དམ་པ་རྗེས་སུ་དྲན་པ། ཟི་ལིང་། ཁ་གྱའི་དར་རྒྱས།
(༥) གདུང་དབྱངས་དད་པའི་འོ་མཚོ། ཐར་ཤུལ། སངས་རྒྱས།
(༦) རྗེ་བཙུན་བློ་བཟང་མཁས་གྲུབ་རྒྱ་མཚོ་མཆོག་གི་རྗེས་དྲན། ཐར་ཤུལ། ཚུལ་ཁྲིམས
(༧) ཕ་བླ་མ་དུས་འདིར་ལྷག་ཏུ་དྲན། ཐར་ཤུལ་དགོན། བྱ་སྟོད་འོད་ཟེར།
(༨)དད་སེམས་མེ་ཏོག་ཕྲེང་བ། བླ་བྲང་། གཏེར་ལུང་དཔལ་ལྡན།
(༩) ཡབ་རྗེ་བླ་མ་རྗེས་སུ་དྲན་པའི་ཕྱག་གསོལ། ཟི་ལིང་། རྡོ་རྗེ་ཚེ་རིང་།།
(༡)བླ་མ་དྲན་ཚུལ་ལེགས་ཚོགས་སྒོ་བརྒྱ་འབྱེད་པའི་དགྱེས་འཛུམ། ཐར་ཤུལ་བཟོད་པ་རྒྱ་མཚོ།
(༡)འཆར་ནུབ་མེད་པའི་ཉི་འོད།
ཐར་ཤུལ་དགོན། ཆོས་གྲགས་རྒྱ་མཚོ།
བསླབ་གསུམ་ངུར་སྨྲིག་འོ་མཚོ་འཕྱུར་བ་ཡི་སྐྱེས་མཆོག།།
སྙིང་རྗེ་སེམས་མཆོག་འགྲོ་ལ་རྩི་བཅུད་རང་སྩོལ་བའི།།
གྲགས་པ་དོན་ལྡན་དབྱར་རྔ་སྲིད་གསུམ་ན་མཐོ་བའི།།
འགྱུར་མེད་སྐུ་མཆོག་གསེར་སྦྱངས་ལྷུན་པོ་རང་དྲན་ནོ།།
གནས་མཆོག་བྱིན་ཅན་ལུང་གིས་ཟིན་པ་ཡི་གདན་ས།།
ལེགས་པར་གསང་བ་གསུམ་གྱི་བསྟན་པ་ཡི་ལམ་སྲོལ།།
ཁྲིམས་ལྡན་གླིང་མཆོག་ཅེས་པའི་ཞལ་གསུང་གི་ཟིན་པའི།།
སྡེ་འདི་སྐྱོང་བའི་སྐྱབས་གཅིག་བླ་མ་རང་དྲན་ནོ།།
དཔག་མེད་ཡོན་ཏན་གང་གིས་དོ་ཟླ་རང་མེད་པའི།།
མཁས་མང་གཙུག་ན་བསམ་འཕེལ་ནོར་བུ་བཞིན་མཛེས་པ།།
སྲིད་ཞིའི་ཁོང་ནས་བརྒལ་བའི་ཉི་སྟོང་གི་འོད་ཅན།།
ཡབ་རྗེ་བླ་མའི་རྣམ་ཐར་སྙིང་ཁོང་ནས་དྲན་ནོ།།
སྐུ་ཡི་གཟི་བྱིན་འཆར་ནུབ་ཕྱོགས་ཞེན་རང་མེད་ཅིང་།།
ཐོས་གསུམ་སྒོམ་དང་འཆད་རྩོད་རྩོམ་པ་གསང་རྣམ།།
མཐོ་བ་དཔོན་དང་དམའ་བ་སྤྲང་བོ་ལ་བསྲིངས་པའི།།
བཀའ་དྲིན་མཚུངས་ཟླ་མེད་པའི་མགོན་པོ་ཁོང་དྲན་ནོ།།
གང་ཞིག་རྒྱལ་བའི་བསྟན་ལ་སྟོན་པ་བཞིན་མཛེས་པ།།།
རིགས་གསུམ་སྤྲུལ་པའི་སྐུ་མཆོག་རྒྱལ་སྲས་ཀྱི་གཞོན་ནུ།།
མཁས་མང་སྐྱེ་རྒུའི་ཁྲོད་ན་མངོན་པར་རང་འཕགས་པའི།།
ལེགས་བཤད་སྒྲ་བརྒྱ་སྒྲོགས་པའི་མགོན་པ་རང་དྲན་ནོ།།
རིས་མེད་བསྟན་འགྲོའི་དཔལ་དུ་གཡོ་མེད་རང་བརྟན་པའི།།
སྒྲུབ་རྒྱུད་གངས་རིའི་སྤོ་ན་སེང་ཆེན་བཞིན་འཕྱོ་བ།།
ཕྱོགས་དང་རིས་སུ་མ་ཆད་སྣ་ཚོགས་ཀྱི་གྲུབ་མཐའ།།
ཐུགས་ཀྱི་དཔལ་དུ་བསུ་བའི་སྐྱེས་མཆོག་རང་དྲན་ནོ།།
སྐྱིད་སྡུག་གང་ལ་མཆི་མ་སུ་ཞིག་ལ་རེ་ཨང་།།
བརྩེ་སེམས་གཡོ་མེད་བདག་གི་དྲིན་ཆེན་གྱི་བླ་མ།།
དྲན་ནོ་སྙིང་ལ་ལྕི་བ་ལྷག་མེད་དུ་བསལ་ཕྱིར།།
སྙན་སྙན་ཚངས་བའི་དབྱངས་ཀྱི་རམ་འདེགས་ཤིག་མཛོད་ཅིག།
ཅེས་ཡབ་རྗེ་བླ་མ་ལ་མོ་ཡོངས་འཛིན་རིན་པོ་ཆེ་མཆོག་གི་དུས་མཆོད་ལ་ཁོང་གི་སློབ་མའི་གྲལ་མཐར་སྤྱོད་པའི་ཆོས་མིང་བ་བན་ཤུལ་ཆོས་གྲགས་ཀྱིས་གདན་ས་རྣམ་དག་ཁྲིམས་ལྡན་གླིང་དུ་སྦྱར་བའོ།།
(༢) ཕ་བླ་མ་དྲན་པའི་གདུང་དབྱངས།
མཚོ་ལྷོ། ཟླ་དོན་གྲུབ།
སྤྲིན་དཀར་བོའི་ཡོ་ལང་མཁའ་ན་རྒྱུ།།
དགུང་སྐར་ཚོགས་སྨྲེང་བ་སྐྱོ་ལྷང་ལྷང་།།
ཕ་བླ་མ་དྲན་པའི་གདུང་དབྱངས་འདི།།
སྨད་རྒྱ་མཚོའི་འཁྱོམ་དང་བསྡོངས་ནས་འཕྱུར།།
དུས་སྙིགས་མའི་རང་མཚང་ཆེས་ཆེར་བརྡོལ།།
དགུང་ཉི་མ་ནུབ་རིའི་རྩེ་ནས་ཡལ།།
ས་དོག་མོ་མྱ་ངན་གྱི་ལི་ལི།།
ཆོས་ཟང་ཟིང་ཁྲོད་ནས་ཁྱེད་རང་དྲན།།
ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་སོགས།།
ཆོས་དཀའ་གནད་གཏིང་ཟབ་རྒྱས་པར་གསུངས།།
དེ་མཐོང་བའི་དད་པ་ཡང་ཡང་སྐྱེ།།
ཕྱིང་ཐར་ཤུལ་ཆོས་གླིང་ཁྱེད་ཀྱི་དྲིན།།
གནས་བྱིན་ཅན་ཆོས་ཀྱི་དགའ་ཚལ་ནས།།
ལུང་རིགས་པའི་མེ་ཏོག་ཆར་དུ་སྙིལ།།
སྡོམ་རྣམ་དག་པད་མའི་སྦུབས་བཞིན་གཙང་།།
སློབ་སྐར་ཚོགས་གནམ་མཁའི་མཐའ་དང་མཉམ།།
རང་བསྟན་པ་འཛིན་མཁན་ཉིན་སྐར་བཞིན།།
ཆོས་འདུ་འཛི་བྲིན་པའི་དགེ་སློང་གདའ།།
ཡིད་སྐྱོ་བའི་ཚིག་གི་རི་མོ་བྲིས།།
ཕ་བླ་མ་དྲན་པའི་གདུང་དབྱངས་བཞེངས།།
རྗེ་བླ་མའི་རྣམ་ཐར་མེ་ལོང་འདི།།
རང་བདེ་ལ་བཀོད་པའི་ལམ་ཕྲན་ཉིད།།
དུས་སྙིགས་མའི་རླབས་ཕྲེང་ལྷོག་ལྷོག་གདུ།།
སྡོམ་རྣམ་དག་སྲུང་བའི་གྲྭ་བཙུན་ཉུང་།
མགོན་ཁྱེད་ཀྱིས་བསྟན་པ་སྲོག་བཞིན་གཅེས།།
ལུང་རྟོགས་པའི་རྒྱལ་མཚན་མཐོ་ནས་བསྒྲེངས།།
ལར་ད་ལྟ་བསམ་ཞིང་དྲིན་པོ་ཆེ།།
ཐུགས་བརྩེ་བའི་ལྕགས་ཀྱུས་བཟུང་དུ་གསོལ།།
ཕ་བླ་མ་དྲན་པའི་གདུང་དབྱངས་འདི།།
ཚིག་སྨྲ་ལ་མཁས་པའི་བྲིས་པ་མིན།།
ཡིད་གཏིང་ནས་དད་པའི་སྤུ་ལོང་གཡོ།།
དུས་ནམ་ཡང་བྱིན་རླབས་སྐྱེས་པར་སྨོན།།
地址 .青海省高级佛学院。
名字. 加洛东铢
联系电话18935692299
(༣) ཡང་དར་བསྟན་པའི་བདག་པོ།
ཙག་པ་བཀྲ་ཤིས་རྒྱ་མཚོ
མཚན་དཔེ་རི་མོ་མངོན་པར་རབ་བཀྲ་ཞིང་།།
ཆོས་ཀུན་མ་ལུས་ཐོགས་མེད་མྱུར་གཟིགས་ནས།།
མང་ཐོས་གཞུང་ལུགས་བྱེ་བའི་ཀློང་བརྡོལ་བ།།
སྙིང་རྗེ་པད་དཀར་འཆང་ལ་གསོལ་བ་འདེབས།།
བློ་བཟང་རིང་ལུགས་སྤེལ་ལ་ཟླ་བྲལ་བ།།
གངས་ཅན་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་ཅན།།
དབང་ལུང་མན་ངག་རྒྱ་མཚོའི་གཏེར་གྱུར་བ།།
དྲིན་ཅན་བླ་མ་ལ་མོའི་ཡོངས་འཛིན་མཆོག།
མདོ་སྨད་བྱང་རྒྱུད་ནོར་འཛིན་ཡངས་པའི་གྲྭ།།
དགེ་བཅུའི་ཕྱྭ་གཡང་ཡིད་འོང་སུན་རྩེན་གནས།།
གང་སྐུ་ཉི་གཞོན་སེར་བོ་ལྷམ་མེར་འཁྲུངས།།
གངས་ཅན་འགྲོ་བའི་འདྲེན་པར་གུས་ཕྱག་འཚལ།།
ངེས་འབྱུང་བློ་ཡིས་དབྱུ་གུས་ཉེར་བསྐུལ་ཏེ།།
ཟབ་མོ་ཆོས་ཀྱི་རྫ་རྔ་བརྡུང་བར་གོམས།།
མདོ་རྒྱུད་མཐའ་དག་མ་ནོར་ཉམས་སུ་བླངས།།
ཡོན་ཏན་ཀུན་གྱི་གཏེར་གྱུར་དེ་ལ་འདུད།།
རྣམ་དག་ཚུལ་ཁྲིམས་དྲི་བསུང་ལེགས་བསྲུང་བའི།།
བཤེས་གཉེན་ཚུལ་བཞིན་བསྟེན་པའི་ངང་ཚུལ་མཛེས།།
གུས་རྟག་སྙེ་མའི་མགོ་བོ་རབ་དུད་བ།།
རྣམ་དག་སྐྱེས་བུ་མཆོག་ལ་རྟག་ཏུ་འདུད།།
རིག་གསར་ལོག་སྤྱོད་གནོད་པས་གཙེས་པ་དང་།།
རྨོངས་པའི་དཔུང་ཚོགས་ཀླ་ཀློའི་གཏུམ་སྤྱོད་ཀྱིས།།
སྐད་ཅིག་གཡོ་མེད་དམ་ཚིག་སྲོག་གི་རྒྱ།།
རྒྱལ་སྲས་དཔའ་བོ་ཁྱེད་ལ་སུ་མི་གུས།།
བཀའ་པོད་གཞུང་གི་དཀའ་གནད་མདུད་པ་གྲོལ།།
གྲུབ་མཐའི་རྣམ་བཞག་ཕར་ཕྱིན་མཐའ་དག་བསླབས།།
གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་སྦྱངས།།
འདི་དག་ཉམས་སུ་བླངས་པ་དེ་ལ་བསྟོད།།
ཁ་ཅིག་གྲུབ་མཐའི་ཆགས་སྡང་ཚེར་མ་རྣོ།།
ལ་ལས་ཕྲག་དོག་ཚིག་གི་མདའ་མོ་འཕངས།།
ཀུན་ལ་ཕྱོགས་ལྷུང་མི་བྱེད་མཉམ་པོར་གཟིགས།།
དྲང་སྲོང་ཆེན་པོར་དད་པའི་མེ་ཏོག་གཏོར།།
བཀྲ་ཤིས་གཡས་འཁྱིལ་ཆོས་ཀྱི་དགའ་ཚལ་དུ།།
ཐོས་པའི་སྒྲོན་མེ་སྦར་བའི་འོད་སྣང་གིས།།
བར་དུ་བསམ་པའི་སྒྲོ་འདོགས་གསལ་བར་ཕྱེ།།
ཐ་མར་ཀུན་ཀྱང་ཉམས་ལེན་ཐུལ་དུ་བཟུང་།།
རྨད་བྱུད་ཐོས་བསམ་ཆོས་ཀྱི་དགའ་ཚལ་དུ།།
རིག་པའི་གད་རྒྱངས་ས་གསུམ་འདར་བར་བྱས།།
ཉིན་མཚན་ཀུན་ཏུ་ཐོས་པས་དུས་འདའ་བ།།
རྒྱལ་ཀུན་དགྱེས་པའི་དགེ་ལེགས་ཆར་དུ་སྙིལ།།
འཆད་པས་གདུལ་བྱའི་ཡིད་ཀྱི་དང་བ་འདྲེན།།
རྩོད་པས་གཞུང་ལུགས་ཡང་དག་དོན་ལ་དཔོག།
རྩོམ་པས་བསླབ་བྱ་མི་ཚེ་སྙིང་བོར་གདམས།།
གང་ཤེས་རྒྱུད་ལ་སྦྱར་བའི་སེམས་དཔའ་ཆེ།།
རང་ཤག་སྤྱིལ་བུ་རྒྱ་བསྐྱེད་ཁྱིམ་པའི་ལས།།
ལྷ་ཁང་འདུ་ཁང་མང་བས་ཕན་མི་ཐོགས།།
ནང་སེམས་ཆོས་ཀྱི་ཕྱུག་པའི་དགེ་འདུན་སྡེ།།
བསྟན་པའི་རྒྱན་ཡིན་གསུང་བའི་ཞལ་གདམས་དྲན།།
གྲྭ་བའི་གྲངས་ཚད་གཅིག་དང་གཉིས་ཀྱང་ཆོག།
བྱ་ཉུང་དོན་ཉུང་ཚུལ་ཁྲིམས་གཅེས་པར་ཟུངས།།
གཉོམ་ཆུང་ཚུལ་མཐུན་ཆོས་ལ་ལེགས་གནས་པ།།
ཐུགས་བརྙེས་མཆོད་པར་བསྔོས་པའི་ངང་ཚུལ་དྲན།།
ཐོས་པའི་སྒྲོན་མེ་སྦར་བའི་འོད་སྣང་གིས།།
གང་ཤེས་སེམས་རྒྱུད་འདུལ་བའི་ཐབས་སུ་འཁྱེར།།
ལས་ཉོན་དུག་གི་རྩ་བ་བྲེག་པའི་ཚུལ།།
བཀའ་གདམས་བླ་མའི་རྣམ་ཐར་གསུང་བ་དྲན།།
གང་གི་གསང་གསུམ་ཡོན་ཏན་ཆུ་གཏེར་ཀློང་།།
བློ་དམན་བདག་བློས་དཔག་པར་མི་ནུས་མོད།།
དད་གསུམ་མཆོད་པའི་དབྱུ་གུས་བསྐུལ་བའི་མཐུས།།
དབང་མེད་ཚིག་གི་རྔ་སྒྲ་བར་མེད་གྲགས།།
རྗེ་བཙུན་བླ་མའི་ཐུགས་རྗེའི་ཆུ་འཛིན་ལས།།
དམ་ཆོས་ཟབ་མོའི་སྦྲང་ཆར་འབེབ་པ་ཡིས།།
རང་གཞན་མ་རིག་མུན་པ་མྱུར་བསལ་ནས།།
མཐར་ཐུག་རྒྱལ་བའི་གོ་འཕང་ཐོབ་གྱུར་ཅིག།
བཀའ་དྲིན་གསུམ་ལྡན་གྱི་བླ་མ་དམ་པ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨྲས་ན་ལ་མོ་ཡོངས་འཛིན་བློ་བཟང་མཁས་གྲུབ་རྒྱ་མཚོ་མཆོག་ལ་སྒོ་གསུམ་གུས་པས་མཆོད་པ་དང་རྗེས་དྲན་གྱི་ཚུལ་དུ་ཁོང་གི་གདན་ས་་ཐར་ཤུལ་དགོན་གྱི་གྲྭ་བཙུན་གྱི་ན་བ་ཙག་པ་བཀྲ་ཤིས་རྒྱ་མཚོའམ་བདེན་སྨྱུག་གིས་ཟླ་ཚེས་བཟང་བོར་གུས་པས་སྦྱར་བ་དགེ་ལེགས་འཕེལ།
(༤) དམ་པ་རྗེས་སུ་དྲན་པ།
--- ལཱ་མོའི་ཡོངས་འཛིན་བློ་བཟང་མཁས་གྲུབ་རྒྱ་མཚོའི་རྗེས་དྲན་དུ།
ཉི་ཟེར་སྦྲང་ཆར་དུ་བབས་པའི་ཉིན་དེར།
རྩྭ་ལྗང་སྐལ་བཟང་གིས་བཟི་བའི་ཉིན་དེར།
མཚོ་སྔོན་པོའི་ཉེ་འགྲམ་ལ།
མེ་ཏོག་རྨི་ལམ་ནས་འཁྲུངས།
ཟླ་འོད་ཀྱིས་ས་གཞི་བཀྲུས།
དེ་ནི་རྫུ་འཕྲུལ་མིན། དེ་ནི་ཁ་ཕོ་མིན།
ཤཱཀྱ་ཐུབ་པའི་རིགས་ཀྱི་ཅོད་པན་ཞིག
མགོན་དུ་བྱོན་པའི་དེད་དཔོན་དཔའ་བོ་ཞིག
ཆུང་ཆུང་བཞིན་མི་ཡུལ་ནས་འཁྲུངས།
ཆེ་ཆེ་བཞིན་མི་ཡུལ་དུ་བགྲོད།
མདོ་སྨད་བཀྲ་ཤིས་འཁྱིལ་བ་རུ།
རིག་པའི་རྣོ་ཕུར་གྱིས་སྲིད་པའི་གསང་མིག་གཏོར།
ཐུགས་ཀྱི་གཞོངས་ཆེན་ལ་ཟབ་དོན་གཏེར་དུ་སྦས།
ད་དུང་རྣམ་དག་ཁྲིམས་ལྡན་གླིང་ལ།
ཐུགས་ཀྱི་ཞུན་མ་བླུགས།
ལོ་ཟླའི་འཁོར་ཐག་དཀྲིས།
གོམ་པ་རེ་རེ་སྤོས་ཤུལ་ན།
མཐོ་རིས་ནས་དམྱལ་བ་མཐོང་བའི་བུ་ག་རེ།
མནར་མེད་ནས་མཐོ་བར་འཛེགས་པའི་ཐེམ་སྐེས་རེ།
མཐར་ཐུག་ན་ཚེ་གང་བོར།
ང་མ་སྐྱུར་དང་ཁོ་མ་བརྗེད་ཅེས་པའི་འོ་དོད་དག
ཁྱེད་ཀྱི་རྣ་ལ་གཟན་ཡོད་ཨང་།
ཁ་གྱའི་དར་རྒྱས་ཀྱིས།
2017.5.15
(༥) གདུང་དབྱངས་དད་པའི་འོ་མཚོ།
སངས་རྒྱས།
པད་དཀར་བསྔགས་འགྲོ་ལ་སྨན་པའི་མགོན།།
མི་འབྲལ་བརྩེ་བ་ཆེན་པོས་རྗེས་བཟུང་ནས།།
ས་དང་ལམ་གྱི་ཡོན་ཏན་མ་ལུས་པ།།
སྟོན་མཛད་གང་དེ་མི་ཕྱེད་ཕྱག་བགྱིའོ།།
མཁའ་ཁྱབ་འགྲོ་བའི་དོན་དུ་ཐུགས་བསྐྱེད་དེ།།
ཕན་བདེའི་འབྱུང་གནས་རྒྱལ་བའི་ལུང་རྟོགས་བསྟན།།
ཇི་བཞིན་ཉམས་བླངས་འདྲེན་མཆོག་བླ་མ་གང་།།
བརྗོད་བྲལ་ཡོན་ཏན་དེ་རིང་ལྷག་ཏུ་དྲན།།
ཐོག་མེད་དུས་ནས་སྒྲིབ་གཉིས་ལས་གྲོལ་ཀྱང་།།
མི་ཡི་གར་མཛད་བཤད་སྒྲུབ་གཉིས་ཆར་ལ།།
ལག་རྗེས་ཀུན་ལས་ལྷག་པ་བཞག་པའི་དྲིན།།
སྟོང་གསུམ་སྣོད་དུ་བྱས་ཀྱང་ཆུང་བར་སྣང་།།
གྲགས་པའི་དབྱངས་སྙན་སྲིད་ན་མངོན་མཐོ་བའི།།
དཔལ་ལྡན་བཤད་སྒྲུབ་བདག་ཉིད་བསྐྲུན་མཛད་མཐུས།།
ཐུགས་བསྐྱེད་སྨོན་པ་ཇི་བཞིན་འགྲུབ་པ་ཡི།།
རྗེ་བཙུན་བླ་མའི་མཛད་འཕྲིན་ལྷག་ཏུ་དྲན།།
གཞོན་ནུ་ཉིད་ནས་སྔོན་སྦྱངས་བག་ཆགས་སད།།
འཆད་རྩོད་རྩོམ་ལ་འགྲན་པའི་ཟླ་དང་བྲལ།།
མཁས་བཙུན་བཟང་བོའི་མཛད་པ་ལྷུར་བཞེས་པའི།།
དཔལ་ལྡན་བླ་མ་དད་དང་གདུང་བས་དྲན།།
གང་གི་ཐུགས་བསྐྱེད་སྤྲིན་གྱི་གདེངས་ཀ་ལས།།
བྱིན་རླབས་བདུད་རྩིའི་གྲུ་ཆར་དཔག་མེད་འཇོ།།
དད་པའི་འབྲས་བཟང་གཡུར་དུ་ཟ་བ་གྲུབ།།
ཚེ་རབས་ཀུན་ཏུ་འབྲལ་མེད་རྗེས་འཛིན་ཤོག།
བདག་ཅག་དེང་ནས་བྱང་ཆུབ་སྙིང་བོའི་བར།།
གསོལ་བ་འདེབས་སོ་འཁོར་བཅས་ཐོག་མ་རུ།།
སྐྱེས་ཏེ་སྲས་བཅས་རྒྱལ་བའི་མཛད་པ་བཞིན།།
དོན་གཉིས་འགྲུབ་པའི་དཔལ་ལ་སྤྱོད་གྱུར་ཅིག།
ཅེས་དཔལ་ལྡན་བླ་མ་དམ་པ་༧ལ་མོའི་ཡོངས་འཛིན་ཆོས་ཀྱི་རྒྱལ་བོ་མཆོག་རྗེས་དྲན་འདི་སློབ་བུའི་གྲལ་མཐའ་འཛིན་པ་ཐ་ཤལ་བ་སངས་རྒྱས་ཀྱིས་བྲིས།
(༦) ༧ ཡབ་རྗེ་བླ་མ་བཀའ་དྲིན་ཅན་ལ་མོ་ཡོངས་འཛིན་རྡོ་རྗེ་འཆང་རྗེ་བཙུན་བློ་བཟང་མཁས་གྲུབ་རྒྱ་མཚོ་མཆོག་གི་གདུང་མཆོད་ཀྱི་ཉིན་མོར་རྗེས་དྲན་ཞིག་གི་ཚུལ་དུ་བྲིས།
་ཚུལ་ཁྲིམས
བཀའ་དྲིན་མཚུངས་མེད་རྗེ་བཙུན་བླ་མ་ཡི།།
ཟག་མེད་ཐུགས་རྗེས་ཆུ་གཏེར་ཀློང་ཡངས་ལས།།
དབང་ལུང་མན་ངག་ཟབ་ཆོས་བདུད་རྩིའི་རྒྱུན།།
བདག་ཅག་ཀུན་ལ་སྩལ་བའི་བཀའ་དྲིན་ནི།།
ཅུང་ཟད་ཙམ་ཡང་མཚོན་པར་མི་ནུས་མོད།།
འོན་ཀྱང་དྲན་པའི་གདུང་བ་ཆེར་རྒྱས་བའི།།
མཆོད་པའི་ལེགས་ཚོགས་ཅུང་ཟད་སྤྲོས་པ་འདི།།
བདག་ཅག་བསོད་ནམས་བསགས་པའི་རྒྱུར་གྱུར་ནས།།
མགོན་པོ་ཁྱེད་ཀྱི་ཐུགས་ཀྱིས་བརྩེ་བ་ཡིས།།
ནམ་ཡང་མི་གཏོང་འབྲལ་མེད་རྗེས་འཛིན་མཛོད།།
ཚེ་རབ་གཞན་དུའང་ཁྱེད་ཀྱི་འཁོར་གྱུར་ནས།།
གཏན་བདེ་ཐར་བའི་གོ་འཕང་ཐོབ་པརཤོག།
ངའི་མིང་ལ་ཚུལ་ཁྲིམས་ཟེར། མཚོ་ལྷོ་མང་རྫོང་ཐར་ཤུལ་དགོན་རྣམ་དག་ཁྲིམས་ལྡན་གླིང་གི་གྲྭ་རིགས་དཀྱུས་མ་ཞིག་ཡིན།
(༧) ཕ་བླ་མ་དུས་འདིར་ལྷག་ཏུ་དྲན།
བྱ་སྟོད་འོད་ཟེར། ཐར་ཤུལ་དགོན།
སྤྲིན་དཀར་བོ་ལང་ལོང་བྱང་དུ་བཞུད།།
དགུང་སྐར་ཚོགས་མྱ་ངན་གྱི་ལི་ལི།།
སྡུག་མུན་པའི་གྲིབ་མ་སྙིང་ཁར་འདྲིལ།།
བུ་སྐྱོ་བའི་སྨྲེང་གླུ་མགྲིན་པར་བརྣངས།།
མིག་ཁྲ་ཆུང་མཐའ་ནས་མཆི་མ་བསྐམས།།
ངག་བདེ་མོའི་གྲེ་བར་སྨྲ་བ་ཚར།།
ཕ་བླ་མ་དྲན་པའི་གདུང་དབྱངས་འདི།།
འཕྲིན་ཡིག་ཆུང་བསྐུར་བའི་གོ་སྐབས་ཙམ།།
ཁྲི་མཐོན་པོ་གཅམ་བུའི་བཤེས་སུ་དབང་།།
ཚིག་བཤུང་བ་བདེན་པའི་གཏམ་དུ་རློམ།།
ཟོལ་འཛུམ་མདངས་གྲོགས་ཀྱི་གནས་སུ་འཆའ།།
དུས་སྙིགས་མའི་བགྱི་བ་འདིར་དགོངས་ཤིག།
ཆོས་གསུང་མཁན་རྩི་ཏོག་གྲངས་ལ་རྟོག།
གུས་གདུལ་བྱ་ས་ཡི་རྡུལ་དང་མཉམ།།
བར་དད་དམ་གཙང་བའི་སློབ་མ་དང་།།
མགོན་མཚན་ཉིད་ལྡན་པའི་སློབ་དཔོན་ཉུང་།།
ཆོས་ཐོས་བསམ་བྲལ་བའི་རྨོངས་བློའི་རྙི།།
ཐུགས་སྒོར་ལ་མཛའ་བའི་རི་དྭགས་སུག།
དུས་གཅིག་ཏུ་འཁེལ་བའི་སྐྱེ་འཕྲེང་དག།
ཡིད་མཐོང་ཚེ་མཚན་ལྡན་བླ་མ་དྲན།།
གསུང་ཆོས་བརྒྱུད་གྲུབ་མཐའ་མ་བརྟག་ཅིང་།།
ཡུལ་བསྟེན་བྱ་གང་ཡིན་མི་ཤེས་པར།།
ཁྱི་གློ་དང་འཕྲད་པའི་ངང་ཚུལ་གྱི།།
ཁོང་བླ་སློབ་མཐོང་ཚེ་གདམས་ངག་དྲན།།
ལུགས་གྲུབ་མཐའི་བཞེད་ཚུལ་མི་མཁྱེན་པར།།
ཆོས་ཟབ་མོ་སྔགས་ཀྱི་དབང་བསྐུར་བའི།།
ཁྲི་མཐོན་པོའི་ཆོས་པའི་ངག་གོ་ཚེ།།
གཞུང་མན་ངག་ཤར་མར་གསུང་མཁན་དྲན།།
ཕ་བླ་མ་ཡོངས་འཛིན་མཚན་ཅན་ཞབས།།
སྐུ་མཛད་འཕྲིན་གཞན་དོན་གཤའ་མར་རྫོགས།།
གསུང་མདོ་རྒྱུད་ཉམས་ལེན་གདམས་པར་འཆད།།
ཐུགས་བརྩེ་ཆེན་ཞི་བདེ་འབའ་ཞིག་དགོངས།།
ས་ཆེན་པོར་གྲང་རླུང་འུར་འུར་ལྡང་།།
གནམ་སྔོན་པོར་མུན་པའི་ཡོལ་བ་བྲེས།།
དུང་ཟླ་བའི་འོད་སྣང་མཐོང་བའི་ཚེ།།
རྗེ་བླ་མའི་ཞལ་དུ་དཔེ་རེ་བཞག།
གཡུ་འཛིན་མའི་ནེའུ་གསིང་སྔོ་ལྗང་ལྗང་།།
ཆུ་དྭངས་མོ་འཛིན་མའི་རྒྱན་དུ་འཕྱོ།།
ནགས་ལྕང་ལོར་ཁུ་བྱུག་གདངས་སྙན་ཚེ།།
གཞུང་མན་ངག་གནང་བའི་ལེགས་བཤད་དྲན།།
ཕྱི་བཀོད་ལེགས་བླ་བྲང་སྐྱེད་འདོད་མེད།།
ནང་འཁོར་གཡོག་མི་ཚོགས་བསྡུ་འདོད་བྲལ།།
ཆོས་གླེགས་བམ་རྒྱུ་སྐར་བྱེ་བའི་ཁྲོད།།
སྐུ་ཟླ་བའི་དཀྱིལ་འཁོར་གསལ་བ་དྲན།།
(༨)དད་སེམས་མེ་ཏོག་ཕྲེང་བ།
བླ་བྲང་། གཏེར་ལུང་དཔལ་ལྡན།
ཚོགས་གཉིས་ཟླ་ཉི་དཀྱིལ་འཁོར་རབ་ཏུ་ཟླུམ།།
བདེན་གཉིས་ཟུང་འཇུག་འཇིག་རྟེན་རེས་སུ་འཁོར།།
དོན་གཉིས་འོད་བརྒྱའི་ཟེགས་མ་མཁའ་ལ་བྲེས།།
སྐུ་གཉིས་ལྷུན་འགྲུབ་མཚན་དཔེ་གོས་བཟང་བཀླུབས།།
ཆེར་སྙིགས་རྒུད་པའི་ལམ་ལ་འཕྱན་པའི་མུན།།
ཐུགས་བསྐྱེད་བརྟན་པོའི་གཡུལ་དུ་ཆས་པ་ན།།
བ་མོ་ཉི་མའི་ནང་ལ་ལྷུང་བ་བཞིན།།
འཇིག་རྟེན་འཕྱ་བའི་མིག་གི་ལྟད་མོར་དཔྱངས།།
སྐྱེ་དགུའི་བསོད་ནམས་ཤིང་རྟས་ལེགས་དྲངས་པའི།།
སྙིགས་དུས་རྒྱལ་བ་གཉིས་པའི་རྒྱལ་ཚབ་ཏུ།།
མ་བསྐོས་ཀུན་གྱིས་མགྲིན་གཅིག་བསྔགས་པའི་ལམ།།
ཡོངས་འཛིན་ཆོས་ཀྱི་མཛད་འཕྲིན་ཕྱོགས་སུ་ལྷུང་།།
བདག་བློའི་པད་ཚལ་རྒྱས་པའི་ལྗོངས་ཆེན་ནས།།
ཁྱོད་སྐུ་མངོན་སུམ་མཇལ་བར་མ་གྱུར་ཀྱང་།།
བུ་སློབ་གསེར་རི་བརྒྱུད་པའི་གདམས་ངག་གིས།།
ཡང་སློབ་གདགས་གཞི་ཅན་གྱི་སྐལ་བཟང་མངོན།།
གསུང་བའི་མཛད་པས་གདམས་པའི་མདོ་སྨད་ནས།།
སྐུ་པར་མཇལ་ཐེངས་རེ་ལ་དད་སྟོང་གི།།
འདབ་མ་ལྷུག་པར་གྲོལ་བའི་དགེ་མཚན་གྱིས།།
གཅིག་བུ་སྡོད་ཀྱང་སྤྲོ་བའི་ཅ་ཅོ་འཆོར།།
དེ་རིང་འདི་ན་རྗེས་དྲན་བྱེད་པའི་གཏམ།།
འཇིག་རྟེན་རྒྱན་བྱེད་ཉིད་དུ་གྱུར་བ་གང་།།
རྣ་བའི་བུ་གར་ལྷུང་བའི་དགའ་དད་ཀྱིས།།
བསོད་ནམས་རྫས་སུ་ཡི་གེ་ཕྲེང་བ་ཕུལ།།
ལ་མོ་ཡོངས་འཛིན་རིན་པོ་ཆེ་རྗེས་དྲན་ལ་ཡང་སློབ་ཏུ་གཏོགས་པ་གྱི་ན་བ་གཏེར་ལུང་དཔལ་ལྡན་གྱིས་༢༠༡༧/༦/༡༡ལ།
(༩) ཡབ་རྗེ་བླ་མ་རྗེས་སུ་དྲན་པའི་ཕྱག་གསོལ།
ཟི་ལིང་། རྡོ་རྗེ་ཚེ་རིང་།།
མཉམ་མེད་ཤཱཀྱ་ཐུབ་པས།།
ཆོས་འཁོར་རྣམ་གསུམ་གནང་བ།།
བཀའ་ཡིག་སྲིད་གསུམ་ཁྱབ་པ།།
ཐུབ་པའི་བསྟན་པ་ཚུགས་བྱུང་།།
བསྟན་པའི་གཏད་རབས་རྣམ་བདུན།།
བཀའ་བསྡུ་རྣམ་གསུམ་མཛད་པ།།
རྒྱལ་བའི་ས་མཁན་མཛད་པས།།
བསྟན་པའི་རང་ལུགས་དར་བྱུང་།།
འཛམ་གླིང་རྒྱན་དྲུག་མཆོག་གཉིས།།
འཕགས་བོད་ཐུབ་པ་རྣམ་བརྒྱད།།
པོད་ལྔ་རྒྱུད་སྡེ་བཞི་སོགས།།
ཐེག་པའི་ལམ་བཟང་ཚུགས་བྱུང་།།
རྒྱལ་བ་བློ་བཟང་གྲགས་པས།།
བསྟན་པའི་སྙིང་པོ་བསྡུས་ཏེ།།
ཡང་ཞུན་མདོ་སྔགས་བསྟན་པའི།།
བགྲོད་པའི་ལམ་ཆེན་གནང་བ།།
དབང་ལུང་འཁྲིད་ཀྱི་ཆོ་ག།
མན་ངག་ཆིག་བརྒྱུད་མཛོད་གྱུར།།
ཡབ་གཅིག་ཡོངས་འཛིན་བླ་མ།།
དྲན་གདུང་མཆོད་པའི་ཕྱག་སྲོལ།།
ཡབ་རྗེ་བླ་མའི་མཛད་པ་དག།།
གར་ཁྱབ་ས་བོན་རེ་རེ་ནི།།
ཉར་དང་སློབས་དང་ཉམས་ལེན་སོགས།།
རྗེས་སུ་དྲན་ཙམ་བླ་མར་འདུད།།
(༡༠)༄༅།།བླ་མ་དྲན་ཚུལ་ལེགས་ཚོགས་སྒོ་བརྒྱ་འབྱེད་པའི་དགྱེས་འཛུམ།
ཐར་ཤུལ་བཟོད་པ་རྒྱ་མཚོ།
འཕེན་བྱེད་སྡུག་ཀུན་གྱི་ཉེར་ལེན་སྤངས་ཀྱང་།།
ཞི་བའི་བདུད་རྩི་ལ་རོལ་བ་བསྙེལ་ཏེ།།
ཚད་མེད་མཉམ་བརྗེ་ཡིས་འཁོར་བར་བྱོན་པའི།།
མཚུངས་མེད་ཡོངས་འཛིན་ཀྱི་བླ་མ་དྲན་ནོ།།
གུས་རྟག་སྦྱང་བརྩོན་གྱི་རྟ་ཁ་ལྷོད་དེ།།
གཞུང་བརྒྱའི་ས་ཆེན་དེ་བང་གིས་འཇལ་དུས།།
ཀུན་གྱི་རྩེ་གྲས་སུ་སྙན་པ་གཡོ་བའི།།
མང་ཐོས་ཡོངས་འཛིན་གྱི་བླ་མ་དྲན་ནོ།།
ཟབ་དོན་ཟིལ་དངར་གྱི་མདོ་རྒྱུད་ཉིང་ཁུ།།
དམ་པའི་མན་ངག་གི་ཞལ་རླངས་ཐུ་ལེ།
ཐུགས་ཀྱི་ཡོལ་གོ་རུ་ལྟེམ་མེར་འཁྱིལ་བའི།།
ལུང་རྟོགས་མཛོད་ལྡན་གྱི་བླ་མ་དྲན་ནོ།།
དབུ་ཚད་ཕར་འདུལ་གྱི་བཀའ་པོད་ལྔ་བོར།།
གོ་རིགས་ཟུང་འབྲེལ་གྱིས་བློ་རྒྱ་བསྐྱེད་དེ།།
སྲ་བརྟན་རང་ཚུགས་ཀྱི་ངེས་ཤེས་འདྲོངས་བའི།།
སྨྲ་མཁས་ཡོངས་འཛིན་གྱི་བླ་མ་དྲན་ནོ།།
བསྟན་པའི་མཛེས་རྒྱན་ཏེ་བཀྲ་ཤིས་འཁྱིལ་དུ།།
རྣམ་དཔྱོད་སྒྲོ་ལྡན་དེ་སྤོབས་པས་བདུངས་དུས།།
མཁས་རློམ་རི་དྭགས་ཚོགས་ནགས་སུ་བྱེར་བའི།།
འགྲན་མེད་ཡོངས་འཛིན་གྱི་བླ་མ་དྲན་ནོ།།
ཤར་ནུབ་ཤེས་རིག་གིས་ཐུགས་རྒྱུད་གཏམས་ཤིང་།།
མཚན་ཉིད་ཀོ་པགས་དེ་དམར་མཉེས་བགྱིད་པའི།།
དགེ་ཆོས་རིག་འཕྲུལ་གྱིས་མ་གཅུན་ཤོར་བ།།
རྟོག་གེ་རྣོ་ལྡན་གྱི་བླ་མ་དྲན་ནོ།།
བཤད་སྒྲུབ་ལུགས་བཟང་གི་རིན་ཆེན་གདེངས་ཀ།།
ལུང་རིགས་རྒྱལ་མཚན་གྱི་ལྕོག་ཏུ་བཙུགས་པའི།།
ངྷི་ཚར་གྲྭ་སྐོར་དུ་དམ་བཅའ་བཞུགས་དུས།།
དྲེགས་ལྡན་ཐོར་ཅོག་ཀུན་བསྙིལ་བ་དྲན་ནོ།།
འཛིན་གྲྭའི་ཐེམ་སྐས་ཏེ་རིམ་པར་བརྒྱུད་དེ།།
ལུགས་གཉིས་ཁྲི་འཕང་གི་རྩེ་ལ་འཁོད་ཀྱང་།།
མི་མེད་བས་མཐའ་རུ་རི་ཁྲོད་འགྲིམ་པའི།།
བྱ་བྲལ་རབ་འབྱམས་ཀྱི་བླ་མ་དྲན་ནོ།།
ཐུབ་དབང་གངས་རི་ལས་འོང་བའི་དག་བྱེད།།
ཁུངས་བཙུན་གདམས་ངག་གི་རོལ་མོ་དཀྲོལ་ཏེ།།
ལས་དག་སྐལ་ལྡན་རྣམས་སྨིན་པར་བྱེད་པའི།།
དབང་ལུང་གཏེར་མཛོད་ཀྱི་བདག་པོ་དྲན་ནོ།།
རྟག་ཆད་མཐའ་གཉིས་ཀྱི་གཡང་ལས་བརྒལ་བའི།།
གྲུབ་མཐའི་རྩེར་སོན་གྱི་ལྟ་བ་ཁྱད་འཕགས།།
མཐའ་བྲལ་དབུ་མ་བའི་དགོངས་གཞི་རྙེད་པའི།།
རྟེན་འབྱུང་སྨྲ་བ་ཡི་དབང་བོ་དྲན་ནོ།།
སོ་ཐར་བསྙེན་རྫོགས་ཀྱི་བསླབ་ཁྲིམས་ཀུན་ལ།།
སྲོག་བསྡོས་གཅེས་སྐྱོང་གིས་སྙིང་དུ་བསྲེལ་ཏེ།།
ཉེས་ལྟུང་ཕྲ་རགས་ཀྱི་གཡའ་རྡུལ་བྲལ་བའི།།
དགེ་སློང་རྣམ་དག་གི་མཛད་པ་དྲན་ནོ།།
དམ་པའི་བཤེས་མང་གི་ཞབས་ལ་གཏུགས་ཏེ།།
ཐེ་ཚོམ་དོགས་པ་ཡིས་འཆིང་བ་བཅད་ཅིང་།།
དད་དང་དམ་ཚིག་ལ་རྙོག་པ་བྲལ་བའི།།
རྣམ་ཐར་གཙང་མ་ཡི་བླ་མ་དྲན་ནོ།།
སྲིད་ཞིའི་མཛེས་རྒྱན་དུ་སྤྱི་བོར་བཀོད་པའི།།
འཇིགས་མེད་མཚན་ཅན་གྱི་བཀའ་ལུང་ཉི་འོད།།
ཕོག་པས་འཕྲིན་ལས་ཀྱི་འདབ་བརྒྱ་གྲོལ་ཏེ།།
བསྟན་པའི་རྒྱལ་མཚན་དེ་བསྒྲེངས་པ་དྲན་ནོོ།།
ཐེར་ཟུག་སྲ་བརྟན་གྱི་གད་ཕུག་སྐྱིབས་སུ།།
འཚོ་ཆས་ལོངས་སྤྱོད་ཀྱི་རྟེན་གཞི་མེད་པར།།
ས་འཁྱག་ཆུ་རྐྱང་གིས་ཉིན་མཚན་བསྐྱལ་བའི།།
སྒྲུབ་བརྩོན་ཉམས་མེད་ཀྱི་བླ་མ་དྲན་ནོ།།
བགྲང་བྱ་དགུ་བཅུ་ཡི་རྩེ་ལ་སོན་ཀྱང་།།
རྒས་པའི་ངལ་དུབ་ཀྱིས་གནོད་པ་མེད་པར།།
དཔེ་གཟིགས་ཐུགས་འཛིན་གྱི་ལས་ལ་བྲེལ་བའི།།
ལེགས་བཤད་ཚིམས་མེད་དུ་འཐུང་བ་དྲན་ནོ།།
ཕྱག་བརྙན་བཀུར་བསྟི་ཡི་ཁྱོགས་ལ་བརྟེན་ནས།།
བླ་ཚུགས་བརྗིད་ཉམས་ཀྱིས་བསྙེམས་པ་མེད་པར།།
ཞི་དུལ་ལྷོད་ཆགས་ཀྱིས་དང་བ་འདྲེན་པའིི།།
འདུལ་འཛིན་ཚངས་སྤྱོད་ཀྱི་བླ་མ་དྲན་ནོ།།
རིག་བྱེད་བང་མཛོད་ཀྱི་སྒོ་གླེགས་ཕྱེ་སྟེ།།
བློ་གསལ་ཁྲི་སྟོང་གི་ཕོངས་པ་སེལ་བའི།།
ཚད་མའི་ལེགས་བཤད་ཀྱི་གྲུ་ཆར་འཇོ་བ།།
དགོས་འདོད་ཀུན་སྩོལ་གྱི་བླ་མ་དྲན་ནོ།།
རྔམ་ནག་དུས་འཁྲུག་གིས་རླབས་ཕྲེང་འཕྱུར་ཏེ།།
གཏུམ་དྲག་གདུག་རྩུབ་ཀྱིས་སྐུ་ལ་གཙེས་ཀྱང་།།
སྤོབས་པའི་དཔའ་གདེང་དེ་ཞུམ་པ་མེད་པར།།
རླབས་ཆེན་ཐུགས་བསྐྱེད་ཀྱི་བླ་མ་དྲན་ནོ།།
ཉེ་ཞོའི་སྤྲིན་སྟུག་གིས་འཁྱུད་པ་བཏང་སྟེ།།
འགྲོ་ཀུན་པད་མོ་ཡི་དཔལ་དུ་སྤྲོ་བའི།།
རྒྱལ་བསྟན་ཉིན་བྱེད་དེ་དབྱིངས་སུ་འདྲེན་ལ།།
ཡང་དར་བསྟན་པ་ཡི་སྐྱ་རེངས་དྲན་ནོ།།
སྟོབས་ཆེན་རྒྱུ་འབྱོར་གྱིས་ཐུར་དུ་མ་འགྲིལ།།
ཆོས་བརྒྱད་མྱོས་འགྱུར་གྱིས་གཡོ་སྒུལ་མ་བྱས།།
ཆོས་མཐུན་ཚངས་ཐིག་གི་རི་མོ་མ་འཁྱོག།
ཚེ་དང་སྒྲུབ་པ་དག་སྙོམས་པ་དྲན་ནོ།།
འཁོར་བའི་མུན་སྟུག་གི་ཀློང་དུ་ཡན་པའི།།
ཁོ་བོའི་སྐྱབས་གནས་སུ་ཁྱེད་ཉིད་ཐོབ་པ།།
ལ་ཁའི་ན་བུན་གྱི་གསེང་དུ་འཐོམས་དུས།།
ཉི་མ་སོར་རྩེ་རུ་རེག་དང་མཚུངས་སོ།།
ཅོལ་ཆུང་གཅམ་གསག་གི་ཚིག་ཕྲེང་མ་ཡིན།།
བླ་མར་དད་འདུན་གྱིས་བཀའ་དྲིན་བསམ་སྟེ།།
མཛད་བཟང་ཉུང་ངུ་རུ་བརྗོད་པའི་དགེ་བས།།
བརྩེ་ཆེན་ཞགས་པ་ཡིས་གཞར་ཡང་འཁྱུད་ཤོག།
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn