ས་ག་ཟླ་བའི་ཆེད་བསྒྲིགས་ལེ་ཚན། འཛམ་གླིང་བསྒུལ་བའི་སྟོན་པའི་རྣམ་ཐར་འགའ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-05-09 21:41:29     རྩོམ་པ་པོ།   ས་ག་དུས་ཆེན་ལ་ཕུལ་བའི་དཔེ་དེབ།    ཀློག་ཐེངས།  

51065666331219875.jpg

                                                       རྩོམ་པ་པོ་ངོ་སྤྲོད།
              སྤྲིན་དཀར་ལམ་རྙིང་ཞེས་པའི་དཔེ་དེབ་འདི་ནི་སྟོན་པ་བཅོམ་ལྡན་འདས་ཀྱི་ཐུན་མོང་གི་མཛད་རྣམ་ཤིན་ཏུ་གྲགས་ཆེ་བ་ཞིག་སྟེ། རྩོམ་པ་པོས་པཱ་ལི་དང་། ལེགས་སྦྱར། རྒྱ་ནག་སྐད་བཅས་སུ་བཞུགས་པའི་འབྱུང་ཁུངས་ཡིག་ཆ་ཉེར་བཞི་ལ་གཞི་བཅོལ་ནས་བཅོམ་ལྡན་འདས་ཀྱི་སྐུ་ཚེ་རྣམ་ཐར་སྤྱི་དང་། བྱེ་བྲག་གསུང་གི་མཛད་པ་རྩལ་དུ་བཏོན་ནས་གོ་བདེ་དང་སྙན་ཞིང་འཇེབས་པར་བྲིས་འདུག རྣམ་ཐར་འདིའི་ཆ་ཤས་གཅིག་ནི་ཁྱེའུ་བཀྲ་ཤིས་ཀྱི་མིག་མདུན་དུ་ལྷགས་པའི་སངས་རྒྱས་ཀྱི་མཛད་པ་དང་། ཆ་ཤས་གཞན་དེ་སངས་རྒྱས་རང་ཉིད་ཀྱིས་སྤྱན་གྱིས་གཟིགས་པའི་སྐུ་ཚེའི་རྣམ་ཐར་བཅས་ལས་གྲུབ་ཡོད་པ་ལྟར། རྩོམ་རིག་སྒྱུ་རྩལ་གྱི་ཁྱད་ཆོས་ཡོངས་སུ་ཐོན་ཡོད་པའི་བོད་འགྱུར་མ་འདི་ཉིད་ད་ལམ་ཀློག་པ་པོའི་སྤྱན་ལམ་དུ་བསྟར་ཐུབ་པ་ནི་བོད་ཡིག་ཀློག་པ་པོ་རྣམས་ལ་སྐྱེས་ཆེན་པོ་ཞིག་ཡིན་པ་མ་ཟད། སྐྱེས་བུ་དམ་པ་གང་ན་སུ་བཞུགས་རྣམས་ལ་རྒྱལ་བ་དགྱེས་པའི་མཆོད་སྤྲིན་བླ་ན་མཐོ་བ་ཞིག་ཏུའང་གྱུར་ཡོད།
            རྩོམ་པ་པོ་ནི་ཝིཏི་ནམ་ནས་ཡིན་པའི་གྲགས་ཅན་གྱི་སློབ་དཔོན་ཆེན་པོ་ཐིག་ནཏ་ཧཱན་ཡིན་ཞིང་། ཁོང་གིས་ལོ་ན་གཞོན་པའི་དུས་ནས་ཞི་བ་དང་འཆམ་མཐུན་གྱི་ཐད་ལ་སྐུ་ངལ་འཛེམས་མེད་ཀྱིས་འབད་བརྩོན་གནང་སྟབས། མར་ཊིན་ལུ་ཐར་ཀིང་སེམས་འགུལ་ཚད་མེད་ཐེབས་ཏེ། ཕྱི་ལོ1967ལོར་ནོ་སྦེལ་ཞི་བའི་གཟེངས་རྟགས་ཀྱི་འོས་མིར་མཚན་འདོན་གནང་། ཁོང་གི་སྐུ་ཚེའི་རིང་ནང་བའི་དཔེ་དེབ་བརྒྱ་ཕྲག་བརྒལ་བ་བརྩམས་ཤིང་སློབ་བུ་ཁྲི་མ་འབུམ་ལ་གསུང་ཆོས་རྒྱ་ཆེར་གནང་ཡོད་དོ།།         བོད་འགྱུར་ལོ་ཙཱ་བ་ངེས་དོན་རྒྱ་མཚོས།
 

              174158183388456076.jpg 

                                                   རྩོམ་པ་པོ་ངོ་སྤྲོད།

               ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐ་ནི་ཡུལ་དབུས་གཙང་གཉིས་ཀྱི་མཚམས་ཇོ་མོ་ཁ་རག་དང་ཉེ་བར་འབྲང་ཞེས་པའི་གནས་སུ། ཡབ་རྣམ་རྒྱལ་ཕུན་ཚོགས་དང་། ཡུམ་རྡོ་རྗེ་བུ་དགའ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བའི་ཤིང་ཕག་ཕྱི་ལོ་ ༡༥༧༥ ལོར་སྐུ་འཁྲུངས། དགུང་ལོ་བཞི་བར་ཇོ་ནང་མཁན་པོ་ལུང་རིགས་རྒྱ་མཚོས་ཇོ་ནང་བླ་མ་ཀུན་དགའ་གྲོལ་མཆོག་གི་སྤྲུལ་སྐུར་ངོས་འཛིན་མཛད་དེ་ཇོ་ནང་དགོན་དུ་བྱོན། དགུང་ལོ་དྲུག་པ་ནས་ཀློག་སློབ་པའི་འགོ་ཚུགས། དགུང་ལོ་བརྒྱད་པར་ཇོ་དགོན་ཆོས་ལུང་དུ་ཕེབས་ཏེ་མཁས་དབང་བྱམས་པ་ལྷུན་གྲུབ་སློབ་དཔོན་དུ་བསྟེན། སྟག་ལུང་བ་ཀུན་དགའ་བཀྲ་ཤིས་རྒྱལ་མཚན་ལས་རབ་བྱུང་དགེ་ཚུལ་གྱི་སྡོམ་པ་ཡང་དག་པར་མནོས། མཚན་ཀུན་དགའ་སྙིང་པོ་ཞེས་གསོལ། དེ་ནས་ལོ་ངོ་བདུན་ལྷག་གི་རིང་ལ་མཁན་པོ་ལུང་རིགས་རྒྱ་མཚོ་དང་། སློབ་དཔོན་བྱམས་པ་ལྷུན་གྲུབ། ཇོ་ནང་རྗེ་དྲུང་རྗེ་བཙུན་སྦས་པའི་སངས་རྒྱས། བང་ངྷ་གུ་བྷ་ནཱ་ཐ་སོགས་མཁས་གྲུབ་མང་པོ་ལས་མདོ་སྔགས་ཀྱི་གཞུང་ལུགས་མང་དུ་གསན། དགུང་ལོ་བཅུ་བདུན་པ་ལྕགས་ཡོས་ཕྱི་ལོ་ ༡༥༩༡ ལོར་འཇམ་དབྱངས་ཀུན་དགའ་རྒྱལ་མཚན་གྱིས་མཁན་པོ་དང་། སློབ་དཔོན་བྱམས་པ་ལྷུན་གྲུབ་ཀྱིས་ལས་སློབ་མཛད་དེ། དགེ་འདུན་གྲངས་ཚང་དབུས་སུ་བསྙེན་རྫོགས་ཀྱི་སྡོམ་པ་ཡང་དག་པར་བླངས། དེ་ནས་ལོ་བཅུའི་རིང་སྟག་ལུང་དང་ཞྭ་དམར་སྤུལ་པའི་སྐུ་ལས་བཀའ་བརྒྱུད་པའི་ཆོས་སྐོར་དང་། གཞན་ས་སྐྱ་སོགས་ཀྱི་ཆོས་སྐོར་མང་དུ་གསན།

              རྗེ་དྲུང་རིན་པོ་ཆེ་སྐུ་གཤེགས་རྗེས་ཇོ་ནང་གི་གདན་སར་བཞུགས། དགུང་ལོ་སོ་གཅིག་པར་ཇོ་ནང་དུ་བཤད་ཁྲིད་ཀྱི་དབུ་ཚུགས། རིས་མེད་ཀྱི་བླ་སློབ་མང་པོ་ལ་མདོ་སྔགས་ཀྱི་འཆད་ཉན་རྒྱ་ཆེར་མཛད། དགུང་ལོ་ཞེ་གཅིག་པ་ཤིང་ཡོས་ཕྱི་ལོ་ ༡༦༡༥ ལོར་གཙང་པ་སྡེ་སྲིད་སྦྱིན་བདག་བྱས་ནས་རྟག་བརྟན་དམ་ཆོས་གླིང་བཏབ། སྟོན་པའི་མཛད་བརྒྱ། རྒྱ་གར་ཆོས་འབྱུང་སོགས་པཎ་གྲུབ་མང་པོའི་རྣམ་ཐར་དང༌། ཤེར་སྙིང༌། བཟང་སྤྱོད་ཀྱི་འགྲེལ་བ་སོགས་མདོ་ཕྱོགས་སྤྱིའི་རྣམ་བཤད་དུ་མ་དང༌། ཁྱད་པར་ཐེག་མཆོག་རྒྱས་པའི་དབུ་མ་སོགས་གཞན་སྟོང་གི་ལྟ་གྲུབ་སྐོར་དང༌། དུས་འཁོར་བདེ་གསང་འཇིགས་གསུམ་སོགས་གསང་སྔགས་རྒྱུད་སྡེའི་ཆོ་ག་མང་པོ་དང༌། དུས་འཁོར་བདེ་གསང་གི་བསྐྱེད་རྫོགས་ཀྱི་རྣམ་བཤད་སོགས་སྔགས་ཀྱི་གཞུང་འགྲེལ་མང་པོ་དང་ཐ་ན་བསྟོད་ཚོགས་སྨོན་ལམ་སོགས་ཀྱིས་མཚོན་གྲངས་ཡོངས་སྡོམ་པོ་ཏི་བཅུ་ཕྲག་བཞི་ལྷག་གི་གསུང་རབ་མཛད་པའི་སྒོ་ནས་མདོ་སྔགས་སྤྱི་དང་ཁྱད་པར་ངེས་དོན་དབུ་མ་ཆེན་མོ་རྗེ་རྒྱལ་བ་གཉིས་པ་ཇོ་ནང་པའི་དགོངས་བཞེད་ལྟར་ལེགས་པར་གསལ་བར་བྱས་ཏེ་དར་རྒྱས་སུ་མཛད། དེ་ལྟར་བསྟན་འགྲོའི་དོན་རྒྱ་ཆེར་གྲུབ་ནས་དགུང་གྲངས་རེ་གཅིག་བཞེས་པ་ཕྱི་ལོ་ ༡༦༣༥ ཤིང་མོ་ཕག་ལོའི་ནག་པ་ཟླ་བའི་ཉེར་བརྒྱད་ལ་སྨན་པའི་རྒྱལ་པོའི་ཞིང་དུ་གཤེགས།
ཁོང་གིས་མཛད་པའི་སྟོན་པའི་རྣམ་ཐར་འདི་ལ་གོ་རིམ་སྒྲིག་སྟངས་དང་ལོ་རྒྱུས་ཀྱི་རྩོམ་རིག་ཁྱད་ཆོས་འབུར་ཐོན་ཞིག་ཡིན་པ་དང་མིག་སྔར་བོད་དུ་ཆེས་ཁྱད་དུ་འཕགས་པའི་སྟོན་པའི་རྣམ་ཐར་ཞིག་གོ།།།
 

73223526989035622.jpg

                                    རྩོམ་པ་པོ་ངོ་སྤྲོད།

                 རྗེ་བཙུན་ཡེ་ཤེས་རྒྱ་མཚོ་མཆོག་ནི་བོད་རབ་བྱུང་བཅོ་ལྔ་བའི་མེ་སྦྲུལ་ཏེ་སྤྱི་ལོ1917ལོར་མདོ་སྨད་གཅན་ཚའི་རི་རྒན་ནང་དུ་འཁྲུངས། དགུང་ལོ་དོན་དགུ་བ་ཤིང་ཕོ་ཁྱིའི་ལོ་སྟེ་སྤྱི་ལོ1995ལོར་དགོངས་པ་རྫོགས། དམ་པ་འདི་དགུང་ལོ་བཅུ་བདུན་སྟེང་མདོ་སྨ་དྷཱིཿཚ་བཀྲ་ཤིས་ཆོས་སྡིངས་སུ་རྗེ་གསེར་ལག་པ་འཇམ་དབྱངས་རྒྱ་མཚོའི་མདུན་ནས་རབ་ཏུ་བྱུང་། བྱ་མདོ་འབྲོག་རུ་བ་རྗེ་ཚུལ་ཁྲིམས་རྒྱ་མཚོ་དང་ཨ་རིག་སྨྲ་སེང་ཆེན་པོའི་རྣམ་སྤྲུལ་ལུང་རིགས་སྨྲ་བའི་དབང་བོ་ལྷ་སྡེ་རྗེ་ཡེ་ཤེས་རྒྱ་མཚོ་རྣམ་གཉིས་སློབ་དཔོན་དུ་བསྟེན་ནས་ནང་དོན་རིག་པ་དང་སྒྲ་སྙན་ངག་སོགས་ཐ་སྙད་རིག་གནས་ལ་སྦྱངས་པ་དཔྱིས་ཕྱིན་མཛད།
                 བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས་ཏེ། རྗེ་གུང་ཐང་རིན་པོ་ཆེ་འཇིགས་མེད་བསྟན་པའི་དབང་ཕྱུག་དང་མཉམ་དུ་བསྡུས་གྲྭའི་དམ་བཅའ་བཞག རབ་འབྱམས་གཞུང་བརྒྱ་སྨྲ་བའི་དགེ་བཤེས་བསང་ཁོག་ཐབས་མཁས་ཚང་སོགས་ལས་བློ་རྟགས་ཚད་ཀྱི་གཞུང་རྣམས་ལ་གཞན་དྲིང་མི་འཇོག་པའི་ཤེས་རབ་ཀྱིས་ཡང་དག་པར་དཔྱད་ཅིང་། དགུང་ལོ་ཉེར་དགུའི་སྟེང་བཀྲ་ཤིས་འཁྱིལ་དུ་གུང་ཐང་རིན་པོ་ཆེས་ཁོང་ཉིད་ཟླ་བོར་འདེམས་ནས་བཀའ་རམས་དམ་བཅའ་བཞག་སྟེ་སློབ་གཉེར་གྱི་མཐར་ཕྱིན། དགུང་གྲངས་སོ་གཉིས་པར་འདུལ་བ་དང་མངོན་པ་མཛོད་ལ་གཟིགས་ནས་སློབ་དཔོན་དབྱིག་གཉེན་གྱི་མཛོད་རྩ་དང་རྗེ་བསྟན་པའི་སྒྲོན་མེའི་མཛོད་སྡོམ་གཉིས་ཐུགས་ལ་བྱང་བར་མཛད། རྗེ་བཙུན་གྲགས་པ་རྒྱ་མཚོ་སོགས་མདོ་སྨད་མཁས་དབང་རྣམས་ཀྱི་མདུན་ནས་ཆོས་མངོན་པ་མཛོད་ཀྱི་ཞིབ་ཁྲིད་མནོས་ཏེ། ཡོངས་འཛིན་གྲགས་པ་རིན་པོ་ཆེས། དཔེ་ལ་མ་ལྟོས་པར་མཛོད་རྩ་བའི་ཚིག་འགྲེལ་བློ་ཐོག་ནས་ཤར་ཤར་འགྲོ་བ་མཛོད་ལ་སློབ་གཉེར་བཟང་བོ་ཡོང་བའི་ཚད་ཡིན་ཞེས་ཁོང་ལ་བསྔགས་པའི་མེ་ཏོག་གཏོར། 1951ལོར་རྡོ་རྦིས་དགེ་བཤེས་ཆེན་མོས་ཁོང་ལ་མཛོད་པ་ཡེ་ཤེས་རྒྱ་མཚོ་ཞེས་པའི་མཚན་སྙན་གནང་བས་སྐུ་ཉིད་མཛོད་ལ་མཁས་པའི་སྙན་གྲགས་རྒྱས།
ཁོང་གི་བརྩམས་ཆོས་རྣམས་ཟབ་ཅིང་བརླིང་བས། བོད་ཕྱི་ནང་ལ་གྲགས་ཆེ་བ་ནི་སྟོན་པའི་རྣམ་ཐར་དང་། མཛོད་འགྲེལ། དབུ་ཕར་ཚད་ཀྱི་འགྲེལ་བ། རྒྱུད་བླ་མའི་བསྟན་བཅོས་ཀྱི་བསྡུས་དོན། འགྲེས་རྐང་བརྒྱ་རྩ་བརྒྱད་ཀྱི་རྣམ་བཤད། ད་དུང་ལྷ་སའི་མཁས་དབང་རྣམ་པས་བསྐུལ་ངོར་གསུངས་པའི་ལས་འབྲས་ཀྱི་རྣམ་གཞག་སོགས་ཡོད།
               དམ་པ་འདི་ཉིད་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ཉིན་དེར་རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོས་སྨན་ལུང་གསུང་བཞིན་པ་དང་འཕྲད་དེ། ཁོང་གི་སྐུ་ཚེ་གང་བོར་གངས་ཅན་གསོ་རིག་གི་རྒྱུན་སྤེལ་ནས་མདོ་སྨད་ཀྱི་ལྷ་རྗེ་ཕུལ་དུ་བྱུང་བ་ཞིག་ཏུ་གྱུར་ཏེ་རྒྱལ་ཁབ་ཀྱི་རབ་འབྱམས་སྨན་པའི་གོ་གནས་ཀྱང་ཐོབ་ལ། སྡེ་སེར་སྐྱ་མང་པོར་བརྩེ་གཟིགས་ཀྱིས་མདོ་སྨད་སྐྱེ་འགྲོ་ཀུན་ལ་ཕན་བདེ་བླ་ལྷག་ཏུ་བསྩལ།
མཁས་བཙུན་བཟང་གསུམ་གྱི་དམ་པ་འདི་ཉིད་རིགས་གཞུང་གིས་ཕྱུག་ལ་ཞལ་སློབ་ཀྱང་བསིལ་ལྗོངས་ཕྱི་ནང་ལ་ཁྱབ་པས་མདོ་སྨད་ལྗོངས་ཀྱི་ཆོས་རྗེ་དོན་འགྲུབ་རིན་ཆེན་གཉིས་པ་ཞེས་པའི་སྙན་གྲགས་མཐོ། རྗེ་གུང་ཐང་བས་ཁོང་ལ། འདུལ་བ་འབུམ་སྡེར་ཡོན་ཤཱཀྱ་རྣམ་གཉིས་དང་། །ཚད་མའི་གཞུང་ལ་ཕྱོགས་གླང་ཆོས་གྲགས་བཞིན། །མངོན་པའི་སྡེ་ལ་ཐོགས་མེད་སྐུ་མཆེད་དང་། །དབུ་མའི་གཞུང་ལ་ཀླུ་སྒྲུབ་ཡབ་སྲས་ལྟར། །མིང་ཙམ་མིན་པའི་དོན་གྱི་དགེ་བའི་བཤེས། །ཞེས་གདེང་འཇོག་ཆེན་པོ་མཛད་ཡོད།  ཁོང་ནི་དྷཱིཿཚ་གཙོས་བཤད་སྒྲུབ་བསྟན་པའི་འདུས་སྡེར་འཆད་རྩོད་རྩོམ་པའི་ལས་དོན་རླབས་ཆེ་བས། འདིས་བསྡུས་པའི་པོ་ཏི་ལྔ་ལས་བརྩམས་ཆོས53ཡོད་ཅིང་། མདོ་སྨད་ཁ་སྒང་ཨོ་བསོའི་ཤིང་པར་ལ་ཡང་པོད་ལྔ་བཞུགས།
 

  534764903461354464.jpg                                           

                                སྤྲིན་དཀར་ལམ་རྙིང་རྒྱ་འགྱུར་མ།                   

                              

                                               རྩོམ་སྒྲིག་པ། བྱ་མདོ་གུར་ཀུམ།
གསལ་འདེབས།
                རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།