རིན་ཆེན་དང་པོ་དང་གཉིས་པ་ལས་རྒྱལ་བའི་ཡུམ་བར་མ་ཉི་ཁྲི་བཞེངས་སྐབས་ཀྱི་པར་བྱང་སྨོན་ཚིག།
བདེ་གཤེགས་དུ་མས་ལེགས་པར་བསྟེན་གྱུར་པ། །རི་ཡི་དབང་པོ་བྱ་རྒོད་ཕུང་པོའི་རིར། །གསུང་རབ་ཀུན་གྱི་སྙིང་པོ་རྒྱལ་བའི་ཡུམ། །གང་གིས་གསུངས་པའི་ཐུབ་དབང་དེར་ཕྱག་འཚལ། །ཐུགས་རྗེའི་གཏེར་དེས་དཀའ་བ་དུ་མ་ཡིས། །གང་གི་དོན་དུ་དཔག་ཡས་སྤྱོད་མཛད་པ། །དམ་ཆོས་རིན་ཆེན་ཀུན་གྱི་རབ་དང་ཕུལ། །རྒྱལ་བ་ཀུན་གྱི་བགྲོད་པ་གཅིག་པའི་ལམ། །གང་ཞིག་འདྲི་དང་ཀློག་དང་འཆད་དང་ཉན། །ཡིད་ལ་བྱེད་དང་མཆོད་པ་གང་བགྱིད་པ། །དེ་ཡི་བསོད་ནམས་ཕུང་པོ་ཟླ་མེད་པར། །རྣམ་གྲངས་དུ་མར་ཡང་དང་ཡང་བསྔགས་པ། །རྒྱལ་ཡུམ་བར་མ་ཉི་ཁྲི་ལྔ་སྟོང་པ། །ཨིནྡྲ་རྙིལ་ལྟར་སྔོ་བའི་གླེགས་བམ་ལ། །རིན་ཆེན་ས་ལེ་སྦྲམ་དང་དངུལ་གྱིས་ནི། །མིག་ལ་དཔལ་སྟེར་ཡི་གེར་ལེགས་བཀོད་པ། །དེ་ཡིས་བསྐྲུན་པའི་ལེགས་ཚོགས་ཇི་སྙེད་ཀུན། །རྒྱལ་བ་དགྱེས་པའི་སྨོན་པའི་གནས་རྣམས་སུ། །བསམ་པ་ཐག་པས་རྣམ་དག་འདུན་པ་ཡིས། །ཡོངས་སུ་བསྔོ་བའི་རྣམ་པ་འདི་འདྲའོ། །བཟང་པོའི་ལས་འདིར་རབ་ཏུ་འབད་པ་ཡིས། །བདག་གིས་འཇིག་རྟེན་རྣམ་པར་འདྲེན་པ་ཡི། །གོ་འཕང་ཐོབ་ནས་སྡུག་བསྔལ་མཚོར་ལྷུང་བའི། །ཉམ་ཐག་འགྲོ་ཀུན་སྲིད་ལས་སྒྲོལ་བར་ཤོག །གོ་འཕང་མཆོག་ལ་མ་རེག་པའི། །སྐྱེ་ཞིང་སྐྱེ་བར་རྒྱལ་བ་ཡི། །བསྟན་ལ་རབ་ཏུ་བྱུང་བ་དང་། །ཚུལ་ཁྲིམས་ཡོངས་སུ་དག་པར་ཤོག །དམ་པའི་མགོན་ལ་བརྟེན་ནས་ནི། །དེ་ཡིས་རྗེས་སུ་བསྟན་པ་ལ། །ཐོས་དང་བསམ་དང་སྒོམ་པ་ཡིས། །རྣམ་པ་ཀུན་ཏུ་སློབ་པར་ཤོག །དེ་ཚེ་བཟང་པོའི་རྩོམ་པ་ལ། །བར་དུ་གཅོད་པ་མེད་པ་དང་། །རྗེས་སུ་མཐུན་པའི་རྐྱེན་རྣམས་ནི། །བདེ་བླག་ཉིད་དུ་འབྱོར་པར་ཤོག །དམ་པའི་བཤེས་ལ་རྒྱལ་ཡུམ་སོགས། །ལེགས་བཤད་དཔག་མེད་ཐོས་པ་དང་། །ཇི་བཞིན་འབྱེད་པའི་རྣམ་དཔྱོད་དང་། །དེ་དག་ཆུད་མི་ཟ་བའི་རྒྱུ། །མི་བརྗེད་པ་ཡི་གཟུགས་རྣམས་དང་། །གཏུགས་པ་མེད་པའི་སྤོབས་པ་དང་། །རྟག་ཏུ་སྦྱོར་བའི་བརྩོན་འགྲུས་ནི། །ཟླ་དང་བྲལ་བའང་ཐོབ་པར་ཤོག །རྒྱ་ཆེའི་ཞིང་ནི་སྤྱོད་པ་དང་། །རྒྱལ་བ་མཆོད་དང་སེམས་ཅན་ཁམས། །གྲངས་མེད་སྨིན་པར་བགྱིད་པ་ལ། །འཇམ་པའི་དབྱངས་བཞིན་བདག་གྱུར་ཅིག །ལུས་དང་ངག་དང་ཡིད་ཀྱིས་ནི། །སྤྱོད་པ་ཅི་དང་ཅི་སྤྱད་པ། །ཐམས་ཅད་མཐའ་ཡས་འགྲོ་བ་ལ། །ཕན་བདེ་དཔག་ཏུ་མེད་པར་ཤོག །རྣམ་པ་ཀུན་ཏུ་སྡིག་གྲོགས་དང་། །བདུད་ཀྱིས་བསླུ་བར་མི་ནུས་ཤིང་། །བཤེས་གཉེན་བཟང་པོའི་རྗེས་ཞུགས་ནས། །བྱང་ཆུབ་སྤྱོད་པ་རྫོགས་བྱེད་ཤོག །དབེན་པའི་ཡོན་ཏན་མཐོང་བ་ཡིས། །རྣམ་གཡེང་མ་ལུས་སྤོང་བ་དང་། །རྟག་ཏུ་བག་དང་ལྡན་པ་ཡིས། །སྒྲུབ་པ་སྙིང་པོར་བྱེད་པར་ཤོག །འཇིག་རྟེན་ཆོས་བརྒྱད་དག་ལ་ནི། །ཡིད་ནི་མཉམ་པ་ཉིད་ཐོབ་ཅིང་། །རྟག་ཏུ་ཟང་ཟིང་མེད་པ་ཡི། །ཆོས་ཀྱི་དགའ་བདེས་འཚོ་བར་ཤོག །ཐུབ་བསྟན་འཇིག་ཏུ་ཉེ་བའི་ཚེ། །བསྟན་པ་འབའ་ཞིག་འགྲོ་ཀུན་གྱི། །ཕན་བདེའི་རྩ་བར་མཐོང་ནས་ནི། །རྒྱལ་བའི་ཆོས་ཚུལ་འཛིན་གྱུར་ཅིག །ཡིད་ནི་སྙིང་རྗེའི་དབང་གྱུར་ཏེ། །ཇི་ལྟར་བགྱིས་ན་སེམས་ཅན་རྣམས། །རྣམ་པར་གྲོལ་བར་འགྱུར་སྙམ་པའི། །བསམ་པ་དེ་དང་འབྲལ་མ་གྱུར། །རྒྱལ་བའི་ཡོན་ཏན་ཇི་བཞིན་དུ། །ཤེས་པའི་དད་པ་རྙེད་གྱུར་ཏེ། །བཀའ་དྲིན་གཟོ་བས་དེ་དག་གི། །དགོངས་པ་ཡོངས་སུ་སྐོང་བར་ཤོག །ལུས་སེམས་སོ་སོར་འབྲལ་བ་ན། །གནད་གཅོད་ཚོར་བ་མེད་པ་དང་། །རྒྱལ་བའི་དབང་པོ་འོད་དཔག་མེད། །འཁོར་དང་བཅས་པ་མཐོང་པར་ཤོག །དེ་ནས་བདེ་བ་ཅན་དུ་ནི། །སྐྱེས་མ་ཐག་ཏུ་འཁོར་དབུས་སུ། །ཚེ་དཔག་མེད་ལས་བྱུང་ཆུབ་ཏུ། །ལུང་བསྟན་བདག་གིས་ཐོབ་གྱུར་ཅིག །དེ་ཡི་མོད་ལ་ཡོན་ཏན་ཚོགས། །དཔག་མེད་མངོན་དུ་གྱུར་ནས་ནི། །གྲངས་མེད་ཞིང་དུ་རྒྱལ་སྲས་ཀྱི། །རླབས་ཆེན་སྤྱོད་པ་རྫོགས་པར་ཤོག །རྒྱལ་བ་རྒྱལ་སྲས་རྒྱ་མཚོ་ཡི། །བདེན་པ་དང་ནི་བདག་ཅག་གི། །གཡོ་མེད་བསམ་པའི་སྟོབས་ཀྱིས་ནི། །སྨོན་པ་བདེ་བླག་འགྲུབ་གྱུར་ཅིག །ཅེས་པ་འདི་ནི་མང་དུ་ཐོས་པའི་རྒྱལ་ཁམས་པ་བློ་བཟང་གྲགས་པའི་དཔལ་གྱིས་སྦྱར་བའོ། །
རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།
གསལ་འདེབས།།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn