རྒྱལ་བུ་སྤྲིན་གྱི་བཞོན་པའི་རྟོགས་བརྗོད།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།།     སྤེལ་དུས།  2016-05-09 16:42:19     རྩོམ་པ་པོ།   རྒྱ་ནག་པ་འཇམ་དབྱངས་བསྟན་པའི་ཉི    ཀློག་ཐེངས།  

         474732948017828858.jpg 

            ༄༅། །མཆོག་གི་ཚེ་དང་དབང་ཕྱུག་དང་། །
               གྲགས་པ་མི་དམན་བསོད་ནམས་སྟོབས། །
               ལུང་རྟོགས་བཤད་སྒྲུབ་འབྱོར་བ་ཡིས། །
               བདག་ནི་རྟག་ཏུ་བསྲུང་བར་མཛོད། །

         ཟླ་བའི་སྲིང་མོ་གང་གི་ལྷས། །བདག་བློ་ཚིག་གི་གཏེར་དུ་མཛོད། །དམ་པའི་ཆོས་ཀྱི་རོ་མངར་བ། །རྟོགས་བརྗོད་རྣ་བའི་བདུད་རྩི་སྤྲོ། །འདི་ལྟར་ཐོས་སོ་དྲང་སྲོང་དམ་པའི་ཞབས། །བཀྲ་ཤིས་འཁོར་ལོའི་རི་མོ་མཚན་པའི་རྡུལ། །ལན་མང་འཐུངས་པའི་ཁེངས་ལྡན་འཕགས་ཡུལ་ཞེས། །སྙན་པ་དབྱར་སྐྱེས་སྔོན་མོའི་སྐད་ལ་ཟ། །ཕུན་ཚོགས་དཔལ་གྱི་རླབས་ལྡན་སྡེ་བཞིའི་ཆབ། །གཡས་སུ་འཁྱིལ་བ་འཛིན་མའི་ཐིག་ལེ་དེར། །གསེར་གྱི་བ་གམ་རྒོད་པའི་གྲོང་ཁྱེར་ནི། །འཆི་མེད་འཇིག་རྟེན་རྫོགས་པར་འདོམས་པ་ཡོད། །གང་དུ་རྨུགས་འཛིན་འབྱོར་བའི་ཁྱད་པར་ལ། །འཕྱ་བ་གསལ་བྱེད་སྣ་ཚོགས་ཟོང་གི་ཕྲེང་། །སིལ་མར་བཀྲམ་པ་སུམ་རྩེན་ཕོ་བྲང་ནས། །བདུད་རྩིའི་ཆར་གྱི་གཟེགས་མ་འཐོར་བ་བཞིན། ། མང་བོས་བཀུར་བའི་རྒྱལ་པོ་བྲམ་ཟེ་དང་། །ནོར་གྱི་དབང་ཕྱུག་དོན་མཐུན་རྗེ་བོ་སྟེ། །རང་གི་བགོ་སྐལ་སྤྱོད་པའི་དམངས་རིགས་སོགས། །མི་རིགས་རྣམ་བཞིའི་རྒྱུ་འགྲུལ་ཟད་པ་མེད། །དེར་ནི་སྲིད་པའི་སྣང་བར་རིམ་ཚེས་པའི། །རིག་འཛིན་ཀུན་དའི་གཉེན་གྱི་མྱུ་གུ་ལས། །ས་ལ་རྫོགས་ལྡན་བདུད་རྩིའི་འོད་འགྲེམས་པ། །སྤྲིན་གྱི་ཏོག་ཏུ་གྲགས་པའི་ཟླ་བ་གསལ། །དེ་ཡི་ཞབས་སྐྱེས་མེ་ཏོག་དཀར། །ཕྱོགས་ཀྱི་ས་སྐྱོང་ཐོད་དུ་མཛེས། །གྲགས་པའི་རྔ་ནི་འཇིག་རྟེན་ན། །ཡོན་ཏན་དབྱུག་གུ་ཉིད་ཀྱིས་བརྡུངས། །གླིང་བཞིའི་དཔལ་ནི་རི་རབ་སྟེ། །ཉི་ཟླ་ཟུང་ནི་ནམ་མཁའི་རྒྱན། །དེ་བཞིན་སྐྱེ་རྒུའི་དཔལ་དུ་ནི། །ས་སྐྱོང་འདི་ཀོ་མངོན་པར་བརྗིད། །ཡ་རབས་ཆོས་ཀྱིས་མངོན་མཐོ་ཞིང་། །ཡིད་བསྲུབས་གཞུ་ལྡན་ཉམས་བྱེད་གཟུགས། །ལང་ཚོ་པད་མོའི་སྙེམས་ཐོགས་པ། །ཆོས་སྤྱོད་མ་ནི་གྲོགས་སུ་ཁུག །འདོད་རྒུ་འཇོ་བའི་དཔག་བསམ་ལྗོན་ཤིང་དང་། །འདུལ་བའི་བསླབ་པ་ཡོངས་རྫོགས་གཉིས་འཐུང་ཁྱུ། །དགྲ་ཡི་དཔལ་འབྱོར་ཟ་བའི་དཔལ་བོའི་སྡེ། །རིག་པའི་ནོར་ལྡན་བློན་པོའི་ཚོགས་ཀྱིས་བསྟེན། །འོན་ཀྱང་སྟོབས་ཀྱིས་བསྡིགས་མིན་ཞིང་། །ཟས་ནོར་ཐབས་ཀྱིས་བྲིད་མིན་ཡང་། །ཕྱོགས་ཀྱི་རྒྱལ་བློན་མ་ལུས་པ། །བྱམས་པས་བཏུད་དེ་འདི་ཡི་ཆོས། །ཚངས་པའི་གནས་སུ་འཛེགས་པ་ཡི། །བསོད་ནམས་ཐེམ་སྐས་འདི་ཡིས་བཙུགས། །མཐོ་རིས་ལམ་ནི་ཡོངས་ཕྱེ་ཞེས། །ཆུ་སྲིན་རྒྱལ་མཚན་ཤུགས་རིང་འབྱིན། །ནམ་ཞིག་དེ་ཡི་ཡིད་འཛིན་མའི། །བདེ་ལྡན་ལུས་ཀྱི་སྤྲིན་རུམ་ནས། །གཞོན་ནུའི་ཉི་མ་གསར་བ་ཞིག །རྫོགས་ལྡན་པད་མོའི་དཔྱིད་དུ་ཤར། །དེ་ཚེ་ཡབ་ཀྱི་རིགས་ཆོས་བཞིན།།འདི་ནི་སྤྲིན་གྱི་བཞོན་པ་ཞེས། །མཚན་སྙན་ཕྱོགས་ཀྱི་སྨིན་ལེགས་མའི།།ཐོས་འཛིན་སྤུད་པའི་རྒྱན་དུ་བྱས། །དེ་ཡི་འཛུམ་ཞལ་བདུད་རྩིའི་རེག་པ་ཡིས།།ལུས་ཅན་མིག་ནི་མཉེས་གཤིན་དང་བས་བརླན། །ལྷ་དབང་སྐྱེད་ཚལ་ནས་བབས་མན་ངྷ་རའི།།མེ་ཏོག་ཕྲེང་བ་རྣམས་ནི་བདུད་རྩིས་བརླན།།ལང་ཚོའི་འཕེལ་བ་རིམ་གྱིས་རྩོམ་ཡང་རང་བཞིན་གྱིས་ནི་དབང་པོ་དུལ།།རིགས་ཚུལ་མ་ལུས་མངོན་པར་གཟིགས་ཀྱང་ཡོན་ཏན་གཞི་ནས་སློབ་སྦྱོང་བརྩོན།།རིགས་དང་ཆེན་པོའི་དཔལ་གྱིས་མཐོ་ཡང་ཁེངས་དང་དྲེགས་པ་ཤིན་ཏུ་དམའ།།བསྔགས་འོས་དྲི་བསུང་ལྷན་ཅིག་སྐྱེས་འདི་སྨན་གྱི་ལྗོན་པ་གསར་བ་ཉིད།།ན་ཚོད་ཕྲ་བའི་ཟླ་ཚེས་དང་། །སྙིང་སྟོབས་དཀར་པོ་ལྷན་ཅིག་རྒྱས།།རྣམ་པར་དཔྱོད་པའི་སློབས་པ་དང་། །སྙན་པའི་དྲི་བསུང་ལྷན་ཅིག་རྒྱས།།དེ་ཡི་སྙན་དབང་རིན་ཆེན་སྣོད་ཡངས་སུ། །སྣ་ཚོགས་རིགས་ཚུལ་འདོད་རྒུ་འབྱུང་བའི་གནས།།རྣམ་མང་ཐོས་པ་རྒྱ་མཚོའི་རྒྱུན་དག་ནི། །ཉིན་བཞིན་བབས་ཀྱང་མངོན་པར་འགེངས་མ་གྱུར།།བློ་གྲོས་ཤེས་བྱའི་ཕ་རོལ་འཚོལ་བ་བཞིན། །ལྷག་བསམ་ཟླ་བའི་དཀྱིལ་ནས་འོངས་པ་བཞིན།།བསོད་ནམས་འཆི་མེད་རི་བོ་རྒྱུ་བ་བཞིན། །གཟི་བྱིན་འོད་སྟོང་དཀྱིལ་འཁོར་འབར་བ་བཞིན།།མཐོ་རིས་དཔལ་འབྱོར་བརྒྱ་ཡིས་རྣམ་རྩེན་ཡང་། །གཞན་དོན་སྐད་ཅིག་ཙམ་ཡང་གཡེལ་བ་མེད།།ཆུ་གཏེར་རླུང་གིས་རོལ་པ་དང་འགྲོགས་ཀྱང་། །རྦ་རླབས་དུས་ལས་འདའ་བ་སྲིད་ན་མེད།།དེ་ལྟའི་ཡོན་ཏན་སྦྲང་རྩིའི་ཁུར། །རྣམ་འཛིན་གྲགས་པའི་རྐང་དྲུག་དག།མཁས་རྣམས་ཞལ་གྱི་པད་ཚལ་ན།།ཕྱོགས་སུ་སྙན་པའི་སྤྲིང་ཡིག་སྒྲོག།མཐར་ནི་དེ་ཡི་བློ་སྟོབས་ལ།།གཟིགས་པའི་སླད་དུ་གཤེགས་པ་བཞིན།།སྤྲིན་གྱི་ཏོག་ནི་བཙུན་མོར་བཅས།།རིག་འཛིན་དགའ་བའི་ཚལ་བྱོན་དེ། །དུཿཁས་སྐྱོ་མེད་བཟོད་པ་དང་།།ནོར་ལ་ཆོག་ཤེས་དམ་པའི་དཔལ། །དྲེགས་པས་མ་བཅོམ་བློ་གྲོས་ཀྱིས།།ཡོངས་སུ་སྐྱོབ་ཡིན་འཇིག་རྟེན་གང་། །དེ་སླད་ལེགས་བྱས་ཀྱིས་བསྒྲུབས་པའི། །རྒྱལ་པོའི་དཔལ་ནི་ཁྱོད་ཀྱིས་སྐྱོངས།།ཡིད་ནི་དཀྲུག་པའི་འདུ་འཛི་དང་། །བྲལ་བའི་གནས་དེ་ཁོ་བོས་བསྟེན།།དམ་པ་རྣམས་ནི་གཞན་གྱི་ཕྱིར། །འཇིག་རྟེན་ལས་ལའང་དགའ་བས་འཇུག།འདམ་ན་གནས་ཀྱང་པད་མོ་ནི།།སྦྲང་རྩིའི་ཟས་ཅན་ཡིད་འཕྲོག་བྱེད། །དེ་སྐད་དགྱེས་པའི་ཚེམས་དཀར་སྤྲིན་ཀློང་ནས། །འཇིགས་མེད་ལུང་གི་དབྱར་རྔ་དལ་གྱིས་རྒོད།།རྒྱལ་བའི་སྙིང་སྟོབས་ཁྱོད་ཀྱིས་མི་ཐེག་པའི།།སྐྱེ་རྒུའི་ཕན་བདེའི་ཁུར་ཡང་ཡོད་མ་ཡིན། །དེ་ལྟར་དྲེགས་ལྡན་བྱེ་བའི་བཞིན་རས་སྣོད།།ནོར་བུའི་དོ་ཤལ་བཀྲམ་པ་གསེར་གྱི་ཁྲི།།ལུས་ཅན་ཡོངས་རྫོགས་གདོང་ལྔས་བཏེགས་པའི་སྤོར། །ཡོན་ཏན་དཀྱིལ་མོ་ཀྲུང་གིས་བདེ་བར་འཁོད།།ཚུལ་མིན་སྤྱོད་པ་འབིགས་བྱེད་རི་བོའི་རྐང་།།ཆོས་ཁྲིམས་རྡོ་རྗེ་རྩེ་བརྒྱས་བཅོམ་པའི་ཚེ།།རྫོགས་ལྡན་གསར་བའི་མགྲོན་དེ་འགུགས་པའི་སླད།།ལེགས་བྱས་གཉིས་འཐུང་སྣ་ཞགས་རིང་དུ་སྐྱོང་།།གང་གི་ཕྱག་ནི་དཔག་བསམ་འདབ་བཞིན་འདོད་རྒུ་སྦྱིན་ལ་རྣམ་པར་བརྐྱངས། །མཐུ་སྟོབས་དཔུང་ནི་གནམ་ལྕགས་ཐོག་བཞིན་དགྲ་སྡེ་སུས་ཀྱང་རྒོལ་བར་དཀའ།།བཀའ་ཡི་ཆབ་འབངས་རྒྱ་མཚོའི་རྡུལ་བཞིན་མཐའ་དག་བརྗོད་པའི་ཡུལ་ལས་འདས།།བཀའ་ཁྲིམས་གསེར་གྱི་གཉའ་ཤིང་ཇི་བཞིན་བཙན་བརྗིད་རིས་མེད་ཀུན་ལ་སྙོམས།།དེ་ཡི་སྲོལ་བཏོད་མཛངས་པའི་ཁྲིམས་ལུགས་དང་། །སོས་ཀའི་ཆུ་ཀླུང་དབུ་བའི་དོ་ཤལ་ཅན།།ལྷོ་ཡི་རླུང་བཞིན་ཟླ་བའི་འོད་ཕྲེང་རྣམས།།མཆོག་ཏུ་བསིལ་ཞེས་འཇིག་རྟེན་ཟློས་བུར་སྒྲོགས།།ཚངས་པའི་སྟོབས་ལ་རྨུགས་འཛིན་འབྱོར་པའི་མཛོད།།གཅིག་ཏུ་བསྡུས་འདྲའི་དཔལ་ཀུན་བྱང་ཆུབ་ཏུ། །བསྒྱུར་པས་ཕན་བདེ་ག་བུར་ཐིགས་པ་འབུམ།།འཛག་བྱེད་དམ་པའི་སྤྱོད་ཚུལ་རྨད་དུ་བྱུང་། །ཚ་བས་གདུངས་པའི་ལག་ལྡན་དབང་།།ཆུ་སྐྱེས་རྫིང་བུ་མཐོང་བ་བཞིན། །ཞི་ལ་དགྱེས་ལ་རྣམས་ཀྱི་ཐུགས།།བདེན་པའི་ལྕགས་ཀྱུས་དབང་མེདའདྲེན། །དེ་ཕྱིར་རང་དོན་ཡིད་བྱེད་དང་།།བྲལ་བའི་བདེ་རྒུར་རོལ་འདི་ཡང་། །འདུ་འཛིས་དབེན་པའི་ནགས་ཁྲོད་དུ།།རྣལ་འབྱོར་སྤྱོད་ལ་མངོན་དགྱེས་པས། །གཙུག་ལག་ཆོས་ཚུལ་ཆུ་བོ་འབུམ།།རྫོགས་པར་འཐུངས་པས་མ་ངོམས་པ། །ཟབ་ཡངས་དྲི་མེད་ཐུགས་ཀྱི་མཚོ།།ཡེ་ཤེས་ཀློང་ནས་འདི་ལྟར་དགོངས། །ལང་ཚོའི་རྒྱན་ནི་ཐོས་པ་དང་།།ཐོས་པའི་རྒྱན་ནི་ཞི་བ་སྟེ། །ཞི་བའི་རྒྱན་ནི་དབེན་པ་དང་།།དབེན་པའི་རྒྱན་ནི་ནགས་ཚལ་ལོ། །གང་དུ་གཡེངས་པ་ཀུན་བོར་ནས།།འཕགས་པའི་རིགས་བཞི་ལ་གནས་པའི། །དགའ་བདེ་དེ་འདྲ་གླིང་བཞི་ཡི།།དབང་ཕྱུག་དག་ལ་ཡོད་རེ་སྐན། །སྙིང་ལ་བསིལ་བའི་དོ་ཤལ་དང་།།སྤྱི་བོར་མཛེས་པའི་ཅོད་པན་ནི། །འཇིག་རྟེན་དག་ན་ཕ་མ་སྟེ།།དེ་མཆོད་རིགས་དེ་བསྔགས་འོས་བསམ། །འབྱོར་དང་རྒུད་པའི་མཛའ་སྡང་གསལ་བྱེད་བྱིས་པའི་གྲོགས་པོ་དག་གིས་ཅི།།སྦྲང་མའི་རྩི་བཞིན་གཞན་གྱིས་སྤྱོད་འགྱུར་མ་བརྟན་ལོངས་སྤྱོད་ནོར་གྱིས་ཅི།།ཆགས་སྡང་མི་བཟད་རྒུད་པའི་སྣ་འདྲེན་རྒྱལ་སྲིད་འདི་ཡང་དགོས་མེད་ཅེས།།ས་དབང་ཡིད་ནི་ཞི་བ་ལ་ཆགས་པད་མཚོ་མཐོང་བའི་ངང་བ་བཞིན།།རྩེ་མོར་རབ་དཀར་ཤེལ་གྱི་ཅོད་པན་བཅིངས། །ཕྱོགས་མཚམས་ནགས་ཀྱི་ཡོལ་བས་མི་མངོན་བསྒྲིབས།།ཉིན་བཞིན་ན་བུན་སྐེད་འཆིང་བཅིང་གྲོལ་བྱེད། །མ་ལ་ཡ་ཞེས་གྲགས་པ་གསལ་ལྡན་པ།།མེ་ཏོག་འབྲས་བུས་རྣམ་མཛེས་ལྗོན་ཤིང་གིས། །སྤུ་ལོང་མངོན་པར་རྒྱས་པའི་ལ་འཛིན་འོད།།མི་དབང་སྤྲིན་གྱི་ཏོག་ནི་བཙུན་མོར་བཅས། །མ་གཡེངས་བསམ་གཏན་སྦྱོང་བའི་གམ་དུ་གཤེགས།།གང་ཚེ་རྒྱལ་པོས་བོར་བ་ཡི། །རྒྱལ་སྲིད་བསྲུང་ལ་འཇིགས་པ་བཞིན།།དཔག་བསམ་ལྗོན་པས་གསེར་གྱི་ཆར། །ཕབ་ནས་ཀུན་གསལ་ཁྱིམ་དུ་སོང་།།རི་སྐྱེས་མཛའ་བས་ཡོངས་བསྐོར་ཞིང་། །འཁྲི་ཤིང་གྲོགས་མོས་འཁྱུད་པ་ཅན།།ནགས་ཀྱི་དཔལ་མོའི་དགའ་བ་ཡིས། །ལང་ཚོ་ཅན་དེ་དགྱེས་བཞིན་བཅིངས། །གང་དུ་རྣལ་འབྱོར་བརྩོན་རྣམས་ལ།།འདུ་འཛིའི་ཆོམ་རྐུན་སྒྲིབ་པའི་སླད། །རྐང་འཐུང་ལྗོན་པའི་ཕྲེང་བ་རྣམས།།ཡལ་གའི་འཛིན་བྱེད་ཉེ་བར་འབྲེལ། །གྲུབ་པའི་སྐྱེ་བོས་མི་འཇིགས་པ།།རྫོགས་པར་བྱིན་པའི་ནགས་དེར་ནི། །རི་སྐྱེས་གཞོན་ནུ་རྩེ་བ་དག།གཅན་གཟན་ལ་ཡང་བག་ཡངས་བརྟེན།།པད་མོའི་དྲ་བས་ཁེབས་པ་ཡི། །ཉལ་འགྲོ་མ་ནི་དྲི་བཞོན་གྱིས།།དགའ་བས་གཏོར་བའི་མེ་ཏོག་ཚོགས། །ལྷུང་ལྷུང་ཟེར་ཞིང་འཐུ་བར་བྱེད།།ཏ་ལའི་ལྗོན་པའི་གྲིབ་བསིལ་ལ། །དུལ་བས་རྣམ་འཁོད་གཉིས་འཐུང་ཁྱུ།།སྤྲིན་གྱི་དུམ་བུ་གཡོ་བ་བཞིན། །ས་འཛིན་དེས་ནི་རྣམ་པར་བརྒྱན།།འཕུར་ལྡིང་རྩེད་འཇོའི་རོལ་གར་ཅན། །སྤུ་སྡུག་གཉིས་སྐྱེས་སྣ་ཚོགས་པ།།མགྲིན་པའི་དྲིལ་ཆུང་བསིལ་བའི་སྒྲས། །སྒྲ་འཛིན་བདུད་རྩིའི་ཁུང་བུར་བཅུག།ཉི་འོད་དཔག་མེད་འཐུངས་པ་ཡིས།།མྱོས་ལྡན་པད་མོའི་གེ་སར་རྡུལ།།དམར་བོར་སྐྱུགས་ལ་སྦྲང་རྩི་བྱེད།།ཁྲེལ་རྒོད་བྱེད་བཞིན་དར་དིར་སྒྲོགས།།རང་བྱུང་ནོར་བུའི་བྲག་སྐྱིབས་དང་། །ལོ་མ་གསར་བའི་ལྡིང་ཁང་སྟེ།།གྲུབ་པའི་བསྡི་གནས་ཉམས་དགའ་བ། །བསྟོད་པའི་ཁྱད་པར་འགྲན་པ་བཞིན།།མེ་ཏོག་གཞུ་ལྡན་ལོངས་སྤྱོད་གྲོགས། །རྐང་དྲུག་ལྡན་པ་རྣམས་ཀྱི་གཉེན།།སྐལ་བཟང་དཔྱིད་ནི་དཀའ་ཐུབ་ཀྱི། །ཞི་བའི་དཔལ་ལ་འཕྱ་བ་བཞིན།།སོས་ཀའི་རྣམ་འཕྲུལ་དཔལ་ལྡན་དགའ་ཚལ་དེར། །གསེར་གྱི་འཁྲི་ཤིང་ཡང་དག་རྒྱུ་བ་བཞིན།།ཡིད་འོང་འཇོ་སྒེག་ལང་ཚོ་ཀུན་དགའི་དཔྱིད། །རིག་འཛིན་ལྷ་སྲས་འདོད་རྒུར་དགའ་བས་རྩེན།།དེར་ནི་མེ་ཏོག་རི་མོ་རྣམ་བཀྲ་སྤང་ལྗོངས་གཡུ་ཡི་ནེའུ་གསིང་ན།།ཙན་དན་ལྗོན་པའི་གྲིབ་བསིལ་རྣམ་འཁྱིལ་གསེར་གྱི་ཁང་ལྡན་གཽ་རིའི་མདུན།།རི་སྐྱེས་དབང་ཕྱུག་བསྙེན་པས་མཆོག་ཐོབ་རིག་འཛིན་རིགས་ཀྱི་ཐིག་ལེ་ནི།།རིན་ཆེན་རྒྱུད་མངས་རྩེད་འཇོ་ལ་དགྱེས་ཡིད་བསྲུབས་གཟུགས་ནི་གཞན་པ་ཞིག།མཛེས་སྡུག་རབ་ཏུ་དཀྲིགས་གྱུར་པ།།རྩེ་དགའ་རོལ་པས་མཚན་པ་ནི། །གསེར་གྱི་འཁྲི་ཤིང་འབིགས་བྱེད་ཀྱི།།རླུང་གིས་སྐྱོད་པ་འཛིན་པ་མཐོང་། །དེ་ནི་གྲུབ་པའི་རྒྱལ་པོ་ཀུན་གྱི་དབྱིག།རིག་འཛིན་གདུང་གི་ཆ་ཤས་ཡིད་འཛིན་མ།།རི་སྐྱེས་དབང་མོ་མཆོད་པའི་དཀའ་ཐུབ་ཅན། །མ་ལ་ཡ་ཅན་མ་ཞེས་གྲགས་པ་ཉིད།།བདུད་རྩི་ཕྲེང་བས་རྣམ་སྒེག་པའི། །ཟླ་རྒྱས་འཁྲི་ཤིང་འཛུམ་པ་བཞིན།།འཇིག་རྟེན་ཀུན་གྱི་སྙིང་སྡུག་མ། །སྨིན་ལེགས་དེས་ནི་དེ་ཡིད་ཚིམ། །དེས་ཀྱང་རྒྱལ་བུའི་མཚར་སྡུག་ལ།།སྲེད་ལྡན་མིག་གི་བུང་བ་ནི། །བཞིན་གྱི་པད་མ་རྒྱས་པའི་ངོས།།གཡོ་མེད་རི་མོ་བྲིས་བཞིན་བཀོད། །མི་བསྲུན་བསླང་སེམས་མི་ལྡན་ཡང་།།མེ་ཏོག་མདའ་ནི་རབ་ཏུ་འཕངས། །ལང་ཚོའི་དཔལ་ནི་མ་བསྣད་པར།།སྙིང་གི་བརྟན་པ་ཕན་ཚུན་འབིག།ཡིད་བསྲུབས་རྣམ་འཕྲུལ་གསར་བ་ལས་སྐྱེས་པའི།།སྐྲག་པའི་བཞིན་གྱི་ཀུ་མུད་ཟུམ་པ་མོར། །མི་དབང་ཟླ་བས་འདོད་དགོངས་ག་བུར་ཟེར།།སྨྲ་བཅད་འདབ་བརྒྱ་གྲོལ་ཕྱིར་སྤྲོ་བ་ན།།ཉིན་དགུང་མཆོད་སྤྲིན་དུས་བབས་མགྱོགས་འགྲོ་ཡིས།།ལུས་ཀྱི་ཤིང་རྟ་རང་རང་གནས་དྲངས་ཏེ། །རིགས་པ་གཏམ་གྱི་སྦྱོར་བ་མ་རྫོགས་ཀྱང་།།ཡིད་གྱི་ཁྱེའུ་ཕན་ཚུན་དྲུང་དུ་བསྙེན། །ཕྱི་མིག་ལྕགས་ཀྱུ་ཡང་ཡང་བཏབ་ན་ཡང་།།མཛེས་སྐུའི་གཉིས་འཐུང་ཟིན་མེད་འཇའ་ཚོན་བཞིན།།མཚན་དཔེའི་ཟླ་བ་རྒྱང་རིང་སོང་གྱུར་ཀྱང་། །མཛའ་བའི་ཆུ་མཚོར་འབྲལ་མེད་ཤར་བས་སྐྱོ།།འོན་ཀྱང་ལེགས་བྱས་སྟོབས་ལྡན་སྐྱེས་བུ་ཡི། །ཡིད་ཀྱི་རེ་བ་འབྲས་ལྡན་འགྱུར་ངེས་ཏེ།།ཡོངས་འདུའི་ལྗོན་པ་རྒྱས་པའི་དགའ་ཚལ་ནས།།དགོས་འདོད་འབྱུང་བ་དངོས་པོའི་གཤིས་མིན་ནམ། །དེ་ནས་གྲུབ་པའི་རྒྱལ་པོ་ཀུན་གྱི་དབྱིག།རིག་འཛིན་སྤྲིན་གྱི་ཏོག་གཉིས་ཡིད་མཐུན་པའི།།འགྲོ་བའི་སྣང་བྱེད་གསར་བ་གཞོན་ནུ་ཟུང་།།ལང་ཚོའི་དགའ་བ་འབྲེལ་བའི་ཉེར་བསྡོགས་རྩོམ། །དེ་ལྟའི་གནས་ཚུལ་མོལ་བ་ཡི།།ཚིག་ཕྲེང་ག་བུར་ཐིགས་པ་ནི། །གཞོན་ནུའི་སྙིང་གི་དཔལ་བེ་འུར།།བདུད་རྩིའི་མཆོད་ཡོན་ཉིད་དུ་གྱུར། །རི་སྐྱེས་དབང་མོས་རིག་འཛིན་གྱི།།འཁོར་ལོས་སྒྱུར་བའི་གྲོགས་ཉིད་ཅེས། །མཆོག་ནི་བྱིན་པ་དེར་ངེས་པས།།ན་ཆུང་དགའ་བ་ལྷག་པར་བརྟས། །རིང་མིན་རིགས་ཀྱི་བདག་པོ་ཀཽ་ཤི་ཀས། །རིལ་བ་སྤྱི་བླུགས་ཆུ་ཡིས་ཁྲུས་བྱས་ཏེ།།གྲུབ་བདག་བུ་མོའི་ལག་ཟུང་རེག་པ་ཡིས། །རིག་འཛིན་རྒྱལ་པོའི་སྲས་ནི་དགའ་བར་བྱས།།མཐོ་རིས་རི་དྭགས་མིག་ཅན་མཐའ་དག་གི། །མཛེས་སྡུག་བྱེད་པོས་གཅིག་ཏུ་བསྡུས་པའི་དཔྱིད།།རིན་ཆེན་བཙུན་མོར་བླངས་པའི་བཀྲ་ཤིས་གླུས། །གྲུབ་པའི་གནས་འདི་དྲི་ཟའི་ཚལ་བཞིན་བྱས།།ནགས་ཀྱི་དོ་ར་སོས་ཀའི་དུས་སྟོན་དཔལ་བརྒྱས་རྩེ།།པད་མོའི་ཁྱིམ་དུ་བུང་བའི་ན་ཆུང་སྦྲང་རྩིའི་ཆང་གིས་མྱོས་པ་འཛིན།།དགེ་བའི་དཔལ་ལྡན་དགེ་ལེགས་འདི་ལྟས་ཀུན་དགའི་རྣམ་འགྱུར་མཚོན་འོས་ཞེས།།གསེར་འོད་རྣམ་གསལ་བདེ་འཐུང་ཕོ་ཉས་ཆུ་འཛིན་རྔ་ནི་དལ་གྱིས་བརྡུངས། །སྐབས་དེར་རྒྱལ་བུའི་དཔལ་འབྱོར་ལ།།འཁུ་བའི་བློ་ཅན་མ་ཏང་ཀི། །ཚུལ་མིན་སྤྱོད་པའི་སྤྲིངས་ཡིག་འདི།།བསེར་བུའི་རྒྱུན་བཞིན་རྣམ་པར་རྒྱུ། །དེ་ཡི་ཡུལ་ནི་རབ་འཁྲུགས་པ།།བཤེས་གཉེན་དབྱིག་གིས་དགྲ་སྡེའི་ཚོགས། །སྐད་ཅིག་རློག་བྱེད་དྲང་སྲོང་དཔུང་།།དུས་ཀྱི་མེ་ལྕེ་སྤར་བར་རྩོམ། །དེ་ལྟ་ན་ཡང་གཞན་དོན་དུ།།སྲོག་ཀྱང་འཕངས་མེད་གཏོང་བ་གང་། །སྲིད་ཀྱི་ཆེད་དུ་གཡུལ་འཁྲུགས་ཀྱི།།གདུག་པ་ཇི་ལྟར་ཁས་བླངས་བྱེད། །རྩྭ་རྩེའི་ཟིལ་བ་ཞིག་པའི་ཕྱིར།།ཤེས་ལྡན་སུ་ཡིས་འབད་པ་བྱེད།།དེ་བཞིན་འཆི་བའི་ཆོས་ཅན་དགགསོན་ཀྱང་དཔའ་བོའི་གནས་ཐོབ་མིན།།དེས་ན་ཉེས་ཀུན་བསྐྱེད་པའི་གཞི། །ཉོན་མོངས་ལས་གཞན་དགྲ་ཡི་བློ།།བདག་ལ་ཡོད་པ་མིན་ནོ་ཞེས། །དམ་པའི་རང་རྟགས་གསལ་བར་སྒྲོགས།།འཁྲུགས་པའི་རྒྱུ་ནི་རྣམ་སྤངས་པས། །ཕུན་ཚོགས་དཔལ་གྱི་རྣམ་རོལ་ཡང་།།སློང་བའི་སྐྱེ་བོ་ཕོངས་པ་ཡིས། །ཡིད་ལ་གདུངས་པ་འཛིན་པ་དེ། །རིག་འཛིན་མཛེས་མའི་དགའ་སྟོན་གྱི།།དགའ་བ་བསྟར་བའི་ས་གཞི་ལ།།དུས་ཀྱི་འཕང་ལོས་རབ་བགྲོད་པ།།ཞག་གི་འཁོར་ལོ་བདུན་པའི་ཉིན།།སེང་གེ་རལ་བ་གསིག་མཚུངས་ཤིང་། །སྲིན་པོ་ཁྲོས་པའི་ང་རོ་ཅན།།ཆུ་ཡི་འཁྲི་ཤིང་རྣམ་དཀྲིགས་པ། །མཚོ་འགྲམ་འཇིགས་རུང་བལྟ་བར་གཤེགས།།དེར་ནི་མཁའ་ལྡིང་ཟ་རེས་མཚོན་པའི་གོས། །ནོར་རྒྱས་ལུང་གིས་འཆང་བ་དུང་གི་གཙུག།མྱ་ངན་ཁུར་གྱིས་ནོན་པའི་སྐྱེད་མ་བཅས།།སྙིང་རྗེའི་གཟིགས་པ་ཡངས་པའི་སྤྱན་སྔར་བྱུང་། །ན་ཚོད་ཕྲ་མོའི་ཡལ་འདབ་མ་སྨིན་པར།།ཉེ་དབང་ཤིང་རྟ་མཉེས་པའི་མཆོད་སྦྱིན་རེས། །དུས་མིན་བབས་པ་དུང་གི་གཙུག་ཕུད་ཡུམ།།རྡོ་རྗེའི་ཚེར་མ་སྙིང་ལ་ཟུག་པ་བཞིན། །ཤུགས་རིང་དྲག་པོར་ལྡང་བའི་དྲི་བཞོན་གྱིས།།ལུས་ཀྱི་འཁྲི་ཤིང་ཀུན་ནས་ཚུགས་བྲལ་ཞིང་། །མྱ་ངན་ཟུག་རྔུའི་ཡི་གེ་ཉམས་པ་ཡི།།སྙིང་རྗེའི་སྨྲེ་སྔགས་ངུ་འབོད་ལྷང་ལྷང་གྲགས།།དེ་མཐོང་ཡིད་འབྱུང་བརྩེ་བའི་འཕྲུལ་འཁོར་གྱིས། །ཐུགས་རྗེའི་རྒྱ་མཚོ་ཀུན་ནས་ཆེར་གཡོས་ཏེ།།བསིལ་བའི་སྤུ་ལོང་གོས་དཀར་འཛིན་པའི་སྟེང་།།མཆི་མའི་དོ་ཤལ་གསར་བས་བརྒྱན་པར་གྱུར། །གཞན་དོན་ལྷུར་ལེན་གང་དག་གཞན་དོན་དུ།།བརྩེ་བ་དེ་ཙམ་མ་ཡང་བུ་ལ་མིན། །གཏོང་བ་ལྷུར་ལེན་གང་དག་གཏོང་བ་ལ།།སྤྲོ་བ་དེ་ཙམ་ཕོངས་པ་ནོར་ལ་མིན།།ལང་ཚོ་པད་མོའི་འདབ་ཕྲེང་རྣམ་རྒྱས་བུ་ཡི་རྫིང་བུ་དང་བྲལ་བས།།ལག་འགྲོ་མ་འདིའི་འཚོ་བའི་མེ་ཏོག་ངེས་པ་ཉིད་དུ་སྐེམ་འགྱུར་ཕྱིར།།བློ་དང་རིགས་པའི་ཐབས་གང་ཞིག་གིས་ཀླུ་མོ་མ་སྨད་སྲོག་བསྲུང་ཞེས།།རིག་འཛིན་གཞོན་ནུའི་སྙིང་གི་ཟླ་བས་ཀུན་རྟོག་རི་བོང་མཚན་མ་འཛིན།།ལན་ལ་རེ་དང་གྲགས་འདོད་སྨྱོན་པའི་གར། །མ་ཡིན་འགྲོ་བ་ཉམ་ཐག་སྒྲོལ་བའི་བློས།།སྒྱུ་མའི་ལུས་ཀྱིས་གསེར་མིག་མཆོད་འདོད་པས།།ལྟོ་འགྲོ་མ་ལས་གོས་དམར་མཚན་མ་བསླངས། །རྒྱུ་མེད་བརྩེ་བའི་ངང་ཚུལ་འདི་ཡིས་ནི།།གདེངས་ཅན་ལྷག་པར་མཉེས་གཤིན་ཐོབ་པའི་རྒྱུས། །ཟླ་བ་ལས་ནི་མེ་ཆར་སྤྲོ་བ་བཞིན།།གདུང་བའི་དབྱུ་གུས་སྙིང་གི་རྔ་དྲག་རྡུངས། །ལས་ཀྱི་བྱེད་པས་ལག་འགྲོ་བདག་ཅག་རྣམས།།ཀླུ་དབང་དགྲ་ཡི་ཟས་སུ་སྤྲུལ་པ་སྟེ། །འགྲོ་གསུམ་དགའ་བའི་ཉེར་འཚོ་ཁྱེད་ཀྱི་ལུས།།གླེན་རྨོངས་བདག་དོན་ཇི་ལྟར་བཏང་བར་འོས།།དེ་ཕྱིར་བརྩེ་བའི་བྱམས་པའི་དབང་གྱུར་ཁྱོད།།བདག་གི་ཐུགས་ཁྲལ་ཡོངས་སུ་ཐོངས་མཛོད་ཅེས། །དུང་གི་གཙུག་ནི་གདེངས་ཀ་ནོར་བུ་ཡིས།།རྒྱལ་བུའི་ཞབས་མཐིལ་མེ་ལོང་མངོན་པར་ཕྱིས། །སྐབས་ཤིག་ཀླུ་དབང་མཚོ་ངོགས་སོང་བའི་ཤུལ།།གྲུབ་པའི་དགའ་སྟོན་གྱི་ནི་གོས་དམར་ཟུང་།།རིག་འཛིན་ཡུམ་གྱིས་བསྐུར་བ་གཞོན་ནུ་འདིས། །གཞན་དོན་འབྲས་བཅས་ཆེད་དུ་འོངས་པ་བཞིན།།དེ་འཕྲལ་ཀེང་རུས་རི་བོ་བརྩེགས་པའི་ངོགས། །གདེངས་ཅན་ཁྲག་གི་ཆུ་ཀླུང་འཁྱིལ་བ་དེར།།བརྟན་ལྡན་སྙིང་སྟོབས་གསལ་བ་མངོན་བྱས་ཏེ། །འཇིགས་མེད་དཔའ་བོའི་བློ་ཡིས་རབ་ཏུ་ཞུགས།།དེ་ཚེ་བསེར་བུས་སྐྱོད་པ་ཡིས། །ས་འཛིན་འཁྲི་ཤིང་གཡོ་བ་དག །གཞོན་ནུས་ཐུབ་ཆོད་མ་མཛད་ཅེས།།བརྩེ་བས་རིང་ནས་བཟློག་པ་བཞིན། །རླབས་ཀྱི་ལག་པས་ཡང་ཡང་དུ།།དབུལ་ཀྱང་ལྡོག་པར་མ་ནུས་པས། །ཆུ་གཏེར་མ་ནི་བཞིན་གནག་སྟེ།།མྱ་ངན་བྱེད་པར་མཚོན་པ་བཞིན། །ཇི་ལྟར་གདེངས་ཅན་སྲོག་བླུ་ཕྱིར། །མཁའ་ལྡིང་འབབ་སྟེགས་འཛེགས་པ་བཞིན།།ཙན་དན་བྱུག་པའི་ལུས་ལྡན་པ། །གཞོན་ནུ་མས་ཀྱང་བདེ་མ་བྱས། །ཟླ་བ་ནོར་བུའི་མལ་སྟན་ལ།།འདོད་པའི་དབང་ཕྱུག་རབ་རྩེན་པའི། །བདེ་དེ་འདི་ཡིས་གསོད་ས་ཡི། །རྡོ་ཁྲི་དེར་ནི་རྣམ་པར་ཐོབ། །དེ་ནས་དུས་མཐའི་མེ་དཔུང་གྱོན་པའི་རི།།འཇིག་པའི་རླུང་དང་འགྲོགས་ནས་རྒྱུ་བ་བཞིན།།རྒྱ་མཚོ་རབ་འཁྲུགས་འདབ་མའི་རླུང་སྒྲ་ཅན།།འདབ་ཆགས་དབང་པོ་མགྱོགས་པའི་ཤུགས་ཀྱིས་འོངས།།འབར་བའི་གཤོག་འདབ་རླུང་གིས་འཐོར་བ་ཡི། །འཚུབ་མའི་རྡུལ་སྤྲིན་ཆུ་མཐོངས་འགོག་པ་ལས།།རྡོ་བའི་སེར་ཆེན་འབེབས་པའི་དྲག་ཤུལ་བཅས། །རྒྱལ་བུ་གཞོན་ནུའི་རྒྱབ་ཏུ་ཐོག་ལྟར་བབས།།ནམ་མཁའ་སྒྲིབ་བྱེད་ཉི་མ་འབར་བའི་ལུས་ཅན་དེ་ཡི་རྡོ་རྗེའི་མཆུ།།ལྟོ་འགྲོའི་སྙིང་དག་འབྱིན་པ་གང་གིས་མངོན་པར་བཏབ་སྟེ་ས་འཛིན་རྩེར།།ཟ་བར་བྱེད་ཚེ་ས་གཞི་དག་ནི་འཇིགས་པ་བཞིན་དུ་འདར་བྱེད་ཅིང་།།སྲིད་པའི་ནོར་བུ་མོག་པོར་གྱུར་པའི་སོམ་ཉིའི་ཁྱོགས་ལ་རབ་ཏུ་འཕྱང་།།འོན་ཀྱང་རྨོངས་པས་ལོང་གྱུར་ཅིང་། །ཟས་ལ་སྲེད་པས་དྲངས་པ་དེས།།གཞོན་ནུའི་གཙུག་གི་དུམ་བུ་དག །ནོར་བུ་འོད་དམར་ལྟ་བུར་བླངས།།འདི་ལས་རིག་འཛིན་འདི་ཡི་ཡིད། །གདེངས་ཅན་དོན་དུ་གདུངས་པ་ལ།།པད་མའི་འདབ་དང་རྡོ་རྗེ་བཞིན། །མཉེན་དང་སྲ་བ་ལྷན་ཅིག་ཐོབ།།ལུས་ཀྱི་གདུངས་པ་རབ་འཛིན་ཡང་། །ཡིད་ནི་དགའ་བའི་བཞིན་རས་གསལ།།སྲོག་ལ་རྒོལ་བའི་རྣམ་འཚེ་འང་། །མཛའ་བའི་མ་བཞིན་མིག་གིས་བལྟ།།དགའ་བའི་སྤུ་ལོང་གིས་བྱུགས་པ། །ཀུན་དའི་གཉེན་ལྟར་དཀར་བ་ཡི།།སྙིང་སྟོབས་རབ་གསལ་འོད་ཟེར་གྱི། །མྱུ་གུས་ཁེངས་པར་གྱུར་པ་བཞིན།།རྡོ་རྗེའི་མཆུ་ཅན་མཆུ་ཡིས་ནི། །གཞོན་ནུའི་སྙིང་ག་འབིགས་པ་བཞིན། །རྒྱལ་བུའི་བྱམས་པའི་རང་བཞིན་གྱིས།།མཁའ་ལྡིང་སྙིང་གི་བརྟན་པ་འབིག།གང་ཚེ་དེ་ཡི་གཙུག་གི་ནོར།།སྤྲིན་གྱི་ཏོག་གི་བསྡི་གནས་སུ། །ཐུན་མཚམས་གསར་བས་སྦགས་པ་ཡི།།ཟླ་བའི་ཆ་བཞིན་མཁའ་ལས་བབས། །དེ་ཡི་རྟོག་བཅས་གཉིས་འཐུང་གིས།།ཡིད་མཚོའི་རྙོག་པ་རབ་བསླངས་པས། །ཡབ་ཡུམ་མནའ་མར་བཅས་པ་དག།ཡུད་ཙམ་ཅི་ཡང་རིག་མ་གྱུར།།དྲི་བཞོན་བསེར་བུའི་རེག་པ་ཡིས། །དྲན་པ་དལ་གྱིས་ཐོབ་པ་དེ།།རིག་འཛིན་གཞོན་ནུ་འཚོལ་བའི་ཕྱིར། །རིངས་པར་འདབ་བཟང་འབབ་སྟེགས་ཕྱིན།།དེ་སྐབས་ཆུ་གཏེར་ངོགས་སུ་ཀོ་ཀརྣ། །མཆོད་པའི་དོན་དུ་སོང་བ་དུང་གི་གཙུག།གསོད་པའི་གོས་དམར་མཚན་མས་ཐོད་བཅིངས་ནས།།མཁའ་ལྡིང་འབབ་སྟེགས་ཅན་དུ་མྱུར་བར་འོངས། །སྒྲ་གཅན་གྱིས་ཟོས་ཟླ་བའི་དམར་བ་ཡིས།།མྱ་ངན་རྗེས་ཆགས་མཚོན་པའི་ཀུན་གསལ་བཞིན། །འགྲོ་གསུམ་ཡིད་ཀྱི་དགའ་བ་ཟུམ་བྱེད་པ།།རབ་འཇིགས་ཀེང་རུས་འབར་བའི་གཟུགས་ཅན་མཐོང་།།ཁྲག་གསར་ཐུན་མཚམས་ཆར་གྱིས་སྦགས་པའི་ལུས། །ཞག་ལྡན་ལྦུ་བའི་དཀྱིལ་འཁོར་རྫོགས་པ་དེ།།སྤྲིན་གྱི་བཞོན་པར་ངེས་རྟོགས་ཟིལ་བའི་ཐིགས། །ཙིཏྟའི་གུར་ཁྱིམ་ཧ་ལས་རྣམ་པར་འབབ།།འཕྲལ་ལ་རྨོངས་པས་སྐྲག་པ་བཏང་བ་ཡིས། །མཁའ་ལྡིང་དབང་པོའི་དྲུང་དུ་མངོན་བཏུད་དེ།།ཟས་ཀྱི་རེས་བབས་ཀླུ་ནི་ཁོ་བོ་སྟེ། །གཞན་ཕན་བརྩོན་པ་དེ་ཡིས་བདག་ལུས་བསྲུངས།། 
         གདེངས་ཅན་ལ་འོས་རྟགས་ནི་མ་བརྟགས་པར།།རིག་འཛིན་འདི་ནི་ཅི་ཡི་སླད་དུ་ཟོས། །སྡིག་པའི་ཁུར་ཆེན་ཐེག་པའི་སྟོབས་ལྡན་ཁྱོད།།འཇིགས་པའི་དམྱལ་བ་མཐོང་བར་འགྱུར་རོ་ཟེར། །མྱ་ངན་དུག་གིས་ཟིན་པའི་ཉམ་ཐག་རྣམས།།སྡར་མའི་ངང་ཚུལ་སྤངས་པའི་དཔའ་སྐྱེས་ཏེ།།འདབ་བཟང་སྒྲ་ཙམ་བསྙེན་དཀའ་དུང་གི་གཙུག།བསྡིགས་པའི་མུ་ཅོར་འཛེམ་མེད་སྒྲོགས་ལ་ལྟོས།།ཀྱི་ཧུད་སྐྱེ་རྒུའི་འདོད་འཇོ་ཡོངས་འདུའི་ལྗོན།།འཇིག་རྟེན་ཕན་བདེ་ཉེར་འཇོམས་སྡིག་པའི་རྒྱུ།།བྱེད་པོ་ཁྱོད་ནི་ངེས་པར་དུག་འཛིན་ཞེས། །ལྟོ་འགྲོའི་བུ་ནི་རང་ལ་ངན་བགྲང་བྱེད།།དུང་གི་གཙུག་དང་སྤྲིན་གྱི་བཞོན་པ་གཉིས། །འགྱོད་དང་དགའ་བ་ལྷན་ཅིག་ཐོབ་གྱུར་ཏེ།།ཡིད་སྐྱེས་འཁྲི་ཤིང་དགའ་མས་རང་གི་ནི།།བདག་པོར་འབོད་པའི་སྨྲེ་སྔགས་གཏམ་འདི་རྙེད། །རྣ་བའི་ཚེར་མ་རྣོན་པོའི་སྒྲོ་ལྡན་དེས།།རྨོངས་པའི་ཆོ་ག་རབ་རྫོགས་སྤྲིན་གྱི་ཏོག།བཙུན་མོའི་འཁོར་བཅས་རྒྱལ་བུའི་དྲུང་ལྷགས་པ།།སྲིད་པའི་ཕུན་ཚོགས་འབྲས་མེད་མཚོན་པ་བཞིན། །གཞོན་ནུའི་གནས་ཚུལ་མཐོང་དང་ཐོས་པ་ཡིས།།ཡིད་ཀྱི་ཆུ་གཉེར་དཀྲུགས་ཤིང་འཁྲུགས་པ་ལས།།ས་བདག་ལྟ་བྱེད་མཚོ་སྐྱེས་འདབ་ལྔ་དང་།།ཟིལ་བའི་ཐིགས་ཕྲེང་དགོད་བཞིན་འདི་སྐད་ཟློ།།གང་ཞིག་ཀླུ་ནི་གཅིག་ཉིད་བསྲུང་ཕྱིར་སྐྱེད་བྱེད་གཙོས་པའི་གཉེན་ཀུན་བཅོམ།།གང་གི་རྒུད་པ་མ་ལུས་སེལ་ཕྱིར་ཀུན་ཀྱང་གདུངས་པའི་གནས་ལ་སྦྱོར།།གང་དག་བྱམས་པས་རྣམ་པར་འཁྲུལ་བཞིན་བཟོད་པ་ཡིས་ནི་ཉེས་བྱས་བཞིན།།གང་ཡང་མ་དཔྱད་ཐུབ་ཆོད་ལས་འདིའི་ལེགས་བྱས་ཅི་ཞིག་བྱེད་དོ་ལོ།།ཡབ་ཡུམ་གཉེན་གྱི་གདུངས་པ་ཡིས། །ཡིད་ལ་ཟུག་རྔུ་བསྐྱེད་པ་དེ།།སྙིང་ལ་འབབ་འོས་རོ་ལྡན་ཚིག།བདུད་རྩིའི་མཆོད་ཡོན་འདི་བཞིན་སྦྲེངས།།སྲུང་བའི་གོ་ཆ་མཆོག་གི་བཟོད་པ་དང་། །བསླུ་མེད་གཉེན་གྱི་མཆོག་གི་གཏོང་བ་ཡིས།།གཅེས་པར་བསྐྱངས་ཀྱང་དོན་མེད་འཇིག་འགྱུར་བའི། །སྒྱུ་ལུས་གཡར་བོ་འདི་ལ་སུ་ཞིག་ཆགས།།ལྷ་ལགས་འདིར་ནི་བསོད་ནམས་ལས་ཀྱི་ཞིང་། །འདི་ནས་ཕ་རོལ་འབྲས་བུའི་སྟོན་ཐོག་སྟེ།།གང་ཞིག་འདིར་བྱས་གཞན་དུ་སྤྱད་འགྱུར་ཞེས། །གཏོང་བའི་ཕན་ཡོན་སྲས་ཀྱིས་མང་དུ་གླེང་།།ཟས་ལ་རྐམ་པའི་དྲག་ཤུལ་རྐན་གྱི་སྒྲས། །ས་འཛིན་འདར་བར་རྩོམ་པ་ལྷུར་ལེན་པ།།ཞག་ཆེན་བཏུང་བས་མིག་འབྲས་སེར་བ་ཡི། །མཁའ་ལྡིང་རྨོངས་པས་བསླུས་པ་ད་གཟོད་རིག།ཚུལ་འདིས་འགྱོད་པའི་མེ་འབར་བིན་ཏ་སྐྱེས།།སྐྲག་པའི་མིག་གིས་ཕྱོགས་སུ་རྣམ་བལྟས་ཀྱང་། །ཡིད་ནི་བསིལ་བའི་ཐབས་གཞན་མ་མཐོང་བས།།རྟ་གདོང་མེ་ཀློང་མཆོང་བར་རྩོམ་པ་ལ། །ལུས་སྲོག་སྦྱིན་པས་སྨིན་བྱས་ཏེ།།ལེགས་པའི་ལམ་དུ་འཛུད་འདོད་པ། །བློ་ལྡན་དེ་ཡིས་རིངས་པར་ནི།།ལེགས་བྱས་གཏམ་གྱི་ཀྱོ་བས་དྲངས། །སྡིག་པ་མེ་ཡིས་མི་བསྲེགས་ཏེ།།ཆུ་ཡིས་ཀྱང་ནི་འདག་མི་ནུས། །སེམས་ཅན་ཀུན་ལ་བྱམས་པ་དང་།།བསོད་ནམས་རྒྱུན་ནི་དབང་བས་སྒྲུབ། །ཁྲོ་བའི་མེ་གཞིལ་ཆགས་པའི་ཆུ་བོ་སྐེམས།།རྨོངས་པའི་མུན་སེལ་ཁྲིམས་ཀྱི་བརྟུལ་ཞུགས་ལོངས།།དམ་པའི་བཤེས་བསྟེན་སྡིག་ལས་ཟློག་བྱེད་ན། །ངན་པའི་འབྲས་བུ་མྱོང་བར་ཡོངས་མི་འགྱུར། །ཞི་བའི་རོ་ལྡན་བདུད་རྩི་དེ་ཡིས་ནི།།སེམས་ནི་ལས་རུང་ཐོབ་པ་འདབ་ཆགས་དབང་། །ཡོན་ཏན་གཏེར་གྱུར་རྒྱལ་བུའི་རྗེས་བསྟན་བཞིན།།རིགས་པའི་ལམ་བསྟེན་ཡི་དམ་བརྟན་པོ་འཆའ།།དམ་པ་རྣམས་ནི་ཇི་ལྟར་རྒུད་ཀྱང་མཛའ་བའི་གཞུངས་པའང་མི་འགྱུར་ཏེ།།འདམ་ན་གནས་ཀྱང་པད་མོ་རྣམས་ནི་ཆུ་ཡི་རྙོག་མས་གོས་པ་མེད།།ཤ་བྲལ་རུས་པའི་འཕྲུལ་འཁོར་ལ་བརྟེན་སྲོག་གི་ལྷག་མ་ཉིད་ཐོབ་ཀྱང་།།གཞན་ཕན་བསམ་པས་ཆུ་སྦྱིན་བྱེད་དེ་འཚོ་བ་གཏོང་བས་མི་ངོམས་བཞིན།།དེ་ནས་དེ་ནི་དྲི་བཞོན་གྱི། །རྩེ་དགས་སྐྱོད་པའི་འཁྲི་ཤིང་བཞིན།།ལུས་པོ་འདར་བས་ཡབ་ཡུམ་ལ། །ཕྱི་ཕྱག་མཚོན་པའི་ངལ་བ་བཅས། །ཡབ་གཅིག་མི་རྟག་དྲན་པ་ཡིས།།མྱ་ངན་རྨོངས་པའི་རྣམ་པ་ཐོངས།།གང་ཞིག་དམ་པའི་བསྟེན་བྱ་བ། །བརྩེ་བ་ཡིན་གྱི་ཕུན་ཚོགས་མིན།།རྒུད་པ་དག་ནི་བདེ་བའི་མཐའ། །དཔལ་འབྱོར་ཉོན་མོངས་དག་ལ་མཛའ།།གཡོ་བའི་འཇིག་རྟེན་བགྲོད་པ་ལ། །ལེགས་སྤྱད་གཅིག་པུ་བརྟན་པའི་གྲོགས།།དེ་སྐད་ཚིག་གིས་མཚོན་པའི་དོན། །གདོས་བཅས་ལུས་ཀྱིས་སྟོན་པ་བཞིན།།གཞན་ཕན་ཐུགས་ཀྱི་རྫོགས་པ་གང་། །མཛའ་བ་གསལ་བའི་ལྷག་མར་གྱུར།།གཞོན་ནུའི་ཉི་མས་དབེན་པ་ཡིས། །མུན་འཛིན་བཞིན་གྱི་མཁའ་ངོས་ལ།།མཆི་མའི་སྐར་ཚོགས་བཀྲ་བ་ཅན། །ཆོས་སྤྱོད་མ་ནི་འདི་སྐད་ལོ།།ལང་ཚོའི་བགྲོད་པ་མ་རྫོགས་ཤིང་། །འབྱུང་འཁྲུགས་སྤྲིན་གྱིས་བསྒྲིབས་མིན་པར།།ཡོན་ཏན་འོད་སྟོང་ལྡན་པ་ཉིད། །གློ་བུར་དུ་ནི་གང་དུ་གཤེགས།།ཚིག་མདའི་དབང་པོའི་ཚིག་གི་ནུས་མཐུ་དང་། །འཆི་མེད་ཚེ་ཡི་བདུད་རྩི་ཡོད་ངེས་ན།།སྤྲིན་གྱི་བཞོན་པ་སོས་པར་མཛོད་ཅིག་ཅེས།།ཕྱོགས་ཀྱི་འཇིག་རྟེན་སྐྱོང་བ་གྲོགས་སུ་སྦྲན། །ཀྱེ་མ་མི་རྟག་སྲིན་པོ་ཡིས།།འཇིགས་སྐྱེད་ཉམ་ཐག་ང་རོ་ནི། །མཐུ་ཆེན་ཞི་བར་མནལ་བ་དག།ཐུགས་རྗེ་བསྐུལ་བའི་རོལ་མོར་ཆེ།།དེ་ཡིས་བསྙེལ་གསོས་མཁའ་ལྡིང་དབང་། །མཁར་ཉལ་གཙོ་ལས་བདུད་རྩི་ནི།།བླངས་ཏེ་གདེངས་ཅན་བཀུམ་པ་དགགསོ་བར་བྱ་ཞེས་ལྷ་ཡུལ་འཕུར།།བཟོད་མེད་ཤུགས་རིང་རླུང་གིས་སྦར་བའི་མིས། །སེམས་ཀྱི་ཡམ་ཤིང་བསྲེགས་པ་གྲུབ་བདག་མོ།།ཁྱོ་བྲལ་ངང་མོ་མཚོ་མཐར་ལུས་པ་ལྟར། །ཕྱོགས་དེར་འདྲེན་བྱེད་བལྟ་བས་བྲེལ་བཞིན་དུ།།སྙིང་ལ་སྙིང་འདྲའི་གཟུགས་བརྙན་འགོག་མེད་དུ། །ཡང་ཡང་འཆར་བའི་བསམ་གཏན་འཁོར་མོ་ནས།།མཆི་མས་འགགས་པའི་མགྲིན་པ་འཛེར་བོ་ལས། །སྙིང་རྗེའི་ཆོ་ངེ་གསེང་མཐོར་འདི་སྐད་བཟློ།།གསེར་གྱི་འཁྲི་ཤིང་དམན་པ་ཉིད་བྱེད་མཚར་སྡུག་རྣམ་འགྱུར་ཟླ་བའི་གྲོགས།།མཐོན་མཐིང་མིག་གིས་ཨུཏྤལ་དཔལ་འཕྲོག་བཞིན་རས་པད་མོས་མཛེས་པ་ཅན།།གྲགས་པའི་རྦ་རླབས་རྒྱ་མཚོའི་མཐར་འཁྱུད་ལང་ཚོ་དགའ་བའི་གཞིར་གྱུར་པ།།དམ་པའི་ཚུལ་བཟང་བདུད་རྩིའི་རེག་པས་བདག་གི་ཡིད་ནི་ལྷག་པར་གདུངས།།ཀྱེ་མ་འཁོར་བ་མཚན་མོའི་ཆུ་འཛིན་རུམ། །མངོན་དགའི་འོད་སྣང་ཡུད་ཙམ་གསལ་བ་ཅན།།ཡིད་བསྲུབས་མཚམས་སྦྱོར་གློག་གི་སྒྲོན་མེ་ཡིས།།འགྲོ་གསུམ་མུན་པའི་མལ་དུ་འཇུག་པར་བྱེད། །འདོད་པའི་ལག་འགྲོ་དུག་གི་མེས་བསྐྱེད་པའི།།དུ་བའི་རྣམ་འཕྲུལ་ཆགས་ལྡན་ཟུར་མིག་མདས།།འཇིག་རྟེན་སྙིང་འབིགས་དགའ་མའི་ཐུགས་ཕྱུང་ནས།།བདེ་བའི་གནས་གཞན་བཞེད་དེ་གཤེགས་སམ་ཅི། །རིག་འཛིན་འཁོར་ལོས་སྒྱུར་བའི་རྩེ་དགའ་ལ།།རོལ་པའི་དམ་པ་རི་སྐྱེས་ལས་ཐོབ་སྟེ། །རེ་འབྲས་ལོག་པར་སྨིན་པ་ཕྲ་མེན་མའི།།དམོད་པའི་གནམ་ལྕགས་བྱེད་པོ་ཡོངས་མི་ཤེས།།གཽ་རིའི་མཆོག་བྱིན་བདེན་ཚིག་བདུད་རྩིའི་ཟེར།།སྐལ་ངན་བདག་ལ་གདུངས་བྱེད་མེ་རུ་གྱུར། །ལས་ཀྱིས་བསྒྲིབས་པའི་ཡི་དྭགས་འགའ་ཞིག་ལ།།ལམ་གསུམ་འབབ་པའི་ཀླུང་ཆེན་སྐེམ་པར་སྣང་།།བརྣག་དཀའི་སྡུག་བསྔལ་མེ་ལྕེས་བསྲེགས་གྱུར་ཅིང་།།སྙིང་ཁུར་ཙན་དན་ཆུ་ལས་ལྷག་པར་གྲང་། །མྱ་ངན་རི་བོའི་ཁུར་གྱིས་ནོན་གྱུར་ཀྱང་།།རྣམ་རིག་རྒྱུ་བ་དཔྱིད་ཀྱི་རླུང་ལྟར་འཕྱོ། །ཆགས་པའི་འདབ་མ་དར་བའི་ཚལ་བསྐམས་ཀྱང་།།སྲེད་པའི་རྐང་དྲུག་མི་སྡོད་འཕུར་ཞིང་ལྡིང་། །སྲོག་དང་བྲལ་ཡང་འཚོ་བ་མི་གཏོང་བའི།།དམ་པ་འདི་ཀོ་སུ་ཞིག་གིས་ནི་བྱིན།།སེམས་མེད་ལུས་ཀྱི་ཚལ་འདི་ཡང་དང་ཡང་།།གྲོགས་མེད་གཅིག་པུར་རྒྱུ་བའི་ངལ་བ་བདག།ཚེ་རབས་ཕྱི་མར་ཁྱོད་ཀྱི་དྲུང་འཁོར་དུ།།སྐྱེ་བར་ཤོག་ཅེས་སྨོན་ལམ་ནན་ཏན་མཛད། །ཐུན་གསུམ་མུན་པའི་སྒྲིབ་གཡོགས་བསལ་བ་ན།།བཅུ་གཉིས་བདག་པོ་འཆར་བ་སུ་ཡིས་ཁོགས། །དེ་བཞིན་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་ན།།གཞོན་ནུའི་མཚན་དཔེ་སླར་ཡང་མངོན་པར་འགྱུར། །དེ་ལྟ་ན་ཡང་མཛའ་བའི་དབང་སོང་དག།འབྲལ་བའི་གདུངས་པ་ཡུན་རིང་བརྣག་དཀའ་བས།།རྒྱལ་བུའི་གསར་གྲོགས་མ་ལ་ཡ་ཅན་མ།།བསྲེགས་ཁང་དུ་ནི་ལྷན་ཅིག་ཞུགས་པར་འགྱུར།།དེ་ཚེ་སྤྲིན་དཀར་བླ་རེ་བྲེས་ལྡན་འཆི་མེད་ལྷ་ཡི་རྫིང་རིང་ནས།།འཛུམ་དཀར་ཟླ་བ་རྒྱས་པའི་དཔལ་གྱིས་ཕྱོགས་རྣམས་སྤུ་ལོང་འཛིན་ཕྱེད་པ།།སྲིད་པའི་ཡུམ་གཅིག་གཽ་རི་མ་ནི་ཕྱག་གི་སྤྱི་བླུགས་ཆུས་བྲན་ནས།།ཤིས་བརྗོད་དབྱངས་ནི་གྲགས་པའི་མོད་ལ་སྤྲིན་གྱི་བཞོན་པ་སོས་པར་གྱུར།།སོས་ཀའི་དྲི་བཞོན་བསིལ་ཡབ་ཀྱིས། །གཟིམས་པའི་མལ་ནས་བསླངས་པ་བཞིན།།མཚར་སྡུག་སྐྱེ་མཆེད་རྫོགས་པའི་འཛུམ། །མཐར་བྱེད་གདོང་ལ་འཕྱ་བར་བྱེད།།གཞོན་ནུའི་ལུས་ཀྱི་གདུངས་པ་དང་། །མཛེས་མའི་མྱ་ངན་མཉམ་དུ་སངས།།འདབ་བཟང་ཞི་བའི་བརྟུལ་ཞུགས་དང་། །གདེངས་ཅན་དགའ་བ་ལྷན་ཅིག་འཕེལ།།རྒྱ་མཚོ་ལས་ནི་ཟླ་བ་དང་། །ཟླ་བ་ལས་ཀྱང་བདུད་རྩིའི་འོད།།དེ་ཡིས་ཀུན་དའི་ཚོགས་རྣམས་ནི། །རབ་ཏུ་རྒྱས་པར་བྱེད་པ་བཞིན།།གོ་གཽའི་བྱིན་གྱིས་རྒྱལ་བུ་དང་། །རྒྱལ་བུའི་དཔལ་གྱིས་རིག་འཛིན་མ།།དེ་ཡིས་ཡབ་ཡུམ་ཆབ་འབངས་བཅས། །ཀུན་དགའི་དཔལ་ནི་མངོན་པར་བརྟས།།གཽ་རིའི་གཟི་བྱིན་རེག་པ་ཡིས། །བསིལ་བ་ཐོབ་པ་དེ་དག་ཀུན། །དགའ་དང་དད་པ་རྒྱས་པ་དང་།།ཁེངས་དང་རྨོངས་པ་ལྷན་ཅིག་ཟུམ། །ལུས་ཀྱི་འཁྲི་ཤིང་རྣམ་དུད་ཅིང་།།ལག་པའི་ཡལ་འདབ་རབ་ཏུ་འཛུམ། །རོ་འཛིན་གཉིས་སྐྱེས་འཕུར་ལྡིང་གིས།།ཡོན་ཏན་བཟླས་བརྗོད་སྒྲོགས་པས་བྲེལ། །སྐྱེ་བ་བདེན་པར་མ་གྲུབ་འཇིག་འགྱུར་ཞིང་།།འཇིག་པ་བདེན་པར་མ་གྲུབ་སྐྱེ་འགྱུར་ཞེས། །འདུས་བྱས་ཆོས་རྣམས་སོ་ན་མི་གནས་པའི།།ངང་ཚུལ་འདི་ཡིས་གསལ་བར་སྟོན་པ་བཞིན། །འཇིག་གམ་སོང་བ་ལྡོག་པར་མི་འགྱུར་ཞེས།།འཇིག་རྟེན་འདྲེན་པའི་གསུང་ལ་མི་སྨོད་དེ། །གང་ཕྱིར་ལས་དང་རྣམ་སྨིན་དངོས་པོ་རྒྱུ།།ཚུར་མཐོང་བློ་ཡིས་ངེས་པར་དཔོག་ཏུ་མེད། །འཇིགས་པའི་སྤྲིན་མཚུངས་གཤོག་རླུང་གིས།།ཆུ་གཏེར་ངོགས་སུ་འཕེན་བྱེད་པ། །རྡོ་རྗེའི་སྡེར་མོ་ཅན་དེ་ཡང་།།བདུད་རྩིའི་ཆར་ནི་ཡང་དག་ཕབ། །དེ་ཡིས་དབུགས་ནི་ཐོབ་པ་ཡི། །གདེངས་ཀ་ནོར་བུའི་འོད་ཟེར་ཅན།།བདུད་རྩི་མྱང་བ་ལ་ཆགས་པའི། །ལྕེ་གཉིས་ས་ལ་ལྡག་བྱེད་ཅིང་།།འཁྱོག་པོར་བགྲོད་པའི་ལམ་དག་ནས། །ཆུ་ཡི་དྲུང་དུ་རབ་འཇུག་སྟེ།།ཡུན་རིང་མ་འཕྲད་གཉེར་དག་དང་། །འགྲོགས་པའི་དཔལ་ནི་ཅི་དགར་མྱོང་།།དུང་གི་གཙུག་ནི་འཆི་བའི་འཇིགས་ལས་བསྐྱབས། །འདབ་ཆགས་དབང་པོ་སྡིག་པའི་གཡང་ལས་དྲངས།།དེ་ཡིས་ཟོས་པའི་ལྟོ་འགྲོ་ཀུན་ཀྱང་གསོས། །བདག་ཉིད་ཆེ་དེའི་མཛད་པ་དོན་དང་ལྡན།།དེ་ནས་གཽ་རིས་སྲིད་པ་གནམ་གྱི་མཐོངས། །བསོད་ནམས་མཛད་པ་མེད་པའི་སྒོ་ཕྱེ་ནས།།རིག་འཛིན་གཞོན་ནུ་དྲི་མེད་ཡིད་ཀྱི་ཆུས། །གླིང་བཞི་དབང་བའི་རྒྱལ་པོར་དབང་རབ་བསྐུར།།སྐད་ཅིག་དེ་ལ་གསེར་གྱི་རྩིབས་སྟོང་དང་། །མཆེ་བ་བཞི་ལྡན་གཉིས་འཐུང་དཀར་པོ་སོགས།།ས་དབང་སྔོན་འགྲོའི་རིན་ཆེན་སྣ་བདུན་ནི། །རྩོལ་བ་མེད་པར་ལེགས་བྱས་ཤུགས་ཀྱིས་བྱུང་།།འདི་ཡིས་དྲེགས་ལྡན་མ་ཏང་གི་བ་སོགས། །དགྲ་རྣམས་དུད་ཅེས་བསྒྲགས་པ་བློ་ཆུང་གཏམ།།ལེགས་བྲིས་ཕྱག་འཚལ་རྡུལ་གྱིས་འཆི་མེད་ལམ།།མོག་པོར་བགྱིད་ཅེས་བྱེད་པོའི་མདུན་སར་གླེང་།།སྟོབས་ལྡན་དཔུང་གི་འབྱོར་བས་མི་ཐུལ་ཞིང་།།མཛངས་པའི་བློ་གྲོས་ཐབས་ཀྱིས་འགུགས་མིན་པ། །ས་གསུམ་མི་ནོར་དབང་བའི་འཁོར་སྒྱུར་དཔལ།།བྱམས་པའི་བསོད་ནམས་གཅིག་པུས་ཐོབ་པ་རྨད། །དེ་ཚེ་ལྷ་ཡི་མེ་ཏོག་ཆར་དུ་བསྙིལ། །གྲུབ་པའི་བདེན་ཚིག་རྒྱུད་མངས་གླུ་རུ་ལེན།།ལུས་ཅན་རྫོགས་ལྡན་གསར་བའི་རོལ་བ་བརྒྱས། །ནོར་འཛིན་མི་འཁྲུགས་ཞིང་གི་ཁེངས་པ་ལྡན།།འདི་ལྟའི་ཕུན་ཚོགས་དཔལ་གྱི་འཁྲི་ཤིང་བདེ་སྐྱིད་ཡལ་འདབ་རྒྱས་པའི་རྩེར།།ཆོས་ལྡན་གྲགས་པའི་མེ་ཏོག་རྣམ་རྒོད་སྡེ་བཞིན་འབྲས་བུ་གཡུར་དུ་ཟ། །བསོད་ནམས་དྲི་བསུང་ཕྱོགས་མཐར་སྤྲོ་བའི་ཕན་བདེའི་གྲིབ་བསིལ་སྣུམ་པོ་ཡིས།།མཐའ་དག་རྒུད་པའི་གདུངས་སེལ་ཆོ་ག་ནམ་ཡང་མི་ཉམས་སྐལ་བཟང་འཛིན།།གང་ཞིག་དམ་པའི་ལེགས་མཛད་ཀྱིས།།མཁས་རྣམས་ཡིད་ལ་དགའ་བ་བསྐྱེད། །སྤྲིན་སྔོན་རྒོད་པའི་སྒྲ་དབྱངས་ཀྱིས།།གཙུག་ཕུད་ཅན་ནི་སྐལ་བཟང་བྱས། །དེ་ཕྱིར་རྟོགས་བརྗོད་སྒེག་མོའི་གཟུགས།།ངག་གི་ཟླ་བ་དགེ་དབང་གི། །རིག་པའི་ཚོན་མང་འཐུང་བ་ཡི།།རོ་འཛིན་པིར་གྱིས་རྣམ་པར་བྲིས།།ཉན་འོས་གཏམ་གྱི་དྲི་བསུང་ཅན།།ངོ་མཚར་ཚིག་གི་མེ་ཏོག་ནི། །ཕྱོགས་ཀྱི་དཔལ་མོའི་རྣ་བ་ལ།།འཁྱུད་པར་འོས་པ་འབད་པས་སྒྲུབ། །རིག་ཚུལ་དམར་འོད་ལྷུང་བ་ཡིས། །བློ་གྲོས་བཞིན་རས་གསལ་བ་དག།སྙན་ངག་སྦྲང་རྩིའི་རྒྱལ་མཚན་འདིར།།རྣམ་དཔྱོད་རྐང་དྲུག་རོལ་བར་རིགས། །དགེ་བས་མགྲིན་པའི་པད་མཚོ་ནི།།དབྱངས་ཅན་ངང་མོའི་རྩེ་དགའ་དང་། །འགྲོགས་པའི་ལེགས་བཤད་དྲི་ཟའི་རྒྱུད།།རྣ་བའི་དཔྱིད་དུ་སྤྲེངས་པར་རིགས། །

         ཅེས་དཔལ་ལྡན་རིག་པ་འཛིན་པའི་འཁོར་ལོས་སྒྱུར་བ་སྤྲིན་གྱི་བཞོན་པའི་རྟོགས་བརྗོད་མཁའ་འགྲོ་རྣམ་པར་རྩེན་པའི་རྒྱུད་མངས་ངོ་མཚར་རྣ་བའི་བཅུད་ལེན་ཞེས་བྱ་བ་འདི་ནི་དཔག་བསམ་འཁྲི་ཤིང་དང་ཀླུ་ཀུན་ཏུ་དགའ་བའི་ཟློས་གར་གྱི་དོན་འགྲེལ་གྱི་ཚུལ་དུ་སྙན་དངགས་སྨྲ་བར་ཅུང་ཟད་རློམ་པ་འཇམ་དབྱངས་བསྟན་པའི་ཉི་མ་མིང་གཞན་དབྱངས་ཅན་སྒེག་པའི་ལང་ཚོར་འབོད་པས་ཡོངས་སུ་མ་གྲགས་པའི་མངོན་བརྗོད་དང་གབ་ཚིག་སོགས་ཀྱིས་མ་བཅིངས་པར་ཤིན་ཏུ་གོ་སླའི་ཚིགས་བཅད་ཀྱི་ལུགས་སུ་སྦྱར་ཏེ་རྒྱལ་བའི་ལུང་གིས་ཟིན་པའི་ཆོས་སྡེ་ཆེན་པོ་དཔལ་ལྡན་བཀྲ་ཤིས་འཁྱིལ་གྱི་གར་འདུག་ཐུབ་གསུང་མེ་ཏོག་འཁྲིགས་པའི་དགའ་ཚལ་དུ་བྲིས་པ་འདིས་ཀྱང་སྐྱེ་བོ་རྣམས་རྫོགས་ལྡན་གྱི་དཔལ་ལ་རོལ་པའི་རྒྱུར་གྱུར་ཅིག།
        གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn
 

བརྒྱུད་འགོད།