ལས་འབྲས་ཀྱི་རྣམ་བཞག་ཅུང་ཟད་བརྗོད་པ་མང་ཐོས་རྒན་པོའི་འབེལ་གཏམ།
༄༅། །དགེ་སྡིག་ལས་ལས་འབྲས་བུ་བདེ་སྡུག་ནི། །འབྱུང་བ་གནས་དང་ལྡོག་པ་གནས་མིན་སོགས། །རྒྱུ་འབྲས་མ་ལུས་མངོན་སུམ་གཟིགས་པ་ཡི། །ཐམས་ཅད་མཁྱེན་པའི་ཞབས་ཀྱི་པདྨོར་འདུད། །སྐྱེ་བོ་ཕལ་ཆེར་འདོད་པ་མེད་ཕྱིར་དང་། །ད་ནི་དུས་ལའང་སྡོད་པ་མེད་པའི་ཕྱིར། །གཟུ་བོར་གནས་པའི་སེམས་ཀྱི་དྲང་སྲོང་གིས། །ལས་འབྲས་གཏམ་བཟང་བརྗོད་ལ་མཉན་པར་གྱིས། །དེ་ཡང་སློབ་དཔོན་ཀ་མ་ལ་ཤཱི་ལས། བདག་འདྲའི་བློ་གྲོས་བླུན་པོ་རྣམས་ཀྱིས་སྔོན་མེད་དངོས་པོ་ནམ་ཡང་བརྗོད་མི་ནུས། །མཁས་པའི་ཉིན་རེ་ལམ་འདི་མང་དུ་མ་དཔྱད་པ་ཡང་འགའ་ཙམ་གང་ན་ཡོད། །འོན་ཀྱང་བསོད་ནམས་འཕེལ་བར་འདོད་པ་རང་དོན་མཆོག་གི་བདག་གི་བློ་གྲོས་འདི། །དགེ་བ་འཕེལ་པའི་འབྲས་བུ་ཅན་གྱི་དེ་ཉིད་གོམས་པས་འདི་བྱེད་པ་ལ་བརྩོན། །ཞེས་གསུངས་པ་ལྟར། སྔོན་གྱི་མཁས་པ་རྣམས་ཀྱིས་ལས་འབྲས་ཀྱི་ཚུལ་ལས་བརྩམས་པའི་བླང་དོར་གྱི་གནས་རྣམས་ལས་མ་བརྗོད་པ་ནི་ཅི་ཞིག་ཡོད། སྔོན་གྱི་མཁས་པ་རྣམས་ཀྱིས་གསུངས་ཟིན་པ་སླར་ཡང་བརྗོད་པ་ལ། དགོས་པ་མེད་པ་དང་བཟློས་པའི་སྐྱོན་དུ་ཡང་འགྱུར་བས་ཁྱོད་ཀྱིས་འདི་ལྟ་བུ་འབྲི་བ་མི་འཐད་དོ་ཞེ་ན། བདེན་ཏེ། སློབ་དཔོན་ཆོས་ཀྱི་གྲགས་པས་ཀྱང་། སྐྱེ་བོ་ཕལ་ཆེར་ཕལ་ལ་ཆགས་ཤིང་ཤེས་རབ་རྩལ་མེད་པས་ན་ལེགས་བཤད་རྣམས། །དོན་དུ་མི་གཉེར་ཁོ་ནར་མ་ཟད་ཕྲག་དོག་དྲི་མ་དག་གིས་སྡང་བར་ཡང་། །ཡོངས་གྱུར་དེས་ན་བདག་ལ་འདི་ནི་གཞན་ལ་ཕན་པ་ཡིན་ཞེས་བསམ་པའང་མེད། །སེམས་ནི་ཡུན་རིང་ལེགས་བཤད་གོམས་པ་ལྷུར་ལེན་བསྐྱེད་ཕྱིར་འདི་ལ་དགའ་བ་སྐྱེས། །ཞེས་གསུངས་པ་ལྟར། འཇིག་རྟེན་གྱི་སྐྱེ་བོ་ཕལ་ཆེར་ནི་སྲིད་པའི་འདོད་ཡོན་སྣ་ཚོགས་ལ་ཀུན་ཏུ་ཆགས་ཤིང་ཞེན་པས་བསྟན་བཅོས་དག་ལ་རྣ་བ་ཙམ་ཡང་མི་གཏོད་པ་སྣོད་ཁ་བུབ་པ་ལྟ་བུའི་སྐྱོན་དང་ལྡན་ཞིང་། འགའ་ཞིག་གིས་ལེགས་བཤད་འཚོལ་ཞིང་ཅུང་ཟད་དོན་དུ་གཉེར་ན་ཡང་ལེགས་ཉེས་འབྱེད་པའི་ཤེས་རབ་ཀྱི་རྩལ་མེད་ཅིང་། ཅུང་ཟད་ཐོས་པ་དག་ཀྱང་བརྗེད་པར་འགྱུར་བས་སྣོད་ཞབས་རྡོལ་བ་ལྟ་བུའི་སྐྱོན་དང་། འགའ་ཞིག་ནི་ལེགས་བཤད་དོན་དུ་མི་གཉེར་བ་ཁོ་ནར་མ་ཟད་བློ་གཟུ་བོར་མི་གནས་ཤིང་མཁས་པ་གཞན་ལ་ཕྲག་དོག་གིས་ཀུན་ནས་བསླངས་ཏེ་ལྷག་པར་ཞེ་སྡང་བ་སོགས་སྣོད་དུག་ཅན་ལྟ་བུའི་སྐྱོན་དང་ལྡན་པའང་མང་བས། འདི་འདྲ་བྲིས་ན་གཞན་དག་ལ་ཕན་པར་འགྱུར་རོ་སྙམ་པའི་བསམ་པའང་མེད་དོ། །འོན་ཀྱང་ཐག་རིང་བའི་ལམ་ནས་ནན་ཏན་ཆེན་པོས་བསྐུལ་བའི་ངོར། རྒྱུ་འབྲས་ཀྱི་རྣམ་བཞག་ཅུང་ཟད་བརྗོད་པར་བྱའོ།།
མཐུན་དཔེ་ཕྱིའི་རྒྱུ་འབྲས་བཤད་པ།
འདི་ལ་གཉིས། མཐུན་དཔེ་ཕྱིའི་རྒྱུ་འབྲས་དང་། དཔེ་ཅན་ནང་གི་རྒྱུ་འབྲས་བཤད་པའོ། །དང་པོ་ནི་དཔེར་ན། ཕྱིའི་རྒྱུ་འབྲས་ནི་གྲོ་ནས་སོགས་འབྲུ་རིགས་རྣམས་ཀྱི་ས་བོན་དང་། མེ་ཏོག་སོགས་ཀྱི་ས་བོན་དང་རྩ་བ་ཤིང་ཏོག་རྣམས་ཀྱི་སྡོང་བུ་ལྟ་བུའོ། །རྒྱུ་ས་བོན་སོགས་ལས་བྱུང་བའི་མྱུ་གུ་དང་། མྱུ་གུ་ལས་བྱུང་བའི་མེ་ཏོག་དང་། མེ་ཏོག་ལས་བྱུང་བའི་འབྲས་བུ་སོགས་ནི་རྒྱུ་སྔ་མ་དེ་དང་དེའི་འབྲས་བུའོ། །རྒྱུ་དེ་ལ་ཡང་རང་གི་འབྲས་བུ་དེ་དང་དེར་འགྱུར་ངེས་ཀྱི་ཉེར་ལེན་གྱི་རྒྱུ་དང་། འབྲས་བུ་དེར་མི་འགྱུར་ཡང་འབྲས་བུ་དེ་དང་དེ་སྐྱེ་བ་ལ་ཕན་འདོགས་པའི་ལྷན་ཅིག་བྱེད་རྐྱེན་གྱི་རྒྱུ་གཉིས་ཡོད། དང་པོ་ནི། རང་གི་འབྲས་བུ་སྨིན་པའི་དུས་སུ་རང་གི་ཉེར་འབྲས་འབྲུ་རིགས་ལྟ་བུ་དེ་དང་དེར་འགྱུར་ངེས་ཀྱི་ས་བོན་ལྟ་བུ་དང་། གཉིས་པ་ནི། རང་ཉིད་རང་གི་འབྲས་བུ་དེ་དང་དེར་མི་འགྱུར་ཡང་། ཉེར་ལེན་གྱི་རྒྱུ་དེ་དང་ལྷན་ཅིག་ཏུ་འབྲས་བུ་དེ་སྐྱེ་བ་ལ་ཕན་འདོགས་པའི་རྒྱུ་ལ་ལྷན་ཅིག་བྱེད་རྐྱེན་ཟེར། དཔེར་ན། དཔྱིད་དུས་སུ་གྲོ་ནས་ཀྱི་ས་བོན་སོགས་ལ་གྲོགས་བྱེད་ཞིང་དང་ཆུ་ལུད་སོགས་ལྟ་བུའོ།།
དཔེ་དེ་དག་དང་མཚུངས་པའི་ནང་གི་རྒྱུ་འབྲས་ལ་ཡང་གཉིས་ཏེ། རང་རེ་འཇིག་རྟེན་པ་རྣམས་ཀྱི་མངོན་སུམ་དུ་མཐོང་བའི་རྒྱུ་འབྲས་དང་། མིག་གིས་མི་མཐོང་ཞིང་ལྐོག་ཏུ་གྱུར་བའི་རྒྱུ་འབྲས་གཉིས་ཡོད། དང་པོ་ནི་དཔེར་ན། རྒྱལ་བོའི་བཀའ་བློན་དང་། མངག་གཞུགས་པ་ཕོ་ཉ་སོགས་ཀྱིས། འབངས་མི་ལ་བྱ་བ་བཟང་བོ་བསྒྲུབས་པ་ལྟ་བུ་ནི་རྒྱུ་ཡིན་ལ། དེ་ལ་གོང་ནས་བསྔགས་བརྗོད་གཟེངས་བསྟོད་དང་བྱ་དགའ་གནང་བ་ནི་དེ་ཡི་འབྲས་བུ་རེད། རང་དོན་དུ་མི་བསད་པ་དང་། གཞན་གྱི་རྒྱུ་རྫས་རྐུ་ཕྲོགས་བྱས་པ་དང་། ངོ་རོ་བསྟན་ནས་གཞན་གྱི་ནོམ་རྫས་མང་བོ་ཧམ་ཟོས་བྱས་པ་ཐལ་ཆེ་བ་དང་། གཡོ་ཐབས་ཀྱིས་བརྐུ་བ་སོགས་ནི། ལས་ངན་པ་དང་། ལས་མི་ལེགས་པ་ཡིན་པས་དེ་དག་ལ་ལས་མི་དགེ་བ་ཟེར།
རྒྱུ་མི་དགེ་བའི་ལས་དེ་དག་གི་འབྲས་བུ་ནི་གཞན་གྱིས་གསོད་པའམ། བཙོན་དུ་འཛིན་པའམ། རྐུན་མ་སོགས་མི་ངན་པའི་མིང་ཅན་དུ་འགྱུར་ཞིང་མི་འདོད་པ་ཅི་རིགས་རང་སྟེང་དུ་དབང་མེད་དུ་འོངས་པ་ནི། ལས་མི་དགེ་བ་དེ་དང་དེའི་འབྲས་བུ་རེད། དེས་ན་རང་འདོད་ཀྱིས་གཞན་གྱི་སྲོག་གཅོད་པ་དང་། གཞན་གྱི་ནོར་རྫས་བཙན་ཤེད་ཀྱིས་ཕྲོགས་པ་དང་འཇམ་བུས་བརྐུ་བ་དང་གཡོ་སྒྱུའི་སྒོ་ནས་གཞན་གྱིས་མ་བྱིན་པ་ལེན་པ་དང་། གཞན་གྱིས་བདག་ཏུ་བཟུང་བའི་བུད་མེད་དང་གནས་སར་མ་སོང་བའི་བུ་མོ་སོགས་ལ་ཞི་དྲག་ཅི་རིགས་ཀྱི་སྒོ་ནས་ལོག་གཡེམ་བྱེད་པ་གསུམ་ལ། ལུས་ཀྱི་ལས་མི་དགེ་བ་གསུམ་ཞེས་གསུངས། རྫུན་ཚིག་སྣ་ཚོགས་སྨྲས་ཏེ་གཞན་ལ་མགོ་སྐོར་གཏོང་བ་སོགས་དང་། དབྱེན་བྱེད་འདོད་ཀྱི་བསམ་པས་མཛའ་བཤེས་མཐུན་པ་དག་ལས་ཁ་ཅིག་ལ་ཁྱོད་ལ་མི་འདིས་ཁྱོད་ཀྱི་སྐྱོན་འདི་དང་འདི་སྐད་ཟེར། ཡང་ཅིག་ཤོས་ལ་ལྟོས་ནས་མི་འདིས་ཁྱོད་ཀྱི་སྐྱོན་འདི་ལྟར་བརྗོད་ཅེས་ཕྲ་མའི་ཚིག་སྨྲས་ཏེ་གཞན་དག་མཐུན་པ་གཏོར་བར་བྱེད་པ་དང་། ཡང་གཞན་གྱིས་ཐོས་མི་རུང་བ་སྙིང་ལ་གཟེར་བའི་དགོས་མེད་ཀྱི་ཚིག་རྩུབ་པོ་རང་དགར་སྨྲ་བ་དང་། ཡང་ཉོན་མོངས་ཀྱི་དབང་གིས་དོན་མེད་ཀྱི་འཆལ་གཏམ་མང་པོ་སྨྲས་ཏེ་གཞན་གྱི་བྱ་བ་ལ་བར་དུ་གཅོད་པ་དང་གཞན་གྱི་སེམས་སུན་འབྱིན་པར་བྱེད་པའི་ཚིག་ཀྱལ་བ་སྟེ། རྫུན་དང་། ཕྲ་མ་ཚིག་རྩུབ་ངག་གྱལ་བཞི་ལ་ངག་གི་ལས་མི་དགེ་བ་བཞི་ཟེར། གཞན་ཡང་གཞན་གྱི་རྒྱུ་རྫས་བཟང་པོ་ཞིག་མཐོང་བ་ན་ཆགས་ཞེན་སྐྱེས་ཏེ། ཧམ་སེམས་ཆེན་པོའི་སྒོ་ནས་རང་ལ་འཐོབ་པར་འདོད་པ་ལྟ་བུའི་བརྣབ་སེམས་དང་། ཡང་རང་གིས་གཞན་ལ་གནོད་འཚེ་བྱེད་པ་ལ་སྐྱོན་དུ་མི་མཐོང་ཞིང་ཚོད་མི་ཤེས་ལ། རང་ལ་གཞན་གྱིས་གནོད་པ་གཏན་མ་བྱས་པའམ། གལ་ཏེ་གནོད་པ་ཕྲན་བུ་རེ་བྱས་ན་ཡང་མི་བཟོད་པར་དེ་དག་ལ་དམིགས་ནས། མི་འདི་དག་གློ་བུར་དུ་ཤི་ན་དང་། རྒྱལ་བོ་དང་ཆོམ་རྐུན་སོགས་ཀྱིས་བསད་ན་ཅི་མ་རུང་སྙམ་པ་ལྟ་བུའི་གནོད་སེམས་དང་། ཡང་རང་གི་ཕ་མ་དང་ཕ་མ་དང་འདྲ་བ་དག་དང་། དགེ་རྒན་སོགས་རང་ལ་དྲིན་ཆེ་བ་དག་ལ་བརྡེག་རྡུང་དང་མཚོན་གྱིས་འདེབས་པ་སོགས་མི་དགེ་བའི་ལས་ཚབས་ཆེན་བསགས་ཏེ། ལས་རྒྱུ་འབྲས་དང་སྐྱེ་བ་སྔ་ཕྱི་ཟེར་བ་གང་ན་ཡོད། ཡོད་པ་བདེན་ན་སུས་མཐོང་ཞེས་ལས་རྒྱུ་འབྲས་དང་སྐྱེ་བ་སྔ་ཕྱི་སོགས་ཡོད་པ་ལ་མེད་པར་ལྟ་བའི་ལོག་ལྟ་སྟེ། བརྣབ་སེམས་དང་། གནོད་སེམས་དང་། ལོག་ལྟ་གསུམ་ལ་ཡིད་ཀྱི་མི་དགེ་བའི་ལས་ལམ་གསུམ་ཟེར། དེ་ལྟར་སྔར་བཤད་པའི་ལུས་ཀྱི་མི་དགེ་བའི་ལས་གསུམ་དང་། ངག་གི་མི་དགེ་བའི་ལས་བཞི་སྟེ། ལུས་ངག་གི་མི་དགེ་བའི་ལས་བདུན་ནི་ལས་དང་མི་དགེ་བའི་ལས་ལམ་གཉིས་ཀ་ཡིན་ནོ། །ལུས་ངག་གི་མི་དགེ་བའི་ལས་བདུན་པོ་ཐམས་ཅད་བྱ་བའི་ངོ་བོ་ཡིན་པས་ན་ལས་ཡིན་ལ། ལས་བདུན་པོ་དེ་དག་ཀུན་ནས་སློང་བའི་སེམས་པ་འཇུག་པའི་གཞི་ཡིན་པས་ན་ལས་དང་ལས་ལམ་གཉིས་ཀ་ཡིན་པར་གསུངས་སོ།།
བརྣབ་སེམས་དང་། གནོད་སེམས་དང་། ལོག་ལྟ་གསུམ་ནི་ལས་ལམ་ཡིན་ཀྱང་ལས་མིན་ཏེ། ཉོན་མོངས་པ་ཡིན་པའི་ཕྱིར་དང་། ལས་དང་ཉོན་མོངས་གཉིས་འགལ་བས་སོ། །མི་དགེ་བའི་ལས་ལམ་བཅུའི་བཟློག་ཕྱོགས་རྣམས་ལ་དགེ་བའི་ལས་ལམ་བཅུ་ཞེས་བཤད་དོ། །འོ་ན་དགེ་བ་དང་མི་དགེ་བའི་ལས་ལམ་ཐམས་ཅད། དགེ་བ་དང་མི་དགེ་བའི་ལས་ལམ་བཅུ་བོ་འདིར་འདུས་པ་ཡིན་ནམ་ཞེ་ན། མ་ཡིན་ཏེ། དེ་ལྟར་གསུངས་པ་ནི་དགེ་མི་དགེའི་ལས་ལམ་རགས་རིམ་ཙམ་ཞིག་བསྡུས་ནས་བསྟན་པ་ཡིན་ཏེ། ལུས་ཀྱི་མི་དགེ་བའི་ལས་གསུམ་གྱི་སྦྱོར་བ་དང་འཇུག་གི་ལས་རྡེག་པ་དང་འཆིང་བ་ལ་སོགས་པ་དང་། ངན་སེམས་ཀྱི་ཁྲག་འབྱིན་པ་སོགས་ཀྱང་མ་བསྡུས་པའི་ཕྱིར། དེ་ལྟར་ཡང་མངོན་པ་མཛོད་ལས། སྲོག་གཅོད་པ་ནི་བསམ་བཞིན་དུ། །མ་ནོར་བར་ན་གཞན་བསད་པའོ། །མ་བྱིན་ལེན་པ་གཞན་གྱི་ནོར། །མཐུ་དང་འཇམ་བུས་བདག་གིར་བྱེད། །བགྲོད་མིན་འགྲོ་བར་འདོད་པ་ཡིས། །ལོག་པར་གཡེམ་པ་རྣམ་པ་བཞི། །རྫུན་ཚིག་འདུ་ཤེས་གཞན་སྒྱུར་བའི། །ཚིག་དོན་མངོན་པར་གོ་བའོ། །ཕྲ་མ་ཕ་རོལ་དབྱེ་བའི་ཕྱིར། །ཉོན་མོངས་ཅན་གྱི་སེམས་ཀྱི་ཚིག །ཚིག་རྩུབ་པ་ནི་མི་སྙན་པ། །ཉོན་མོངས་ཅན་ཀུན་ཀྱལ་བ་ཉིད། །གཞན་ནི་དེ་ལས་གཞན་ཉོན་མོངས། །ཞེས་དང་། བརྣབ་སེམས་ནི། ལོག་པས་གཞན་གྱི་ནོར་ལ་ཆགས། །གནོད་སེམས་སེམས་ཅན་ལ་སྡང་བ། །དགེ་དང་མི་དགེ་མེད་ལྟ་བ། །ལོག་པར་ལྟ་བ་ཡིན་འདི་ལ། །གསུམ་ལམ་མདུན་ནི་ལས་ཀྱང་ཡིན། །ཞེས་དང་། བརྣབ་སེམས་ལ་སོགས་ལས་མིན་ཡང་། །ཡིད་ཀྱི་ཉེས་སྤྱོད་རྣམ་གསུམ་མོ། །བཟློག་པ་ལེགས་པར་སྤྱོད་པ་ཡིན། །དེ་ལས་ཆེ་ལོང་བསྡུས་ནས་ནི། །དགེ་དང་མི་དགེ་ཅི་རིགས་པར། །ལས་ཀྱི་ལམ་ནི་བཅུར་གསུངས་སོ། །ཞེས་སོ། །མི་དགེ་བའི་ལས་ལམ་བཅུ་བོ་རེ་རེས་ཀྱང་རྣམ་སྨིན་གྱི་འབྲས་བུ་དང་། རྒྱུ་མཐུན་གྱི་འབྲས་བུ་དང་། བདག་པོའི་འབྲས་བུ་གསུམ་གསུམ་འབྱིན་པར་གསུངས་ཏེ། དེ་ཉིད་ལས། ཐམས་ཅད་བདག་པོ་རྒྱུ་མཐུན་དང་། །རྣམ་སྨིན་འབྲས་བུ་འབྱིན་པར་འདོད། །སྡུག་བསྔལ་ཕྱིར་དང་བསད་ཕྱིར་དང་། གཟི་བྱིན་མེད་ཕྱིར་འབྲས་རྣམ་གསུམ། །ཞེས་གསུངས་པ་ལྟར་ལ། སྲོག་གཅོད་ལྟ་བུ་ལ་མཚོན་ན། བསད་བྱ་ཕ་རོལ་བོ་སྡུག་བསྔལ་བར་བྱས་པ་དེའི་རྣམ་སྨིན་གྱི་འབྲས་བུ་ནི་སྡུག་བསྔལ་འབྱུང་བ་དང་། ཕ་རོལ་བོའི་སྲོག་གི་རྒྱུན་ཡུན་རིང་བོར་འཇུག་པ་ལ་མཚོན་བསྣུན་པ་སོགས་ཀྱིས་གློ་བུར་དུ་བཅད་པ་དེ་ཡི་རྒྱུ་མཐུན་གྱི་འབྲས་བུ་ནི་ཚེ་ཐུང་བ་དང་། ཕ་རོལ་པོ་བསད་དེ་ལུས་ལ་གཟི་བྱིན་མེད་པར་བྱས་པ་དེ་ཡི་བདག་པོའི་འབྲས་བུ་ནི། ཕྱི་མར་གང་དུ་སྐྱེས་ཀྱང་དབུལ་ཞིང་འཕོང་བ་དང་། བྱ་བ་གང་བྱས་ཀྱང་ལམ་དུ་མི་འགྲོ་བ་དང་མཐུ་དང་ནུས་པ་ཆུང་ངུར་འགྱུར་རོ། །ཞེས་གསུངས་སོ། །ཚེ་འདིར་བྱས་པའི་དགེ་སྡིག་གི་ལས་ཀྱི་རྣམ་སྨིན་གྱི་འབྲས་བུ་ནི་ལས་སྟོབས་ལྡན་ཉུང་ཤས་ཙམ་མ་གཏོགས་པ་ཕལ་ཆེར་སྐྱེ་བ་ཕྱི་མ་ཕྱི་མའི་རྟེན་ལ་སྨིན་པར་འགྱུར་ཏེ། གཅིག་ནི་འདས་པས་འབྱིན་པར་འགྱུར། །ཞེས་གསུངས་པ་ལྟར་རོ། །དེ་ལྟ་མ་ཡིན་པར་དགེ་སྡིག་གི་ལས་བྱས་ནས་རིང་བོར་མ་ལོན་པར་ལས་དེ་དག་གི་རྣམ་སྨིན་གྱི་འབྲས་བུ་མཐོང་བའི་ཆོས་ལ་མྱོང་བར་གྱུར་ན། མི་སུ་ཡང་ལས་རྒྱུ་འབྲས་ལ་ཡིད་མི་ཆེས་པར་མི་འགྱུར་རོ། །འོ་ན་གང་ཟག་རྣམས་ཀྱི་སྐྱེ་བ་སྔོན་མ་དང་ཕྱི་མ་དག་ཡོད་དམ་ཞེ་ན། ཡོད་དེ། དཔེར་ན། ད་ལྟའི་མི་ཞིག་ཤི་བ་ན་ཁོ་རང་གི་ལུས་ཕུང་ཤ་ཁྲག་རུས་པ་སོགས་ནི་མེ་ལ་བསྲེགས་པའམ། བྱ་ཁྱི་སོགས་ཀྱིས་ཟོས་ཏེ་མེད་པར་གྱུར་ན་ཡང་། མི་དེའི་རྣམ་པར་ཤེས་པ་ནི་མེད་པར་མི་འགྱུར་བར་ལུས་སྔ་མ་དེ་ལས་བྱུང་སྟེ། རླུང་གི་ལུས་ལ་བརྟེན་ནས་འགྲོ་འོང་བྱེད་ཅིང་དབང་བོ་ཀུན་ཚང་བའི་བར་དོར་བ་ཞེས་བྱ་བར་འགྱུར་རོ། །བར་སྲིད་པ་དེ་ནི་རླུང་ལུས་ཅན་ཡིན་པས་མི་རང་བཞིན་པས་མི་མཐོང་ཞིང་རི་རབ་ཁང་ཁྱིམ་སོགས་ལ་ཐོགས་པ་མེད་པར་འགྲོ་འོང་བྱེད་ཅིང་། འདིས་སྐྱེ་བ་སྔོན་མའི་ལུས་རྟེན་དོར་ཞིང་སྐྱེ་བ་ཕྱི་མའི་ལུས་རྟེན་ད་དུང་མ་རྙེད་པས། ཁོ་སྐྱེ་བ་སྔ་ཕྱི་གཉིས་ཀྱི་བར་ན་གནས་ཤིང་རྫུས་ཏེ་སྐྱེས་པའི་སེམས་ཅན་ཞིག་ཡིན་པས་ན་ཁོའི་མིང་ལ་བར་དོ་བ་དང་། བར་སྲིད་པ་དང་། རྫུས་ཏེ་བྱུང་བའི་སེམས་ཅན་ཞེས་ཀྱང་བཏགས་པ་ཡིན་ནོ། །བར་དོ་བའི་ཚེ་ཚད་ནི་ཞག་བཞི་བཅུ་ཞེ་དགུ་རིང་མཐའ་ཡིན་པས་དེའི་བར་ལ་སྐྱེ་སྲིད་ཅིག་ངེས་པར་ཐོབ་པར་བཤད་དོ།།
བར་སྲིད་པས་སྐྱེ་སྲིད་དུ་ཉིང་མཚམས་སྦྱོར་ཚུལ།
བར་སྲིད་པ་དེས་སྐྱེ་སྲིད་དུ་ཉིང་མཚམས་སྦྱོར་ཚུལ་ནི། དཔེར་ན། མིར་སྐྱེ་བར་འགྱུར་བ་ཞིག་ཡིན་ན། ཕ་མ་གཉིས་ཉལ་བོ་བྱེད་པ་མཐོང་ནས་བར་དོ་བ་ཁོ་རང་ལ་ཡང་ཆགས་པ་ཞིག་སྐྱེས་ཏེ། བློ་འཁྲུལ་བའི་དབང་གིས་ཕོར་སྐྱེ་བར་འགྱུར་ཞིག་ཡིན་ན་མ་ལ་ཆགས་ཤིང་ཕ་ལ་དེ་ཙམ་གྱིས་དགའ་བ་མེད་པ་དང་། མོར་སྐྱེ་བར་འགྱུར་བ་ཞིག་ཡིན་ན་ཕ་ལ་ཆགས་ཤིང་མ་ལ་དེ་ཙམ་གྱིས་དགའ་བ་མེད་པར་འཁྲིག་པ་སྤྱོད་པར་འདོད་པའི་སེམས་ཀྱིས་ཕ་མའི་ཁུ་ཁྲག་དེར་ཞུགས་པ་ན། སྔར་གྱི་རླུང་ལུས་ཐོགས་མེད་དེ་འགགས་ནས་མའི་མངལ་དུ་ཐོགས་བཅས་ཀྱི་ལུས་དབང་གྲུབ་སྟེ་ཉིང་མཚམས་སྦྱར་བ་ཡིན་ནོ། །མངལ་ན་གནས་པའི་སྐབས་སུ་སེམས་ཅན་དེས་དབུགས་འབྱུང་རྔུབ་མི་བྱེད་ལ། ཟླ་བ་དགུ་སོགས་ཚང་བའི་རྗེས་སུ་ཕྱིར་བཙས་པ་ན་ཐོག་མར་དབུགས་ནང་དུ་རྔུབ་པ་ནས་འགོ་བརྩམས་ཏེ། མཐར་མི་དེ་འཆི་ཁ་མའི་དབུགས་ཕྱི་རོལ་ཏུ་དབྱུང་བའི་བར་དུ་སྣ་བའི་དབུགས་འབྱུང་འཇུག་ལ་རྟེན་ནས་འཇིག་རྟེན་འདིར་གནས་པ་ཡིན་ནོ། །དེས་ན་བྱིས་པ་དེའི་ལུས་ཕུང་གི་ཉེར་ལེན་གྱི་རྒྱུ་ནི་ཕ་མའི་ཁུ་ཁྲག་དང་། བྱིས་པ་དེའི་རྣམ་པར་ཤེས་པའི་ཉེར་ལེན་གྱི་རྒྱུ་ནི་རང་གི་སྔོན་གྱི་བར་སྲིད་པ་ཉིང་མཚམས་སྦྱོར་ཁ་མའི་རྒྱུད་ཀྱི་རྣམ་པར་ཤེས་པ་ཡིན་ནོ། །དེ་ཡང་བྱིས་པ་དེའི་རུས་པ་དང་ཀླད་པའི་ཉེར་ལེན་གྱི་རྒྱུ་ནི་ཕའི་ས་བོན་དང་། ཤ་པགས་དོན་ལྔ་སྣོད་དྲུག་སོགས་ཀྱི་ཉེར་ལེན་གྱི་རྒྱུ་ནི་མའི་ཟླ་མཚན་གྱི་ཁྲག་ཡིན་ནོ། །དེའི་ཕྱིར་མི་ཕལ་ཆེར་གྱི་བྱད་དབྱིབས་རང་གི་ཕ་མ་ཅི་རིགས་ཀྱི་བྱད་དབྱིབས་དང་འདྲ་བར་བྱུང་ངོ་། །དེ་ལྟར་མངོན་པ་མཛོད་ལས། འདིར་གང་འཆི་དང་སྐྱེ་བ་ཡི། །སྲིད་པའི་བར་དུ་བྱུང་བའོ། །བགྲོད་བའི་ཡུལ་དུ་མ་ཕྱིན་ཕྱིར། །སྲིད་པ་བར་མ་བྱུང་བ་མིན། །འབྲུ་ཡི་རྒྱུ་དང་ཆོས་མཐུན་ཕྱིར། །སྲིད་པ་ཆད་ལས་བྱུང་བ་མིན། །ཞེས་པ་ལྟར། སྲིད་པ་བར་མ་ནི་སྔ་མའི་འཆི་སྲིད་དང་སྐྱེ་བ་ཕྱི་མའི་སྐྱེས་སྲིད་གཉིས་ཀྱི་བར་དུ་བྱུང་བ་དང་། ཁོ་རང་བགྲོད་པའི་ཡུལ་སྐྱེ་སྲིད་དུ་མ་ཐོན་པས་ན། སྲིད་པ་བར་མ་ནི་བྱུང་བའི་སྲིད་པ་མིན་ལ། གལ་ཏེ་བར་སྲིད་པ་མེད་ན་སྐྱེ་བ་སྔོན་མའི་འཆི་སྲིད་ལ་གནས་པ་དང་། སྐྱེ་བ་རྗེས་མའི་སྐྱེ་སྲིད་གཉིས་ཀྱི་བར་ཆད་པར་འགྱུར་བ་ཞིག་ན་དེ་ནི་མི་འཐད་དེ། དཔེར་ན། འབྲུའི་ས་བོན་ལས་མྱུ་གུ་དང་དེ་ལས་སྡོང་བུ་སོགས་རྒྱུ་མཐུན་གྱི་རྒྱུ་འབྲས་བར་མ་ཆད་པར་འབྱུང་བ་དང་ཆོས་མཐུན་པའི་ཕྱིར་ན། སྐྱེ་བ་ད་ལྟ་བ་དང་ཕྱི་མའི་སྐྱེ་བ་སོགས་ནི་རིགས་འདྲའི་སྲིད་པ་རྒྱུན་ཆད་པ་གློ་བུར་དུ་བྱུང་བ་མ་ཡིན་ནོ། །བར་དོ་བའི་ཁྱད་ཆོས་གཞན་དག་ཀྱང་། དེ་ཉིད་ལས། དེ་ནི་འཕེན་པ་གཅིག་པའི་ཕྱིར། །སྔོན་དུས་སྲིད་འབྱུང་ཤ་ཚུགས་ཅན། །དེ་ནི་འཆི་བའི་སྔོན་རོལ་ཏེ། །སྐྱེ་བའི་སྐད་ཅིག་ཕན་ཆད་དོ། །རིགས་མཐུན་ལྷ་མིག་དག་པས་མཐོང་། །ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །དབང་པོ་ཀུན་ཚང་ཐོགས་མེད་ལྡན། །མི་ཟློག་དེ་ནི་དྲི་ཟའོ། །བློ་ནི་ཕྱིན་ཅི་ལོག་གྱུར་བས། །རྩེ་དགས་འགྲོ་བའི་ཡུལ་དུ་འགྲོ། །དྲི་དང་གནས་ལ་མངོན་འདོད་གཞན། །ཞེས་གསུངས་པ་ལྟར་རོ།།
འདོད་པའི་བར་དོ་བ་ལ་དྲི་ཟ་ཞེས་པ་ནི། བར་སྲིད་པ་རང་རང་གི་སྐལ་བ་བཟང་ངན་ལྟར་དྲི་ཞིམ་པ་དང་མི་ཞིམ་པ་ཟ་བས་ན་དེ་ལ་དྲི་ཟ་ཞེས་བརྗོད་དོ། །སྐྱེ་གནས་གཞན་དྲོད་གཤེར་སྐྱེ་བར་འགྱུར་བ་ཞིག་ཡིན་ན། དྲི་ལ་མངོན་པར་འདོད་ཅིང་ཆགས་པས་སྐྱེ་གནས་དེར་ཉིང་མཚམས་སྦྱོར་ཏེ། དཔེར་ན། བཤང་གཅི་འདོར་བའི་གནས་ཀྱི་སྲིན་བུ་མང་བོ་དང་། དབྱར་དུས་ཀྱི་སྲིན་བུ་མང་བོ་ལྟ་བུའོ། །རྫུས་ཏེ་སྐྱེ་བར་འགྱུར་བ་ཞིག་ཡིན་ན་གནས་ལ་སྲེད་པའི་དབང་གིས་འདོད་པའི་ལྷ་གནས་སོགས་སུ་སྐྱེ་བར་འགྱུར་ཏེ། དཔེར་ན། རྒྱལ་ཆེན་རིགས་བཞི་བ་དང་། སུམ་ཅུ་རྩ་གསུམ་པའི་ལྷ་ཕལ་བ་ལྟ་བུའོ། །མཛོད་ལས། དེར་ནི་སྒོ་ང་ལས་སྐྱེས་སོགས། །སེམས་ཅན་སྐྱེ་གནས་བཞི་དག་ཏུ། །མི་དང་དུད་འགྲོ་རྣམ་པ་བཞི། །དམྱལ་བ་རྣམས་དང་ལྷ་རྣམས་དང་། །སྲིད་པ་བར་མ་བརྫུས་ཏེ་སྐྱེ། །ཡི་དྭགས་མངལ་ནས་སྐྱེ་བའང་ཡིན། །ཞེས་གསུངས་སོ།།
མངལ་སྐྱེས་དང་སྒོང་སྐྱེས་དག་གི་ཉིང་མཚམས་སྦྱོར་ཚུལ།
མངལ་སྐྱེས་དང་སྒོང་སྐྱེས་དག་གི་ཉིང་མཚམས་སྦྱོར་ཚུལ་ནི། སློབ་དཔོན་གང་སྤེལ་གྱིས། འདི་ན་རང་གི་རིགས་སུ་མངལ་སྐྱེས་སམ། །གལ་ཏེ་སྒོ་ང་ལས་སྐྱེས་འབྱུང་འགྱུར་ན། །དེ་ཡི་དུས་སུ་མ་དེ་དང་ནི་ཕ། །སྦྱོར་བར་མཐོང་ནས་ཆགས་པས་བར་དགར་འགྱུར། །རྩེ་དགས་དེ་དག་དྲུང་རྒྱུག་ཕ་ཡི་ནི། །ཁུ་ཆུ་དེ་མཐོང་ཀུན་ཏུ་རྨོངས་པ་ཡིས། །བདག་ཉིད་ཇི་བཞིན་དེ་ལ་ཆགས་འགྱུར་ཏེ། །མོ་ནི་མོ་བཞིན་ཕོ་ནི་ཕོ་བཞིན་ནོ། །ཞེས་གསུངས་པ་ལྟར་རོ། །དེ་ལ་ཁ་ཅིག་ན་རེ། སྲིད་པ་བར་མ་ནི་སྐྱེ་བ་ཕྱི་མའི་རྒྱུ་ཡིན་ཡང་། དེའི་རྒྱུ་གཙོ་བོ་མིན་ཏེ། ཕ་མའི་ཁུ་ཁྲག་སོགས་གཙོ་བོའི་རྒྱུ་ཡིན་ནོ་ཟེར་བ་མི་འཐད་དེ། མཆིམས་འཇམ་པའི་དབྱངས་ཀྱིས། ཁུ་ཁྲག་ལ་སོགས་པ་གཙོ་བོའི་རྒྱུ་ཡིན་ནོ་ཞེས་བྱ་བ་རིགས་པ་མ་ཡིན་ཏེ། རྫུས་ཏེ་སྐྱེས་པ་རྣམས་ལ་དེ་མེད་ཀྱང་སྐྱེ་བའི་ཕྱིར་རོ། །དེས་རིགས་པས་སྲིད་པ་བར་མ་ཡོད་པ་ཉིད་དུ་ཤེས་སོ། །ཞེས་གསུངས་པའི་ཕྱིར། དེ་ལྟར་གཟུགས་མེད་མ་གཏོགས་པའི་སྐྱེ་སྲིད་ཐམས་ཅད་བར་སྲིད་ལས་སྐྱེ་དགོས་ན་བར་སྲིད་པ་གྲངས་མེད་པ་ཡོད་པར་འགྱུར་རོ་ཞེ་ན། བར་སྲིད་པ་དང་སྐྱེ་སྲིད་པའི་སེམས་ཅན་གྲངས་དང་མཐའ་མེད་པ་ཡོད་དེ། བཟང་པོ་སྤྱོད་པའི་སྨོན་ལམ་ལས། ནམ་མཁའི་མཐར་ཐུག་གྱུར་པ་ཇི་ཙམ་པ། །སེམས་ཅན་མ་ལུས་མཐའ་ཡང་དེ་བཞིན་དེ། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར། ཡང་ཁ་ཅིག་གིས། སེམས་ཅན་ལ་གྲངས་མཐའ་མེད་པ་བདེན་ཡང་། བྲི་བ་ནི་ཡོད་དགོས་ཏེ། དཔེར་ན། འབྲུའི་ཕུང་པོ་ཆེན་པོ་ཞིག་ལ་འབྲུ་རྡོག་གྲངས་མེད་པ་ཡོད་ཀྱང་། དེ་ལས་འབྲུ་རྡོག་རེ་རེ་བླངས་པས་ཇེ་ཉུང་དུ་འགྱུར་པའི་ཕྱིར་ཞེས་ཟེར། འདི་ལ་མཆིམས་འཇམ་བའི་དབྱངས་ཀྱིས། སྣོན་པ་མེད་ལ་འབྲིད་པ་ཡོད་པའི་ཕྱིར། དཔེར་ན། དབུལ་བའི་ནོར་བཞིན་ནོ་ཞེས་པ་ཡང་རིགས་པ་མ་ཡིན། ཚད་མེད་པ་རྣམས་ནི་བྲི་ཡང་ཟད་པར་མི་འགྱུར་པའི་ཕྱིར་ཏེ། ནམ་མཁའ་ལ་སོགས་པ་བཞིན་ནོ། །དེའི་ཕྱིར་འཁོར་བ་ལ་ཐོག་མ་ནི་སྤྱི་དང་བྱེ་བྲག་ཐམས་ཅད་ལ་མེད་དེ། གང་ཐོག་མ་དང་བཅས་པའི་སེམས་ཅན་དེ་རྒྱུ་མེད་པར་ཐལ་བའི་ཕྱིར་དང་། རྒྱུ་མེད་ན་རེས་འགའ་བ་མ་ཡིན་པར་ཐལ་པའི་ཕྱིར་རོ། །ཐ་མ་ནི་སྤྱི་ལ་མེད་ལ་བྱེ་བྲག་འགའ་ཞིག་ལ་ཡོད་དོ། །ཞེས་དང་། སློབ་དཔོན་འཕགས་པ་ལྷས། ཉན་པ་པོ་དང་མཉན་བྱ་དག །སྨྲ་བོ་འབྱུང་བ་ཤིན་ཏུ་དཀོན། །དེ་ཕྱིར་མདོར་ན་འཁོར་བ་ནི། །མཐའ་ཡོད་མ་ཡིན་མཐའ་མེད་མིན། །ཞེས་གསུངས་པ་ལྟར་རོ། །དོན་འདི་ལ་ཁ་ཅིག་ན་རེ། མིའི་ལུས་ཕུང་འདི་ལས་ལོགས་ཤིག་ཏུ་རྣམ་པར་ཤེས་པ་ཞིག་མེད་དོ། །དེའི་ཕྱིར་སྐྱེ་བ་སྔ་མ་དང་ཕྱི་མ་ཡང་མེད་དོ་ཅེས་ཟེར་རོ། །འོ་ན་གཉིད་ལོག་པའི་རྨི་ལམ་གྱི་སེམས་ཀྱང་མེད་དགོས་པས། རྨི་ལམ་འཁྲུལ་བ་སྣ་ཚོགས་པ་གཟུགས་བརྙན་དང་འདྲ་བ་དེ་རྣམས། རྨི་ལམ་གྱི་སེམས་མེ་ལོང་དང་འདྲ་བ་དེ་ཡི་ངོར་ཤར་བ་མིན་ན། གཉིད་ལོག་སྟེ་རྨི་ལམ་རྨིས་བཞིན་པ་དེ་ཡི་ཤ་རུས་གང་གི་སྟེང་དུ་ཤར་བ་ཡིན། ཁྱེད་ཅག་གི་བཤད་པ་ལྟར་ན། འཇིག་རྟེན་གྱི་མི་མཁས་པ་དང་བླུན་པོ་དང་། མི་བཟང་པོ་དང་ངན་པ་ཡང་མེད་པར་འགྱུར་ཏེ། བསམ་པ་བཟང་ངན་དང་། དབང་བོ་རྣོ་རྟུལ་དང་། མཁས་པ་དང་བླུན་པོ་སོགས་ཀྱི་ཁྱད་པར་ཡང་སེམས་ཀྱི་སྟེང་ནས་འཇོག་དགོས་ན་སེམས་ཟེར་བ་ཞིག་གཏན་ནས་མེད་པར་འདོད་པའི་ཕྱིར། འཇིག་རྟེན་ན་བསམ་བློ་སྔོན་དུ་བཏང་ནས་སྐད་ཆ་བཤད་དགོས་ཟེར་བ་ལྟ་བུའང་མི་རུང་བར་འགྱུར་ཏེ། བསམ་བློ་བཏང་ཞེས་པའི་བསམ་པ་དང་བློ་གང་ཡང་མེད་པའི་ཕྱིར། འོ་ན་མི་དེ་ཡི་ཤ་རུས་ཀླད་པ་གང་གིས་བསམ་བློ་བཏང་ནས་སྐད་ཆ་བཤད་པ་ཡིན། གཞན་དུ་ན་མི་བཟང་ངན་དང་མཁས་བླུན་སོགས་ལུས་ཀྱི་སྟེང་ནས་འཇོག་ན། ལུས་ཀྱི་ཆ་ཤས་གང་དུ་འཇོག་པའང་གསལ་བར་སྨྲ་དགོས་སོ། །འོ་ན་ཤི་བའི་རོ་སེམས་དང་བྲལ་བ་ལ་ཡང་མཁས་པ་དང་བླུན་པོ་སོགས་ཡོད་པར་ཐལ། རོ་དེ་དག་ལའང་ཤ་རུས་ཀླད་པ་སོགས་ཚང་བར་གནས་པའི་ཕྱིར། དོན་འདི་དག་ཐུགས་ལ་བཞག་ནས་སློབ་དཔོན་ཆོས་ཀྱི་གྲགས་པས། ལུས་ཀྱི་ཕུང་བྱུང་འགྲིབ་མེད་པར། །བློ་ཡི་བྱེད་པའི་ཁྱད་པར་གྱིས། །ཤེས་རབ་ལ་སོགས་ཕུལ་བྱུང་དང་། །འགྲིབ་པ་དག་ཏུ་འགྱུར་བ་ཡིན། །འདི་ནི་མར་མེ་འོད་ལ་སོགས། །རྟེན་པ་རྣམས་ལ་ཡོད་མ་ཡིན། །ཞེས་དང་། སློབ་དཔོན་ལྷ་དབང་བློས། ལུས་ཀྱི་བྱེད་པའི་ཁྱད་པར་གྱིས་འཕེལ་པ་དང་འགྲིབ་པ་ལ་བལྟོས་པ་མེད་པར། བློ་ཡི་བྱེད་པའི་ཁྱད་པར་གྱིས་འཕེལ་བ་དང་འགྲིབ་པའི་སྒོ་ནས་ཤེས་རབ་ལ་སོགས་པ་ཕུལ་དུ་བྱུང་བ་དང་འགྲིབ་པ་ཉམས་སུ་མྱོང་བའི་ཆོས་གང་ཡིན་པ་འདི་ནི་མར་མེ་འོད་ལ་སོགས་པ་ཉེར་ལེན་བེམ་པོ་ལ་བརྟེན་པ་རྣམས་ལ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པ་ལྟར་ཡིན་པས། བསམ་པ་བཟང་ངན་དང་མཁས་བླུན་གྱི་ཁྱད་པར་དང་། དབང་པོ་རྣོ་རྟུལ་དང་། འདས་བའི་བྱ་བ་དྲན་པ་སོགས་ལུས་ཀྱི་ཆ་ཤས་གང་དུ་འཇོག་ཞེས་དྲིས་པ་ལ། ཁོ་ན་རེ། ཡིད་ཀྱི་སེམས་དང་དབང་བོའི་རྣམ་པར་ཤེས་པ་དང་ཤེས་རབ་ཟེར་བ་དེ་རྣམས་ཁོ་བོ་ཅག་གིས་མི་འདོད་ཅིང་ཁས་མི་ལེན་ལ། མཁས་བླུན་སོགས་ཀྱི་ཁྱད་པར་ཀླད་པའི་ནང་དུ་ཡོད་པས། དྲན་པ་གསལ་མི་གསལ་དང་དབང་པོ་རྣོ་རྟུལ་སོགས་ཀྱི་ཁྱད་པར་ཡང་མི་རང་རང་གི་ཀླད་པའི་ནང་དུ་འཇོག་པ་ཡིན་ཟེར་ན། དེ་ལྟར་ན་མཁས་པ་དང་བླུན་པའི་ཁྱད་པར་ཀླད་པའི་ཕྱི་ནང་གང་ན་ཡོད་ཚུལ་དང་། མི་བཟང་ངན་གྱི་ཀླད་པ་ལ་ཁྱད་པར་འདི་དང་འདི་ལྟ་བུ་ཡོད་དོ་ཞེས་གསལ་བར་སྨྲ་དགོས་སོ། །འོ་ན་མི་ཤི་མ་ཐག་པའི་རོ་ལ་ཡང་དྲན་པ་སོགས་ཡོད་པར་འགྱུར་ཏེ། མི་རོ་དེ་ལ་ཀླད་པ་སྔར་བཞིན་ཆ་ཚང་བར་ཡོད་པའི་ཕྱིར། ཁོ་ན་རེ། མི་ཡི་མཁས་བླུན་དང་བཟང་ངན་དང་སྔར་གྱི་ལས་བྱས་པ་དྲན་པ་སོགས་ཀླད་པའི་ནང་དུ་ཡོད་ཀྱང་། མི་བཟང་བོའི་ཀླད་པ་འདི་ལྟ་བུ་དང་། མི་ངན་པའི་ཀླད་པ་འདི་ལྟ་བུ་དང་། མི་མཁས་པའི་ཀླད་པ་འདི་ལྟ་བུ་དང་། བླུན་པའི་ཀླད་པ་འདི་ལྟ་བུ་ཞིག་རེད། སྔར་བྱ་བ་བྱས་པ་རྣམས་ཀླད་པའི་ཆ་ཤས་འདིས་དྲན་པ་རེད་ཅེས་མིག་གི་ཡུལ་དུ་སྟོན་རྒྱུ་མེད་པས། མིའི་བཟང་ངན་དང་དབང་པོ་རྣོ་རྟུལ་དང་སྔར་བྱས་དྲན་པ་སོགས་མིག་གིས་མི་མཐོང་ཡང་ཡོད་ཟེར་ན། བཤད་པ་འདི་ནི་མཁས་པས་དྲང་བོར་སྨྲས་པའི་གཏམ་ཞིག་མ་ཡིན་ཏེ། སྐབས་ལ་ལར་སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་སེམས་དང་རྣམ་པར་ཤེས་པ་སོགས་མིག་གིས་མ་མཐོང་བས་མེད་ཅེས་བཤད་པ་དང་། ཡང་མཁས་བླུན་དང་དབང་པོ་རྣོ་རྟུལ་སྔར་བྱས་དྲན་པ་སོགས་མིག་གིས་མ་མཐོང་ཡང་ཀླད་པའི་ནང་དུ་ཡོད་ཟེར་བ་གཉིས་ནང་འགལ་དུ་གྱུར་བའི་ཕྱིར། གཞན་དུ་ན་ཀླད་པ་ཆེ་བ་རྣམས་མཁས་པ་དང་དབང་བོ་རྣོན་པོ་དང་མི་བཟང་བོ་ཞིག་དང་། ཀླད་པ་ཆུང་ངུ་རྣམས་མི་ངན་པ་སོགས་སུ་འགྱུར་དགོས་ན། དེ་འདྲ་བ་ནི་འཇིག་རྟེན་མཁས་བླུན་གང་གི་ཡང་རྣ་བར་མི་འགྲོ་བའི་ཕྱིར་རོ། །གཞན་ཡང་དབང་བོ་རྣོ་རྟུལ་དང་མིའི་བཟང་ངན་སོགས་སེམས་དང་ཤེས་རབ་སོགས་བློ་ཡི་སྟེང་ནས་འཇོག་པ་ལས། གཞན་ལུས་ཀྱི་སྟེང་ནས་འཇོག་ཚུལ་མེད་དེ། དེ་ལྟ་ན་མི་ལུས་མཛེས་ཤིང་ཡིད་དུ་འོང་བ་དང་སྟོབས་ཅན་ཞིག་ཡིན་ཚེ། མི་དེ་ཡང་མཁས་པ་དང་བཟང་བོ་དང་ཁོང་ཡངས་པོ་ཞིག་ཡིན་དགོས་ལ། མི་དེ་ཡི་ལུས་མི་མཛེས་ཤིང་ཡིད་དུ་མི་འོང་བ་དང་ཉམ་ཆུང་ཞིག་ཡིན་ཚེ། མི་དེ་ངན་པ་དང་བླུན་པོ་ཞིག་ཡིན་དགོས་ན། དེ་ལྟར་མིན་པ་འཇིག་རྟེན་པ་ཐམས་ཅད་ཀྱིས་མངོན་སུམ་དུ་མཐོང་བ་ལ་བསྙོན་མི་རིགས་པའི་ཕྱིར། གཞན་དུ་ན་མི་མཁས་པ་ཞིག་ལ་ནད་སོགས་བྱུང་སྟེ་ལུས་རིད་པར་གྱུར་བ་ན། མི་དེ་མཁས་པ་མ་ཡིན་པར་འགྱུར་བ་དང་། མི་བླུན་པོ་ཞིག་གི་ལུས་ཀྱི་སྟོབས་རྒྱས་ཏེ་མདངས་བཟང་བོ་ཞིག་ཏུ་གྱུར་པ་ན་བླུན་པོ་དེ་ཡང་མཁས་པ་དང་དབང་པོ་རྣོན་པོ་སོགས་སུ་འགྱུར་དགོས་ན། དེ་ལྟར་ཁས་ལེན་པའི་དཔྱོད་ལྡན་འཇིག་རྟེན་ན་སུ་ཡང་མེད་པའི་ཕྱིར་རོ། །འོན་ཀྱང་ཕྱོགས་སྔ་མ་ཁྱེད་ཅག་གི་རང་ལུགས་ལྟར་ན། དེ་ལྟར་མི་འདོད་བཞིན་དུ་ཁས་ལེན་དགོས་ཏེ། མི་ཡི་རང་བཞིན་བཟང་ངན་དང་། མཁས་བླུན་སོགས་ཀྱི་སྐྱོན་དང་ཡོན་ཏན་ཐམས་ཅད་ལུས་རྟེན་ཁོ་ནའི་སྟེང་དུ་བཞག་པའི་ཕྱིར། དེ་ལྟར་འཇོག་ཀྱང་དགོས་ཏེ། མི་ཡི་སེམས་དང་བསམ་པ་སོགས་མིག་གིས་མི་མཐོང་པས་མེད་པར་ཁས་བླངས་པའི་ཕྱིར། དེས་ན་འབྲས་བུ་དེའི་ཉེར་ལེན་གྱི་རྒྱུ་ནི་སྔར་ཕྱི་ཡི་རྒྱུ་འབྲས་ཀྱི་སྐབས་སུ་བཤད་པ་ལྟར་འབྲས་བུ་དེར་འགྱུར་ངེས་ཞིག་དགོས་པས། རྣམ་པར་ཤེས་པ་དང་ཤེས་རབ་སོགས་ཉེར་ལེན་གྱི་རྒྱུ་ལ། སེམས་དང་ཤེས་རབ་སོགས་སུ་འགྱུར་ངེས་ཀྱི་ཤེས་པའི་རྫས་རྒྱུན་ཞིག་དགོས་སོ། །དེའི་ཕྱིར་ཤེས་པས་གཟུགས་ཀྱི་ཉེར་ལེན་བྱེད་པ་དང་། ས་ལ་སོགས་པའི་འབྱུང་བ་ཆེན་པོ་རྣམས་དང་ཕ་མའི་ཁུ་ཁྲག་སོགས་ཀྱིས་བློ་དང་རྣམ་པར་ཤེས་པའི་ཉེར་ལེན་གྱི་རྒྱུ་བྱེད་པ་མི་སྲིད་དོ། །ཕའི་ས་བོན་ནི་མངལ་ན་གནས་པའི་བྱིས་པ་དེ་ཡི་རུས་པ་དང་ཀླད་པ་སོགས་ཀྱི་ཉེར་ལེན་གྱི་རྒྱུ་དང་། མའི་ཟླ་མཚན་གྱི་ཁྲག་ནི་བྱིས་པ་དེ་ཡི་ཤ་པགས་སོགས་སུ་འགྱུར་བ་ཡིན་པས་དེ་དག་གི་ཉེར་ལེན་གྱི་རྒྱུ་ཡིན་ནོ། །མདོར་ན་ཕ་མའི་ཁུ་ཁྲག་བྱིས་པ་དེ་ཡི་ཉེར་ལེན་གྱི་རྒྱུ་ཙམ་ཡིན་ལ། བྱིས་པ་དེ་ཡི་ཡིད་ཀྱི་རྣམ་པར་ཤེས་པའི་ཉེར་ལེན་གྱི་རྒྱུ་ནི་བྱིས་པ་དེ་ཡི་སྐྱེ་བ་སྔོན་ཐོག་མ་མེད་པ་ནས་རྒྱུད་དེ་འོངས་པའི་ཡིད་ཀྱི་རྣམ་པར་ཤེས་པའི་རྫས་རྒྱུན་ཉིད་ཡིན་ནོ། །དེའི་ཕྱིར་ཕ་མ་བླུན་པོ་ལ་བུ་མཁས་པའང་འབྱུང་སྲིད་ལ། ཕ་མ་མཁས་པ་ལ་བུ་བླུན་པོ་ཡང་འབྱུང་སྲིད་དེ། བུ་བུ་མོ་དེ་དག་གི་རང་བཞིན་བཟང་ངན་དང་དབང་བོ་རྣོ་རྟུལ་སོགས་དེ་དག་རང་རང་གི་སྐྱེ་བ་སྔོན་མའི་བསམ་པ་བཟང་ངན་དང་། རིག་པའི་གནས་ལ་གོམས་པ་ཡོད་མེད་ཀྱི་རྗེས་སུ་འགྲོ་བའི་ཕྱིར། དེས་ན་ཡིད་ཀྱི་རྣམ་པར་ཤེས་པ་ནི་ལུས་ལས་ཐ་དད་དུ་ཡོད་པར་མ་ཟད། དཔེར་ན། མི་ཡི་སེམས་ནི་འཁོར་ལོའི་ཁ་ལོ་བ་ལྟ་བུ་དང་། མི་རང་རང་གི་དཔོན་པོ་ལྟ་བུ་ཞིག་ཡིན་ཞིང་། མིའི་ལུས་དང་ཡན་ལག་སོགས་ནི། སེམས་ཀྱི་ཁ་ལོ་བ་ཞོན་པའི་འཁོར་ལོ་དང་། དཔོན་པོའི་བྲན་གཡོག་ལྟ་བུ་ཡིན་ཏེ། མི་དེའི་སེམས་ལ་བྱ་བ་གང་དང་གང་ཞིག་ཤར་ཏེ། བྱ་བ་དེ་དང་དེ་སྒྲུབ་པར་འདོད་པ་ན། ལུས་ནི་སེམས་ཀྱིས་གང་བསྒྲུབ་པར་འདོད་པ་དེའི་རྗེས་སུ་འབྲང་སྟེ་བྱ་བ་བྱེད་པ་ཐམས་ཅད་ཀྱིས་མྱོང་བས་གྲུབ་པའི་ཕྱིར། སེམས་ལ་ཤར་ཕྱོགས་སུ་འགྲོ་འདོད་སྐྱེས་པ་ན་ལུས་ཀྱང་དེའི་རྗེས་སུ་འབྲང་སྟེ་ཤར་ཕྱོགས་སུ་འགྲོ་ཞིང་། སེམས་ལ་སློང་མོ་བ་ཞིག་ལ་སྦྱིན་པ་གཏོང་བར་འདོད་པ་ན། ལུས་ཀྱང་དེའི་རྗེས་སུ་འབྲང་སྟེ་སྦྱིན་པ་གཏོང་བའི་གྲོགས་བྱེད་པ་ལྟ་བུའོ། །འོ་ན་སེམས་ཟེར་པ་དེ་ཇི་འདྲ་ཞིག་ཡིན་ཞེ་ན། སེམས་ནི་གཟུགས་མ་ཡིན་པས་མིག་གིས་མི་མཐོང་ཞིང་། སྒྲ་མ་ཡིན་པས་རྣ་བས་མི་ཐོས་ལ། རེག་བྱ་མ་ཡིན་པས་སེམས་དེ་ལ་གང་ཡང་མི་ཐོགས་སོ། །སེམས་ཀྱིས་ཡུལ་སྣ་ཚོགས་གསལ་བར་བྱེད་ཅིང་། སེམས་རང་གི་ངོ་བོ་ཡང་གསལ་བ་ཞིག་ཡིན་ནོ། །བརྩོན་འགྲུས་ཆེན་པོས་རིག་པའི་གནས་ཐམས་ཅད་སྦྱང་སྟེ་མཁས་པ་ཆེན་པོར་འགྱུར་བ་ནི། མཁས་པ་དེ་ཡི་སེམས་ཤིན་ཏུ་གསལ་ཞིང་དྭངས་ལ་རྒྱ་ཆེ་བ་རྒྱ་མཚོ་ཆེན་པོ་ལྟ་བུ་ཡིན་པས། ཤེས་བྱའི་རྣམ་གྲངས་རྒྱུ་སྐར་ལྟ་བུ་རྣམས་སེམས་ཀྱི་ངོར་འཆར་རོ། །དེའི་རྒྱུ་མཚན་གྱིས་ཕྱི་རོལ་གྱི་ཁང་ཁྱིམ་སྣ་ཚོགས་པ་དང་། འཕྲུལ་འཁོར་སྣ་ཚོགས་ཡོ་བྱད་སྣ་ཚོགས་ཀྱི་དབྱིབས་བཀོད་སྣ་ཚོགས་དག་ཀྱང་། ཐོག་མར་སེམས་ལ་ཇི་ལྟར་ཤར་བ་ལྟར། ལས་བཟོ་སྣ་ཚོགས་བྱས་པ་ལས་བྱུང་ཞིང་གྲུབ་པ་རེད། མདོར་ན་འཇིག་རྟེན་ཁམས་ཀྱི་བཀོད་པ་འདི་ཐམས་ཅད། སེམས་ཀྱི་གཡོ་བ་རི་མོ་སྣ་ཚོགས་ཀྱི་གཟུགས་བརྙན་ལྟ་བུ་རྣམས་ཤེས་བྱ་སྣ་ཚོགས་སུ་ཤར་བ་ཡིན་པས། སངས་རྒྱས་ཤཱཀྱ་ཐུབ་པས། ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ། །ཞེས་དང་། མདོ་སྡེ་ལང་ཀར་གཤེགས་པ་ལས། ཕྱི་རོལ་སྣང་བ་ཡོད་མིན་ཏེ། །སེམས་ནི་སྣ་ཚོགས་རྣམས་སུ་སྣང་། །ལུས་དང་ལོངས་སྤྱོད་གནས་འདྲ་བ། །སེམས་ཙམ་དུ་ནི་ངས་བཤད་དོ། །ཞེས་གསུངས་པ་ཡིན་ལ། སེམས་ཙམ་ཞེས་པའི་ཙམ་སྒྲའི་དོན་ནི། སློབ་དཔོན་ཟླ་བ་གྲགས་པས། ཇི་བཞིན་རང་གི་བསྟན་བཅོས་དེ་དེ་ལས། །མུ་སྟེགས་རྣམས་ཀྱིས་གང་ཟག་སོགས་དེ་དག །སྨྲས་པ་དེ་དག་བྱེད་པོར་མ་གཟིགས་ནས། །རྒྱལ་བས་སེམས་ཙམ་འཇིག་རྟེན་བྱེད་པོར་གསུངས། །ཞེས་བཤད་པ་ལྟར་རོ། །ཡང་རང་ཉིད་མི་བཟང་པོ་ཞིག་གི་གྲལ་དུ་འགྲོ་བའམ། རིག་པ་བསླབ་ཏེ་མཁས་པ་ཞིག་བྱེད་པའམ། བྱ་བ་ཡག་པོ་བྱས་ཏེ་འཇིག་རྟེན་གྱི་ལམ་བཟང་བོར་འགྲོ་ནའང་། རང་གི་མགོན་ལྟ་བུའི་སེམས་ལ་རག་ལས་ཤིང་། ཡང་ན་རང་ཉིད་མི་ངན་པའི་གྲལ་དུ་འགྲོ་བའམ། སོ་ནམ་དང་བཟོ་དང་རིག་པ་བསླབ་པ་སོགས་ཀྱི་བྱ་བས་མི་འཚོ་བར། རྟག་ཏུ་ཆོམ་རྐུན་དང་ཕྲད་པའི་བྱ་བ་མི་ལེགས་པ་སྣ་ཚོགས་ཀྱིས་འཚོ་བ་ལ། རྒྱལ་བོ་སོགས་ཀྱིས་གསོད་པའམ་འཆིང་བ་སོགས་ཀྱིས་སྡུག་བསྔལ་སྣ་ཚོགས་མྱོང་དུ་བཅུག་པའང་རང་རང་གི་སེམས་རང་ཉིད་ཀྱི་དགྲ་ལྟ་བུར་གྱུར་ཏེ་སེམས་དེས་བྱས་པ་རེད། རང་ཉིད་ཀྱིས་བྱ་བ་ལེགས་ཉེས་གང་དང་གང་བྱས་པ་ལ་མི་ནོར་བའི་དབང་པོ་ལྟ་བུའང་སེམས་ཡིན་པ་ལ་དགོངས་ནས། སངས་རྒྱས་ཤཱཀྱ་ཐུབ་པས། བདག་ཉིད་བདག་གི་མགོན་ཡིན་ཏེ། །བདག་ཉིད་བདག་གི་དགྲ་ཡང་ཡིན། །ལེགས་དང་ངན་པར་བྱས་པ་ལ། །བདག་ཉིད་བདག་གི་དབང་པོའང་ཡིན། །ཞེས་གསུངས་པ་ཡིན་ནོ།།
སློབ་དཔོན་ཟླ་བ་གྲགས་པས། སེམས་ཉིད་ཀྱིས་ནི་སེམས་ཅན་འཇིག་རྟེན་དང་། །སྣོད་ཀྱི་འཇིག་རྟེན་ཤིན་ཏུ་སྣ་ཚོགས་འགོད། །འགྲོ་བ་མ་ལུས་ལས་ལས་སྐྱེས་པར་གསུངས། །སེམས་སྤང་ནས་ནི་ལས་ཀྱང་ཡོད་མ་ཡིན། །ཞེས་གསུངས་ལ། དོན་ནི། ཕྱི་ནང་གི་སྣོད་བཅུད་ཀྱི་འཇིག་རྟེན་སྣ་ཚོགས་པ་འདི་རྣམས་སེམས་ཉིད་ཀྱིས་གཡོ་བ་སྣ་ཚོགས་བྱས་པ་ལས་འབྱུང་བ་ཡིན་ནོ། །འོ་ན་བདེ་འགྲོ་བ་མི་དང་ངན་འགྲོ་བ་དུད་འགྲོ་སོགས་ནི་རང་རང་གི་འཕེན་བྱེད་ཀྱི་ལས་དགེ་སྡིག་ལས་བྱུང་བ་མ་ཡིན་ནམ་ཞེ་ན། དེ་ནི་ཡིན་མོད་ཀྱང་། སེམས་གཏན་ནས་མེད་ན་དགེ་སྡིག་གི་ལས་ཀྱང་ཡོད་ཚུལ་མེད་དོ་ཞེས་པའོ། །དེས་ན་རང་གི་སེམས་ནི་རྟ་རྒོད་པོ་ལྟ་བུ་ཞིག་ཡིན་པས་བྱ་བ་གང་བྱེད་ན་ཡང་ཐོག་མར་སེམས་ལ་བརྟག་དགོས་ཏེ། སེམས་ལ་གང་དྲན་དྲན་དང་ཅི་འདོད་འདོད་བྱེད་དུ་བཅུག་ན། ལས་ངན་སྣ་ཚོགས་དང་སྡུག་བསྔལ་སྣ་ཚོགས་ལ་མྱུར་དུ་སྦྱོར་རོ། །དེ་ལྟར་ཡང་སློབ་དཔོན་ཞི་བ་ལྷས། སེམས་ཀྱི་གླང་བོ་ཡན་བཏང་བས། །མནར་མེད་གནོད་པ་བྱེད་པ་ལྟར། །གླང་ཆེན་མ་ཐུལ་མྱོས་པ་ཡིས། །འདི་ན་དེ་འདྲའི་གནོད་མི་བྱེད། །ཀུན་ནས་དྲན་པའི་ཐག་པ་ཡིས། །སེམས་ཀྱི་གླང་བོ་དམ་བཏགས་ན། །འཇིགས་པ་ཐམས་ཅད་མེད་འགྱུར་ཞིང་། །དགེ་བ་ཐམས་ཅད་ལག་ཏུ་འོང་། །སྟག་དང་སེང་གེ་གླང་ཆེན་དྲེད། །སྦྲུལ་དང་དགྲ་རྣམས་ཐམས་ཅད་དང་། །སེམས་ཅན་དམྱལ་བའི་སྲུང་མ་དང་། །བྱད་མ་དེ་བཞིན་སྲིན་པོ་རྣམས། །སེམས་འདི་གཅིག་བུ་བཏགས་པ་ཡིས། །དེ་དག་ཐམས་ཅད་བཏགས་པར་འགྱུར། །སེམས་འདི་གཅིག་བུ་བཏུལ་བ་ན། །དེ་དག་ཐམས་ཅད་ཐུལ་བར་འགྱུར། །འདི་ན་འཇིགས་པ་ཐམས་ཅད་དང་། །སྡུག་བསྔལ་དཔག་ཏུ་མེད་པ་ཡང་། །སེམས་ལས་བྱུང་བ་ཡིན་ནོ་ཞེས། །ཡང་དག་གསུང་པ་ཉིད་ཀྱིས་བསྟན། །སེམས་ཅན་དམྱལ་བའི་མཚོན་ཆ་རྣམས། །སུ་ཞིག་གིས་ནི་ཆེད་དུ་བྱས། །ལྕགས་སྲེགས་ས་གཞི་སུ་ཡིས་བྱས། །མེ་ཚོགས་དེ་དག་ཅི་ལས་བྱུང་། །དེ་འདྲ་དེ་དག་ཐམས་ཅད་ཀྱང་། །སྡུག་སེམས་ཡིན་པར་ཐུབ་པས་གསུངས། །ཞེས་སོ། །མདོར་ན་སེམས་ནི་ཡོད་པར་མ་ཟད་རང་གི་སེམས་ལ་རང་གིས་བདག་བྱེད་དགོས་པ་ནི་གནད་ཀྱི་དོན་ནོ། །སེམས་ཅན་ཞེས་པ་ནི་སེམས་དང་ལྡན་པ་ཞིག་ལ་སེམས་ཅན་ཞེས་བརྗོད་ཀྱི། སེམས་དང་མི་ལྡན་པ་ཤིང་ལྕགས་རྡོ་སོགས་ལ་སེམས་ཅན་ཞེས་མི་བརྗོད་དེ། དཔེར་ན། ཡོན་ཏན་ཡོད་པ་རྣམས་ལ་ཡོན་ཏན་ཅན་ཞེས་བརྗོད་ཀྱི། ཡོན་ཏན་མེད་པ་དག་ལ་ཡོན་ཏན་ཅན་ཞེས་མི་བརྗོད་པ་བཞིན་ནོ། །འོ་ན་དུད་འགྲོ་རྣམས་ཀྱང་སེམས་ཅན་ཡིན་པས་དུད་འགྲོ་དེ་དག་གི་སེམས་ཀྱིས་ཀྱང་བདེ་སྡུག་དང་བྱ་བ་ལེགས་ཉེས་སོགས་ཤེས་པར་ཐལ་ལོ་ཟེར་ན། དུད་འགྲོ་ཕལ་ཆེར་གྱིས་ཀྱང་གང་ན་བཟའ་བཏུང་སོགས་ཡོད་པ་དང་རང་རང་གི་ཕྲུ་གུ་ངོ་ཤེས་པ་དང་། གཡང་ཁ་སོགས་སུ་ལྷུང་དོགས་ནས་སྐྲག་པའི་སེམས་སོགས་ཡོད་ཀྱང་། མི་ལྟར་བྱ་བ་མང་བོ་མི་ཤེས་པ་ནི། དུད་འགྲོའི་ལུས་རྟེན་དེ་རྣམ་སྨིན་གྱི་སྒྲིབ་པ་ཡིན་པས་དེས་བསྒྲིབས་ནས་མི་ཤེས་པ་ཡིན་ནོ། །འོན་ཀྱང་མི་ལ་སོགས་པའི་འགྲོ་བ་རྣམས་ཀྱི་སེམས་དང་སེམས་ལས་བྱུང་བ་དག་ནི་གཟུགས་ཅན་མ་ཡིན་པས་མིག་གིས་མི་མཐོང་ཞིང་ཕྲ་བས་ཇི་ལྟ་བ་བཞིན་རྟོགས་པར་དཀའ་སྟེ། བཅོམ་ལྡན་འདས་ཀྱིས། ཇི་ལྟར་ཉི་མའི་འོད་ཟེར་གཅིག་ཏུ་འདུ་ཡང་འོན་ཀྱང་ངོ་བོ་གཞན་ཡིན་པ་དེ་བཞིན་དུ། རྣམ་པར་ཤེས་པའི་མཚན་ཉིད་གཞན་ཡིན་པ་ནས་སེམས་པའི་བར་དུ་གཞན་ཡིན་ནོ། །ཞེས་དང་། མཆིམས་འཇམ་པའི་དབྱངས་ཀྱིས། འདི་དག་གི་ཁྱད་པར་ནི་ཡིད་ཆེས་པའི་ལུང་ལས་ཤེས་པར་བྱ་བ་ཡིན་གྱི། ཕྲ་བས་རྟོགས་པར་དཀའ་བའི་ཕྱིར་དབང་བོའི་ཡུལ་ནི་མ་ཡིན་ནོ། །ཞེས་དང་། སློབ་དཔོན་དབྱིག་གཉེན་གྱིས། རེ་ཞིག་སྨན་ལ་སོགས་པ་གཟུགས་ཅན་རྣམས་ཡང་རོ་མང་པོ་ཁ་ཅིག་རོའི་ཁྱད་པར་དབང་བོས་གཟུང་བར་བྱ་བ་རྣམས་ངེས་པར་གཟུང་དཀའ་ན། ཆོས་གང་དག་གཟུགས་ཅན་མ་ཡིན་ཞིང་བློས་གཟུང་བར་དཀའ་བ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་གསུངས་པ་ལྟར་རོ། །འོ་ན་སེམས་ཅན་རྣམས་ཀྱི་སེམས་རྣམ་པར་གཡེངས་པ་སྨྱོ་པའི་སེམས་ནི་སེམས་གང་ལས་བྱུང་བ་དང་རྒྱུ་ཅི་ཞིག་གིས་དེ་ལྟར་གྱུར་ཞེ་ན། སློབ་དཔོན་དབྱིག་གཉེན་གྱིས། གཡེངས་པའི་སེམས་ནི་ཡིད་སེམས་ལ། །དེ་ནི་ལས་ཀྱི་རྣམ་སྨིན་སྐྱེས། །སྐྲག་གནོད་མ་མཉམ་མྱ་ངན་གྱིས། །ཞེས་གསུངས་པ་ལྟར། སྨྱོ་བའི་སེམས་ལ་ནི་དབང་ཤེས་མེད་པས་ཡིད་ཀྱི་རྣམ་པར་ཤེས་པ་ཁོ་ན་ཡིན་ལ། དེ་ཡང་འགའ་ཞིག་ནི་རང་གི་སྔོན་གྱི་ལས་དབང་གིས་སྨྱོས་པར་གྱུར་བ་དང་། འགའ་ཞིག་ནི་འདྲེ་དང་མི་མ་ཡིན་སོགས་ཀྱིས་སྐྲག་པར་བྱས་པ་ལས་སྨྱོས་བ་སྟེ། དཔེར་ན། ༡༩༨༧ ལོར་ལས་བྱེད་པ་ཞིག་སྨྱོས་ཏེ་སྨན་ཁང་དུ་ཁྲིད་འོང་བ་ལ་ནད་སློང་རྐྱེན་དྲིས་པས། ལས་བྱེད་པ་འདི་ཉིན་དཀར་ཁོ་རང་གཅིག་བུ་ཁྱིམ་གཞན་ཞིག་ཏུ་ཡོད་སྐབས་སུ་ལོགས་ན་ཉལ་ཐུལ་སྟོང་བ་ཞིག་ཡོད་པ་དེའི་ནང་ནས་བུད་མེད་ཅིག་གློ་བུར་དུ་ལངས་བྱུང་བ་མཐོང་བས་སྐྲག་སྟེ་སྨྱོས་པ་རེད་ཟེར་བ་ལྟ་བུ་སྟེ། འདི་འདྲ་སྨྱོས་པ་གཞན་ཡང་མང་ངོ་། །འགའ་ཞིག་ནི་ཤི་འདྲེ་སོགས་མི་མ་ཡིན་པ་མི་གསོན་བོའི་ལུས་ཁོག་ཏུ་ཞུགས་ཏེ་སྨྱོས་པ་སྟེ། དཔེར་ན་ ༡༩༩༢ ལོར་ཁ་སྒང་ཕྱོགས་ཀྱི་སྐྱེས་པ་བུད་མེད་གཉིས་ཤི་བ་འདྲེར་སྐྱེས་ཏེ། སྔོན་ཁོ་རང་གི་རྒྱུ་རྫས་ཕར་སྟེར་ཚུར་ལེན་གང་ཞིག་ཡོད་པ་དང་། ཁྱིམ་དེ་ན་རྒྱུ་རྫས་ཅི་དང་ཅི་ཡོད་སོགས་གཅིག་ཀྱང་མ་འཁྲུལ་བར་བཤད་པས། ཡུལ་མི་ཐམས་ཅད་སྔར་ཤི་བའི་མི་དེ་དག་འདྲེར་སྐྱེས་པར་ཡིད་ཆེས་ནས་ཤི་བོ་དེ་དག་གི་ཆེད་དུ་དགེ་བ་བསྒྲུབ་པ་ལྟ་བུའོ། །འདི་འདྲ་ཕྱོགས་གཞན་དང་གཞན་ན་མང་བོ་ཡོད་ཅེས་ཐོས་སོ། །སྨྱོན་པ་འགའ་ཞིག་ནི་རྐྱེན་ཅི་རིགས་ལ་བརྟེན་ནས་འབྱུང་པ་འཁྲུགས་ཏེ་ཆ་མ་མཉམ་པ་ལས་བྱུང་བ་ཏེ། འདི་འདྲ་མང་བོ་མཐོང་མྱོང་། མྱ་ངན་གྱིས་སྨྱོས་པ་ནི། དཔེར་ན། ལུང་ལས། བྲམ་ཟེ་བཟའ་མི་གཉིས་ལ་བུ་བདུན་ཡོད་པ་ལས་བུ་དྲུག་ཤི་བས། བུད་མེད་དེ་མྱ་ངན་གྱིས་སྨྱོས་པར་གྱུར་ཏེ། གཅེར་བུ་ཁོ་ནར་བཅོམ་ལྡན་འདས་ཀྱི་དྲུང་དུ་རྒྱུགས་ཏེ་ཕྱིན་པ་ན། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བུད་མེད་འདི་ལ་གོས་བྱིན་ཅིག་ཅེས་བཀའ་བསྩལ་པས། ཀུན་དགའ་བོས་གོས་བྱིན་ཏེ་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པས་སྨྱོ་སངས་ནས་རྒྱུན་ཏུ་ཞུགས་བའི་འབྲས་བུ་ཐོབ་བོ། །དེ་ནས་བུད་མེད་དེ་སླར་ཁྱིམ་དུ་འོང་བ་ན་བུ་བདུན་པའང་ཤི་བ་མཐོང་ཡང་མྱ་ངན་མ་བྱས་སོ། །དེ་ནས་ཁོ་རང་གི་ཁྱོ་ན་རེ། སྔར་བུ་དྲུག་ཤི་བས་ཁྱོད་མྱ་ངན་གྱིས་སྨྱོས་པར་གྱུར་ལ། ད་བུ་བདུན་པ་ཤི་བ་མཐོང་ཡང་མྱ་ངན་མི་བྱེད་པ་ལ་ལྟོས་ན་བུ་སྔ་མ་དེ་རྣམས་ཁྱོད་ཀྱིས་ཟོས་སོ་ཞེས་བསྡིག་པ་ལ། བྲམ་ཟེ་མོ་ན་རེ། བྲམ་ཟེ་ངས་ནི་ཡུན་རིང་ནས། །བུ་དང་ཚ་བོ་སྟོང་ཕྲག་དང་། །གཉེན་མང་བརྒྱ་ཕྲག་དག་ཟོས་ཏེ། །ཁྱོད་ཀྱིས་ཀྱང་ནི་དེ་དང་འདྲ། །སྐྱེ་བ་དེ་དང་དེ་དག་ཏུ། །བུ་དང་ཚ་བོ་སྟོང་ཕྲག་དག །གཅིག་ལ་གཅིག་ཟ་རྣམས་ཀྱི་ནི། །ཚད་ནི་ཡོད་པ་མ་ཡིན་ནོ། །འཇིག་རྟེན་ན་ནི་སྐྱེ་བ་དང་། །འཆི་ལས་ངེས་འབྱུང་ཤེས་ནས་ནི། །སུ་ཞིག་མྱ་ངན་ཡོངས་གདུང་བའམ། སྨྲེ་སྔགས་འདོན་པར་བྱེད་པར་འགྱུར། །བདག་ནི་སངས་རྒྱས་བརྟེན་བྱས་ཏེ། །སྐྱེ་བ་དང་ནི་འཆི་བ་ལས། །ངེས་པར་འབྱུང་བ་ཤེས་པས་ན། །མྱ་ངན་མི་བྱེད་གདུང་བ་མེད། །ཅེས་བཤད་པ་ལྟ་བུའོ། །འདི་དག་ལ་བརྟེན་ནས་ཀྱང་ལུས་ལས་ལོགས་སུ་སེམས་ཡོད་པ་དང་། སྐྱེ་བ་སྔ་ཕྱི་ཡོད་པ་སོགས་ནི་བདེ་བླག་ཏུ་ཤེས་པར་འགྱུར་རོ། །ཡང་གཞན་དག་ན་རེ། མི་ཞིག་ལ་མཚོན་ན་ལུས་ལས་ཐ་དད་པའི་སེམས་ཟེར་བ་ཞིག་ཡོད་མོད་ཀྱང་། མི་དེ་ཡི་སྐྱེ་བ་སྔ་ཕྱི་ནི་མེད་དེ། ལུས་འཇིག་ནས་མེད་པར་གྱུར་བ་ན་སེམས་ཀྱང་ཞིག་ནས་མེད་པར་གྱུར་བའི་ཕྱིར། དཔེར་ན། མི་ཡི་ལུས་ནི་རྩིག་པ་ལྟ་བུ་དང་། མི་ཡི་རྣམ་པར་ཤེས་པ་ནི་རྩིག་པའི་སྟེང་དུ་བྲིས་པའི་རི་མོ་ལྟ་བུ་ཡིན་པས། རྩིག་པ་ལྟ་བུའི་ལུས་འཇིག་པ་ན། དེ་སྟེང་གི་རི་མོ་ལྟ་བུའི་སེམས་ཀྱང་འཇིག་དགེོས་སྨོས་ཅི་དགོས་ཞེས་ཟེར། བཤད་པ་འདི་ནི་མི་འཐད་དེ། མི་ལུས་རྩིག་པ་འདྲ་བའི་རྨང་གཞི་ལྟ་བུ་ནི་སེམས་ཡིན་པས། ལུས་སེམས་ལ་བརྟེན་ནས་གནས་པ་ཡིན་གྱི། སེམས་ལུས་ལ་བརྟེན་ནས་གནས་པ་མ་ཡིན་པའི་ཕྱིར། དཔེར་ན། སྨྱོན་པ་རྣམས་ཀྱི་ཡང་སེམས་ལ་རང་དབང་མེད་པར་སྨྱོས་པ་ཡིན་གྱི། དེ་དག་གི་ལུས་སྨྱོས་པ་མ་ཡིན་པའི་ཕྱིར། བཤད་ཚུལ་འདི་ནི་ལུས་དང་སེམས་ཀྱི་རྟེན་དང་བརྟེན་པའི་ཚུལ་ལོག་པར་བཤད་པ་ཡིན་ཏེ། ཡིད་ཀྱི་རྣམ་པར་ཤེས་པ་ལུས་ཀྱི་རྟེན་དང་། ལུས་ནི་ཡིད་ཀྱི་རྣམ་པར་ཤེས་པ་ལ་བརྟེན་པ་ཡིན་པའི་ཕྱིར། དེའི་རྒྱུ་མཚན་ནི་ལུས་རྣམ་པར་ཤེས་པ་དང་བྲལ་བ་ན། ཉིན་ཁ་ཤས་ཀྱིས་ལུས་དེ་ཉིད་རུལ་བར་འགྱུར་ལ། ལུས་རྣམ་པར་ཤེས་པ་དང་མ་བྲལ་ན་ཅི་ཙམ་ཡུན་རིང་བོར་ན་བར་གྱུར་ཀྱང་རུལ་བར་མི་འགྱུར་བའི་ཕྱིར། དཔེར་ན། དགུན་དུས་ལྷགས་པ་ཤིན་ཏུ་ཆེ་བའི་སྒང་ལ་ཡང་ལུས་རྣམ་པར་ཤེས་པ་དང་མ་བྲལ་ན་སྲོག་ཆགས་ཕྲ་མོ་རྣམས་ཀྱི་ལུས་ཆུང་ཡང་ཁེངས་པར་མི་འགྱུར་ལ། གང་གི་རྣམ་པར་ཤེས་པ་ལུས་དང་བྲལ་ཏེ་ཤི་བར་གྱུར་བ་ན་མྱུར་དུ་དེའི་ལུས་ཁེངས་པའམ་དབྱར་དུས་ཞིག་ཡིན་ན་རུལ་བར་འགྱུར་བ་མངོན་སུམ་དུ་མཐོང་བ་བཞིན་ནོ། །ཡང་ཚུ་རོལ་མཛེས་པ་བ་རྒྱང་འཕེན་པ་དག་ན་རེ། མི་རྣམས་ནི་ཕའི་ས་བོན་དང་མའི་ཁྲག་ལ་སོགས་པ་འདུས་པ་ལས་སྐྱེས་པ་ཡིན་གྱི། ཚེ་རབས་སྔོན་དུ་བསགས་པའི་འཕེན་བྱེད་ལས་ཀྱི་དབང་གིས་སྐྱེས་པ་མིན་ཏེ། མའི་སྐྱེ་བ་སྔ་མ་དང་ཕྱི་མ་མེད་པའི་ཕྱིར། དཔེར་ན། ནས་དང་ཕབས་ལ་སོགས་པ་འདུས་པ་ལས་ཆང་འབྱུང་བ་བཞིན་ནོ་ཞེས་ཟེར། ཡང་འབྲས་བུ་རྣམས་རྒྱུ་མེད་ལས་སྐྱེ་བར་འདོད་པའི་དྲང་སྲོང་འཇིག་སྟོབས་ཅན་ལ་སོགས་པ་ན་རེ། སྲན་ཟླུམ་ཚེར་མ་གཟེངས་རིང་རྣོ་བ་དང་། །རྨ་བྱའི་མདོངས་ཀྱི་རི་མོ་བཀྲ་བ་དང་། །ཉི་ཤར་ཆུ་བོ་ཐུར་དུ་འབབ་པ་སོགས། །སུས་ཀྱང་མ་བྱས་ངོ་བོ་ཉིད་ལས་བྱུང་། །ཞེས་སྲན་མའི་ཟླུམ་པོ་དང་རྨ་བྱའི་སྒྲོ་ཡི་རི་མོ་སོགས་ལ་རྒྱུ་མེད་པས་དེ་དག་རྒྱུ་མེད་ལས་སྐྱེས་པ་ཡིན་ནོ་ཞེས་ཟེར་རོ།།
འབྲས་བུ་ལ་སྐུར་བ་འདེབས་པ་ནི། ཇི་སྐད་དུ། མ་ཤི་བར་དུ་དགའ་མགུར་སྤྱོད། །ཤི་ན་དེ་ཡི་སྤྱོད་ཡུལ་མིན། །སླར་སྐྱེས་པ་ནི་ག་ལ་ཡོད། །མི་ཤི་ཐལ་བ་རླུང་ཁྱེར་འདྲ། །ཅི་ཙམ་དབང་བོའི་སྤྱོད་ཡུལ་བ། །སྐྱེས་བུ་དེ་ཙམ་ཉིད་དུ་ཟད། །ཀྱེ་མ་མང་ཐོས་གང་སྨྲ་བ། །དེ་ནི་སྦྱང་ཀིའི་རྗེས་དང་མཚུངས། །ཞེས་བཤད་དོ། །འདི་ནི་སྔོན་གྱི་གཏམ་རྒྱུད་ཞིག་དང་སྦྱར་བ་སྟེ། སྔོན་ཞིག་ན་འཚོ་བ་མ་ཕྱིད་པའི་སྐྱེས་བུ་གཡོ་ཅན་ཞིག་གིས་ལམ་གྱི་བཞི་མདོར་སྦྱང་ཀིའི་རྐང་རྗེས་ཞིག་བྲིས་ཏེ། དེ་དང་ཐག་ཉེ་བའི་གྲོང་ཁྱེར་བ་རྣམས་ལ་སྨྲས་པ། ད་ནི་སྲིན་པོ་སྤྱང་ཀི་ཞེས་བྱ་བ་ཞིག་འདིར་འོངས་ནས་མི་རྣམས་ཟ་བར་འགྱུར་ཏེ་སྤྱང་ཀི་དེ་ཡི་རྐང་རྗེས་ནི་འདི་ཡིན་ནོ། །ཟས་དང་ནོར་ཕྱི་རོལ་ཏུ་ཕོངས་ལ་ཞག་བདུན་གྱི་བར་ལ་ཁྱིམ་གྱི་སྒོར་མ་འབུད་ཅིག་ཅེས་རྫུན་བཤད་པ་ལྟར། མང་དུ་ཐོས་པའི་དགེ་སྤྱོད་གཽའུ་ཏ་མས་ཀྱང་སྐྱེ་བ་ཕྱི་མའི་འཇིགས་པ་སྨྲས་ཀྱང་དེ་ནི་ཡོད་པ་མ་ཡིན་ཏེ། སེམས་ནི་ལུས་ཀྱི་རང་བཞིན་ཡིན་པས་ལུས་ཐལ་བར་གྱུར་བ་ན་ཡིད་ཀྱི་རྣམ་པར་ཤེས་པ་ཡང་རྒྱུན་ཆད་པར་འགྱུར་བས་སྐྱེ་བ་ཕྱི་མ་མེད་དོ་ཞེས་ཟེར་རོ། །མིག་གིས་མ་མཐོང་བའི་དངོས་པོ་རྣམས་མེད་ཅེས་སྐུར་བ་འདེབས་པ་ནི། ཀླ་ཀློ་ཁ་ཅིག་ན་རེ། ལྷ་འདྲེ་དང་བར་སྲིད་པ་སོགས་མེད་དེ་མིག་གི་མ་མཐོང་པའི་ཕྱིར་ཞེས་ཟེར། ཚད་མའི་སྐྱེས་བུ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ལ་སྐུར་བ་འདེབས་པ་ནི། རྣམ་འགྲེལ་ལས། ཚད་མ་ལྐོག་གྱུར་དོན་ཤེས་ཡིན། །དེ་སྒྲུབ་བྱེད་ཀྱང་མེད་པའི་ཕྱིར། །ནན་ཏན་བྱེད་པ་ཡོད་མ་ཡིན། །ཞེས་ནི་ཁ་ཅིག་རབ་ཏུ་བརྗོད། །ཅེས་ཕྱོགས་སྔ་མ་རྒྱང་འཕེན་པ་དང་། རྒྱལ་དཔོག་པ་དག་གིས་འདོད་པ་བརྗོད་པ་ལྟར་རོ། །ཐོག་མར་ད་ལྟའི་མི་རྣམས་ཀྱི་སྐྱེ་བ་སྔ་མ་མེད་པར་འདོད་པའི་རྒྱང་འཕེན་པ་དག་ལ་དོན་འདི་འདྲི་བར་བྱ་སྟེ། མའི་མངལ་ནས་ཕྱིར་བཙས་མ་ཐག་པའི་བྱིས་པ་རྣམས་ཀྱི་ཡིད་ཀྱི་རྣམ་པར་ཤེས་པ་དང་། མིག་དང་རྣ་བ་ལ་སོགས་པའི་དབང་བོ་ལྔ་དང་། དབུགས་འབྱུང་རྔུབ་ལ་སོགས་རྣམས་ལ་དེ་དང་དེར་འགྱུར་ངེས་ཀྱི་ཉེར་ལེན་གྱི་རྒྱུ་གཏན་ནས་མེད་ཟེར་རམ། ཕ་མའི་ཁུ་ཁྲག་བྱིས་པ་དེ་ཡི་ལུས་དང་དབང་པོ་རྣམ་པར་ཤེས་པ་ཐམས་ཅད་ཀྱི་ཉེར་ལེན་ཡིན་ཟེར། དང་པོ་ལྟར་ན། ས་རྡོ་རི་བྲག་སོགས་འབྱུང་བ་ཐམས་ཅད་ལ་མིག་དང་རྣ་བ་རྣམ་ཤེས་སོགས་ཡོད་པར་འགྱུར་ཏེ། དེ་དག་སྐྱེ་བ་ལ་རང་ལ་འགྱུར་ངེས་ཀྱི་རྒྱུ་གང་ཡང་མི་དགོས་པའི་ཕྱིར། གཉིས་པ་ལྟར་ན་བྱིས་པ་དེ་ཡི་ལུས་དང་རྣམ་ཤེས་སོ་སོར་མེད་པར་ལུས་སེམས་གཉིས་ཀ་དབྱེར་མེད་རྫས་གཅིག་ཏུ་འགྱུར་ཏེ། བྱིས་པ་དེ་ཡི་ལུས་སེམས་མིག་རྣ་སོགས་དབང་སེམས་ཐམས་ཅད་ཕ་མའི་ཁུ་ཁྲག་ཉེར་ལེན་གྱི་རྒྱུ་བྱས་པ་ལ་རྟེན་ནས་སྐྱེད་པ་ཡིན་པའི་ཕྱིར། འོ་ན་མི་དེ་བརྒྱལ་བ་སོགས་སེམས་མེད་པའི་གནས་སྐབས་སུ་མི་དེ་ཡི་ལུས་ཀྱང་མེད་པར་འགྱུར་ཏེ། མི་དེ་ལ་སེམས་མེད་པའི་ཕྱིར་དང་། ལུས་སེམས་གཉིས་ཀ་ཕན་ཚུན་དབྱེར་མེད་རྫས་གཅིག་ཏུ་འདོད་པའི་ཕྱིར། གཞན་ཡང་། མི་ཤི་མ་ཐག་པའི་རོ་ལ་ཡང་མིག་རྣ་སོགས་དབང་པོ་ལྔ་དང་། ཡིད་ཀྱི་རྣམ་པར་ཤེས་པ་སོགས་ཡོད་པར་འགྱུར་ཏེ། ལུས་ཚང་བར་གནས་པ་གང་ཞིག ལུས་ལས་གཞན་པའི་དབང་བོ་ལྔ་དང་རྣམ་པར་ཤེས་པ་སོགས་མེད་པར་ཁས་བླངས་པའི་ཕྱིར། མི་དེ་ཤི་བ་ན་དེའི་དབང་བོ་ལྔ་དང་རྣམ་པར་ཤེས་པའི་རྫས་རྒྱུན་ཆད་པ་ཡིན་པར་ཐལ། མངལ་དུ་ཉིང་མཚམས་སྦྱར་མ་ཐག་པ་དེ་ཡི་དབང་པོ་དང་རྣམ་ཤེས་ལ་རྫས་རྒྱུན་སྔ་མ་མེད་པའི་ཕྱིར། དེ་ལྟར་འདོད་ན་དེ་ཡང་མི་འཐད་དེ། ཕྱི་རོལ་གྱི་གྲོ་ནས་སོགས་ཀྱི་ཉེར་ལེན་གྱི་རྒྱུ་ཡང་རྫས་རྒྱུན་ཆད་ན་མི་སྐྱེ་བའི་ཕྱིར། དེ་ཡང་ཡིན་ཏེ། དཔྱིད་དུས་ཀྱི་ས་བོན་ལས་སྟོན་དུས་ཀྱི་འབྲས་བུ་འབྱུང་ལ། དེ་ལས་འགའ་ཞིག་ས་བོན་བྱས་པ་ལས་ཕྱི་ལོའི་སྟོན་དུས་སུ་གྲོ་ནས་སོགས་ཀྱི་འབྲས་བུ་འབྱུང་བ་ཡིན་གྱི་གྲོ་ནས་སོགས་ཀྱི་ཉེར་ལེན་གྱི་རྫས་རྒྱུན་ཆད་པ་ན། སོ་ནམ་ཅི་ཙམ་བྱས་ཀྱང་ཉེར་ལེན་གྱི་རྫས་རྒྱུན་འབྲུ་རིགས་མེད་པར་འབྲས་བུ་འབྲུ་རིགས་འབྱུང་བ་མི་སྲིད་བའི་ཕྱིར། དོན་འདི་ཐུགས་ལ་བཞག་ནས་སློབ་དཔོན་དབྱིག་གཉེན་གྱིས། འབྲུ་ཡི་རྒྱུན་དང་ཆོས་མཐུན་ཕྱིར། །སྲིད་པ་ཆད་ལས་བྱུང་བ་མིན། །ཞེས་འདོད་གཟུགས་ཀྱི་སྐྱེ་བ་སྔ་མ་ནས་འདོད་ཁམས་འདིར་སྐྱེས་པ་དང་། འདི་ནས་སྐྱེ་བ་ཕྱི་མར་མཚམས་སྦྱོར་བའི་བར་སྲིད་པ་མེད་ན་སེམས་ཅན་རྫས་རྒྱུན་ཆད་པར་འགྱུར་ཞིང་། སེམས་ཅན་གྱི་རྫས་རྒྱུན་ཆད་པ་ལས་སེམས་ཅན་མི་འབྱུང་བ་ནི། དཔེར་ན། ཕྱི་རོལ་གྱི་འབྲུ་རིགས་རྣམས་ཀྱང་རང་རང་གི་རྫས་ཀྱི་རྒྱུན་ཆད་པ་ན་མི་འབྱུང་བར་གསུངས་པ་ལྟར་ཡིན་པའི་ཕྱིར། དེས་ན་མི་ལུས་ཀྱི་ཉེར་ལེན་གྱི་རྒྱུ་ནི་ཕ་མའི་ཁུ་ཁྲག་ཡིན་ཀྱང་། མི་དེ་ཡི་དབང་བོ་ལྔ་དང་རྣམ་པར་ཤེས་པ་སོགས་ཀྱི་ཉེར་ལེན་གྱི་རྒྱུ་ནི་རང་རང་གི་སྐྱེ་བ་སྔོན་མའི་དབང་བོ་དང་རྣམ་ཤེས་སོགས་ཡིན་ཏེ། རྣམ་ཤེས་ཀྱི་རྫས་རྒྱུན་མ་ཡིན་པའི་དངོས་པོ་གཞན་ཞིག་གིས་རྣམ་ཤེས་ཀྱི་ཉེར་ལེན་གྱི་རྒྱུ་བྱེད་པ་མི་སྲིད་བའི་ཕྱིར། དེ་ལྟར་ཡང་རིགས་པའི་དབང་ཕྱུག་གིས། རྣམ་ཤེས་མིན་པ་རྣམ་ཤེས་ཀྱི། །ཉེར་ལེན་མིན་པའི་ཕྱིར་ཡང་གྲུབ། །ཅེས་གསུངས་པ་ཡིན་ནོ། །དེ་ཡང་མི་ལུས་ཀྱི་ཤ་རུས་སོགས་ཀྱི་ཉེར་ལེན་གྱི་རྒྱུ་ཕ་མའི་ཁུ་ཁྲག་སོགས་ཡིན་ནའང་། དེའི་རྒྱུད་ཀྱི་མིག་སོགས་དབང་བོ་ལྔའི་ཉེར་ལེན་གྱི་རྒྱུ་ནི་དེ་དག་མིན་ཏེ། ནང་གི་དབང་པོ་གཟུགས་ཅན་ལྔའི་ཉེར་ལེན་གྱི་རྒྱུ་ལ་དབང་བོ་རང་རང་གི་རྫས་རྒྱུན་ཞིག་དགོས་པ་ལས་ཕྱི་ཡི་གཟུགས་གང་གིས་ཀྱང་དབང་པོའི་ཉེར་ལེན་གྱི་རྒྱུ་བྱེད་པ་མི་སྲིད་པས་སོ། །དེའི་ཕྱིར་ཤི་བའི་རོ་ལ་མིག་སོགས་དབང་བོ་མེད་དོ། །དེ་ལྟ་ན་གཟུགས་མེད་ཁམས་ནས་འདོད་གཟུགས་གང་རུང་དུ་སྐྱེ་ན་དེའི་དབང་བོ་ལྔའི་ཉེར་ལེན་གང་ཞེ་ན། རྣམ་འགྲེལ་ལས། ཚེ་འདི་ཉིད་ཀྱི་སྐྱེ་མཆེད་ལྔ། །ལུས་གཞན་བསྐྱེད་པའི་རྒྱུ་ཉིད་ཡིན། །ཞེས་སྔར་འདོད་གཟུགས་གང་རུང་ནས་གཟུགས་མེད་དུ་སྐྱེ་ཁ་མ་ཚེ་དེ་ཉིད་འཆི་ཁ་མའི་ནང་གི་གཟུགས་ཅན་དབང་པོ་ལྔ་ནི། ལུས་གཞན་ཕྱི་མའི་དབང་བོ་ལྔ་བསྐྱེད་པའི་ཉེར་ལེན་དུ་གསུངས་པ་ལྟར་རོ། །
གཞན་ཡང་། ལུས་སེམས་ཀྱི་ཉེར་ལེན་གྱི་རྒྱུར་འདོད་པ་ནི་མི་འཐད་དེ། རང་གི་ཉེར་འབྲས་སེམས་སུ་འགྱུར་བ་མེད་པར་སེམས་ཀྱི་ཉེར་ལེན་གྱི་རྒྱུར་མི་རུང་བའི་ཕྱིར། དཔེར་ན་རྫ་བུམ་དུ་འགྱུར་རྒྱུའི་འཇིམ་པ་མེད་པར་རྫ་བུམ་རང་གྲུབ་ཏུ་མི་འགྱུར་བ་བཞིན་ནོ། །འདུས་བྱས་གང་ཡིན་ཀྱང་རང་གི་འབྲས་བུ་དེར་འགྱུར་བ་མེད་ན་འབྲས་བུ་དེ་ཡི་ཉེར་ལེན་དུ་མི་རིགས་ཏེ། དཔེར་ན། བ་ལང་རང་གི་ངོ་བོ་མ་འགྱུར་བར་བ་མེན་དུ་མི་འགྱུར་བ་བཞིན་ནོ། །དེ་ལྟར་ཡང་སློབ་དཔོན་གྱིས། ཉེར་ལེན་འགྱུར་བ་མེད་པར་ནི། །ཉེར་ལེན་ཅན་དག་འགྱུར་བ་ནི། །བྱེད་པར་མི་ནུས་དཔེར་འཇིམ་པ། །འགྱུར་བ་མེད་པར་བུམ་སོགས་བཞིན། །དངོས་གང་འགྱུར་བ་མེད་པ་ན། །དངོས་པོ་གང་ཞིག་རྣམ་འགྱུར་བ། །དེའི་དེའི་ཉེར་ལེན་མི་རིགས་ཏེ། །བ་ལང་བ་མེན་ལ་སོགས་བཞིན། །ལུས་དང་སེམས་ཀྱང་དེ་བཞིན་ནོ། །ཞེས་གསུངས་པ་ལྟར་རོ། །དེས་ན་ཕ་མ་གཅིག་ལས་སྐྱེས་པའི་སྤུན་རྣམས་ལ་ཡང་རང་གི་ཚེ་རབས་སྔ་མ་གང་ལ་གོམས་པ་ཆེ་བ་དེའི་དབང་གིས་ཡིད་ཀྱི་རྣམ་པར་ཤེས་པ་ལ་ཁྱད་པར་ཤིན་ཏུ་ཆེ་སྟེ། སྤུན་དེ་དག་ལས་ཁ་ཅིག་རིག་པ་རྣོ་ལ། ཁ་ཅིག་རྟུལ་བོ་དང་། ཁ་ཅིག་རང་བཞིན་བཟང་ལ། ཁ་ཅིག་རང་བཞིན་ངན་པ་དང་། ཁ་ཅིག་སྙིང་རྗེ་ཆེ་བ། ཁ་ཅིག་ཞེ་སྔང་ཆེ་བ་དང་། ཁ་ཅིག་སྦྱིན་པ་གཏོང་བ་ལ་དགའ་ཞིང་འགའ་ཞིག་རྐུ་ལ་དགའ་བ་སོགས་མཐོང་བའི་ཕྱིར་དང་། ཕ་མ་དག་གིས་རྒྱུ་རྫས་སྤུན་རྣམས་ལ་ཆ་མཉམ་དུ་བགོས་ཀྱང་། རང་རང་གི་སྐྱེ་བ་སྔོན་གྱི་ལས་དབང་གིས། ཁ་ཅིག་ཕྱུག་པོར་གྱུར་ཏེ། ཚེ་གང་བོར་བདེ་ཞིང་སྐྱིད་པར་འཚོ་བ་དང་། ཁ་ཅིག་དབུལ་ཞིང་འཕོང་བར་གྱུར་ཏེ། ཚེ་གང་བོར་སྡུག་བསྔལ་གྱིས་མཐར་ཕྱིན་པའང་མཐོང་བའི་ཕྱིར་རོ། །དེ་དག་གི་ཁྱད་པར་རྣམས་རང་རང་གི་སྐྱེ་བ་སྔོན་གང་ལ་གོམས་པ་ཆེ་བ་དང་། གཙོ་བོ་ལས་དབང་གི་ཁྱད་པར་མིན་ན་དེ་ལྟར་གྱུར་བའི་རྒྱུ་མཚན་གཞན་བཤད་རྒྱུ་མེད་པའི་ཕྱིར། ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་གྱིས་ཀྱང་། རིག་པ་ནངས་པར་འཆི་ཡང་སློབས། །ཚེ་འདིར་མཁས་པར་མ་གྱུར་ཀྱང་། །སྐྱེ་བ་ཕྱི་མར་བཅོལ་བ་ཡི། །ནོར་ལ་རང་ཉིད་ལེན་དང་མཚུངས། །ཞེས་གསུངས་པ་ཡིན་ནོ། །རྣམ་འགྲེལ་ལས། རྟག་ཏུ་དེ་ཡི་རྗེས་འཇུག་ཕྱིར། །གང་ཞིག་ཡོད་པས་ཕན་འདོགས་བྱེད། །དེ་རྒྱུ་དེ་ཕྱིར་བདུན་པ་དང་། །སྐྱེས་ཕྱིར་ཞེས་ནི་བཤད་པ་ཡིན། །ཞེས་འབྲས་བུ་ནི་རང་གི་རྒྱུའི་རྗེས་སུ་འཇུག་ལ། རྒྱུ་གང་ཞིག་ཡོད་པས་རང་གི་འབྲས་བུ་དེ་སྐྱེ་བ་ལ་ཕན་འདོགས་བར་བྱེད་པ་དེ་ཡི་ཕྱིར། བཅོམ་ལྡན་འདས་ཀྱིས་ཀྱང་སཱ་ལུ་ལྗང་བའི་མདོ་ལས། འདི་ཡོད་པས་ན་འདི་འབྱུང་ཞེས་རྒྱུ་མཚན་ཅན་གྱི་རྣམ་དབྱེ་བདུན་པ་དང་། འདི་སྐྱེས་པའི་ཕྱིར་འདི་སྐྱེས་ཞེས་རྣམ་དབྱེ་ལྔ་བ་འབྱུང་ཁུངས་ཀྱི་སྒྲས་བསྟན་པས་ན། ལུས་ནི་སེམས་ཀྱི་རྒྱུ་མ་ཡིན་ཏེ། སེམས་ནི་ལུས་ཀྱི་རྗེས་སུ་མི་འགྲོ་བའི་ཕྱིར་དང་། ལུས་ནི་སེམས་སྐྱེ་བ་ལ་ཕན་འདོགས་བྱེད་ཀྱང་མ་ཡིན་པའི་ཕྱིར། སློབ་དཔོན་ཤཱཀྱ་བློས། ལོངས་སྤྱོད་ཆེན་པོ་ཉིད་དང་ནད་མེད་པ་དང་ཡན་ལག་ཉིང་ལག་ལ་སོགས་པ་ཚང་བ་ནི་ལས་དགེ་བ་གཅིག་གི་འབྲས་བུ་སྣ་ཚོགས་པའོ། །ནད་མང་བ་དང་དབུལ་བ་དང་ཡན་ལག་དང་ཉིང་ལག་ལ་སོགས་པ་མ་ཚང་བ་ནི་ལས་མི་དགེ་བ་གཅིག་གི་འབྲས་བུ་སྣ་ཚོགས་པ་ཡིན་ནོ། །ཞེས་དང་། སྐྱེ་བ་འདི་ལ་གོམས་པ་མཐོང་བའི་ཕྱིར། ཤུགས་ཀྱིས་འཇིག་རྟེན་སྔ་མར་གོམས་པ་སྔོན་དུ་སོང་བ་ཅན་ཉིད་ཡིན་པར་གྱུར་བ་དེ་ལྟར་ན་སྐྱེ་བ་སྔ་མ་གྲུབ་པ་ཡིན་ནོ། །འཇིག་རྟེན་སྔ་མར་གོམས་པ་སྔོན་དུ་སོང་བ་ཅན་མེད་ན་མི་རིགས་པ་དེའི་དབང་གིས་གོམས་པ་སྔོན་དུ་སོང་བ་ཅན་དུ་གྲུབ་པ་ཡིན་ནོ། །ཞེས་དང་། སྔོན་སྐྱེ་བ་མང་བོར་སྤྲེུའུར་གྱུར་བ་ཞིག་ཕྱིས་མིར་སྐྱེས་ཏེ་འདོད་ཆགས་དང་བྲལ་བ་ན་ཡང་སྔོན་གོམས་པའི་དབང་གིས་བསོད་སྙོམས་ལ་སོགས་པར་རྒྱུ་བའི་དུས་ན་མཆོང་ཞིང་འགྲོ་བ་ཞེས་བྱ་བ་ནི་ལུང་ཡིན་ནོ། །ཞེས་དང་། ཤི་བའི་ལུས་ལ་སོགས་པ་ལ་དབང་བོ་ཡོད་པར་ཐལ་བར་འགྱུར་བའི་ཕྱིར་སྔ་མ་བཞིན་དུ་སྐྱོན་དུ་འགྱུར་རོ། །ཞེས་གསུངས་པ་ལྟར་རོ། །གཞན་ཡང་། སྐྱེ་བ་སྔ་མ་ཡོད་དེ། མི་ཁ་ཅིག་ཤི་ཁར་ལུས་ཀྱི་ཆ་ཤས་ཞིག་ལ་ནག་པོ་སོགས་ཀྱི་རྟགས་བརྒྱབ་པ་ན། ཕྱིས་སུ་ཁྱིམ་གཞན་དུ་སྐྱེས་པའི་བྱིས་པ་ཁ་ཅིག་གི་ལུས་ལ་སྔར་གྱི་རྟགས་ཏེ་མ་ནོར་བར་ཡོད་པ་མངོན་སུམ་དུ་མཐོང་བའི་ཕྱིར། ཡང་འགའ་ཞིག་ལ་ཚིགས་བཅད་གཅིག་ལན་བརྒྱར་བཟླས་སུ་བཅུག་ཀྱང་ལོབ་པར་མི་འགྱུར་ལ། འགའ་ཞིག་གིས་འགོ་སྨོས་པ་ཙམ་གྱིས་ཤེས་པར་འགྱུར་བ་ཡང་སྔོན་གོམས་པ་ཡོད་མེད་ཀྱི་དབང་གིས་ཡིན་པའི་ཕྱིར། དེ་ལྟར་མི་ཚེ་འདིའི་སྟེང་གི་དབུལ་ཕྱུག་དང་མཁས་བླུན་བདེ་སྡུག་སོགས་ནི་འཕྲལ་གྱི་རྐྱེན་ལའང་ཅུང་ཟད་ལྟོས་མོད། དེ་ལྟར་གྱུར་བའི་རྒྱུའི་གཙོ་བོ་ནི་ཚེ་རབས་སྔ་མ་རྣམས་སུ་གང་ལ་གོམས་ཆེ་བ་དང་། བསོད་ནམས་དང་བསོད་ནམས་མ་ཡིན་པའི་ལས་བཟང་ངན་གྱི་བག་ཆགས་ཀྱི་གཟུགས་བརྙན་ལྟ་བུ་དེ་དག་མི་ཚེ་འདིའི་སྟེང་དུ་ཤར་བ་ཡིན་ནོ། །དེ་ལ་ཕྱི་རོལ་མཛེས་པ་དག་ན་རེ། བློ་ནི་ལུས་ལ་བརྟེན་པའི་ཕྱིར། །གོམས་པས་གྲུབ་པ་མེད་ཅེ་ན། །ཞེས་མི་ཡི་སེམས་ནི་མི་ཡི་ལུས་ལ་བརྟེན་ནས་གནས་པ་ཡིན་པས་ན། ལུས་འཇིག་པ་ན་སེམས་ཀྱང་མེད་དགོས་པའི་ཕྱིར། དེས་ན་སྐྱེ་བ་སྔ་མ་མེད་པས་སྐྱེ་བ་སྔོན་ལ་རིག་པའི་གནས་སོགས་ལ་གོམས་པ་ག་ལ་ཡོད་ཅེས་ཟེར་རོ། །དེའི་ལན་དུ་རིགས་པའི་དབང་ཕྱུག་གིས། སྐྱེ་བ་ཡོངས་སུ་ལེན་པ་ན། །འབྱུང་རྔུབ་དབང་པོ་བློ་དག་ནི། །རང་གི་རིགས་ལ་ལྟོས་མེད་ཅན། །ལུས་ཉིད་འབའ་ཞིག་ལས་སྐྱེས་མིན། །ཧ་ཅང་ཐལ་ཕྱིར། ཞེས་གསུངས། དོན་ནི་སེམས་ཅན་གང་ཞིག་མིའི་སྐྱེ་བ་བླངས་ཏེ་ཕྱི་རོལ་ཏུ་བཙས་པ་ན། བྱིས་པ་དེས་དབུགས་འབྱུང་རྔུབ་བྱེད་པ་དང་། མིག་རྣའི་དབང་བོ་གསལ་བ་དང་། ཡིད་ཀྱི་རྣམ་པར་ཤེས་པས་བཟའ་བཏུང་སོགས་ཤེས་པ་ནི་རང་གི་རྫས་རྒྱུན་རིགས་འདྲ་སྔ་མའི་རྒྱུ་དབང་བོ་དང་རྣམ་ཤེས་སོགས་རང་གི་ཉེར་ལེན་གྱི་རྒྱུ་ལ་བརྟེན་ནས་གྲུབ་པ་ཡིན་གྱི། དེ་ལྟར་མ་ཡིན་པར་ས་སོགས་འབྱུང་བ་འབའ་ཞིག་ལས་དབང་བོ་དང་ཡིད་ཀྱི་རྣམ་པར་ཤེས་པ་དང་ལྡན་པའི་སེམས་ཅན་སྐྱེ་བར་འདོད་ན་ཧ་ཅང་ཐལ་ཏེ། ས་རྡོ་ཆུ་ཤིང་དག་ལ་ཡང་དབང་བོ་ལྔ་དང་རྣམ་པར་ཤེས་པ་དྲུག་སོགས་འབྱུང་བར་འགྱུར་རོ། །གཞན་དུ་ན་འབྱུང་བ་ས་ཆུ་མེ་རླུང་ཐམས་ཅད་སེམས་ལྡན་དང་སེམས་ཅན་དུ་ཐལ་ལོ། །བཙས་མ་ཐག་པའི་བྱིས་པའི་དབང་བོ་དང་སེམས་སོགས་རང་གི་རིགས་འདྲ་སྔ་མའི་ཉེར་ལེན་གྱི་རྒྱུ་ལ་ལྟོས་པ་མེད་པར་འབྱུང་བ་འབའ་ཞིག་ལས་དབང་བོ་དང་རྣམ་ཤེས་སོགས་སྐྱེས་པ་ཡིན་ན། དེ་ལྟར་ཐལ་བར་ཡང་འགྱུར་ཏེ། གང་དུ་དྲོད་གཤེར་ལ་སོགས་པ། །སྐྱེ་བོ་སྐྱེ་བར་མི་འགྱུར་བའི། །ས་ཕྱོགས་ཆ་དེ་འགའ་ཡང་མེད། །དེ་ཕྱིར་ཐམས་ཅད་ས་བོན་བདག །དེ་ཕྱིར་དབང་སོགས་རང་རིགས་གསལ། །བལྟོས་མེད་པར་ནི་འབྱུང་ཡིན་ན། །ཅི་ལྟར་ཅིས་ནི་ཡོངས་འགྱུར་བཞིན། །ཀུན་འགྱུར་ཁྱད་པར་མེད་ཕྱིར་རོ། །ཞེས་གསུངས་སོ། །དོན་ནི་ཕྱོགས་སྔ་ཁྱོད་ལྟར་ན། གང་དུ་དྲོད་གཤེར་སྐྱེས་ལ་སོགས་པ་སེམས་ཅན་སྐྱེ་བར་མི་འགྱུར་བའི་ས་ཕྱོགས་ཀྱི་ཆ་དེ་འགའ་ཡང་མེད་པས། ས་ལ་སོགས་པའི་འབྱུང་བ་ཐམས་ཅད་སྲོག་ཆགས་ཀྱི་ས་བོན་གྱི་བདག་ཉིད་དུ་འགྱུར་རོ། །དེའི་ཕྱིར་དབང་བོ་ལྔ་དང་རྣམ་པར་ཤེས་པ་དྲུག་སོགས་རང་གི་ཉེར་ལེན་གྱི་རྒྱུ་རྫས་རྒྱུན་རིགས་འདྲ་སྔ་མའི་ཉེར་ལེན་གྱི་རྒྱུ་དབང་བོ་དང་བློ་ལ་བལྟོས་པ་མེད་པར་འབྱུང་བའི་ཆ་འགའ་ཞིག་དབང་བློ་སོགས་སུ་གྱུར་བ་ཡིན་ན། ཇི་ལྟར་འབྱུང་བའི་ཆ་འགའ་ཞིག་སེམས་ཅན་དུ་འགྱུར་ལ། འགའ་ཞིག་སེམས་ཅན་དུ་འགྱུར་མི་ནུས་པའི་རྒྱུ་མཚན་མེད་པའི་ཕྱིར་ཞེས་པའོ།།
ཡང་གསུངས་པ། དབང་རྣམས་རེ་རེ་ལ་གནོད་ན། །ཡིད་བློ་ལ་གནོད་ཡོད་མ་ཡིན། །འདི་འགྱུར་ན་ནི་དེ་དག་ཀྱང་། །འགྱུར་བ་དག་ཏུ་མཐོང་བ་ཡིན། །དེས་ན་ལུས་ཡིད་བློ་ལ་བརྟེན། །དེའི་ཕྱིར་བློ་གནས་པ་ཡི་རྟེན། །བློ་ཉིད་ལ་ནི་བརྟེན་པ་འགའ། །དབང་བོ་རྣམས་ཀྱི་རྒྱུ་ཡིན་པས། །དེ་ཕྱིར་བློ་ལས་དབང་བོ་ཡིན། །དེ་འདྲའི་ཕན་བྱེད་ཡོད་གྱུར་ན། །ཕྱིས་ཀྱང་དེ་འདྲར་འགྱུར་བ་ཡིན། །ཞེས་མིག་སོགས་དབང་བོ་རྣམས་ལས་རེ་རེ་གཉིས་རེ་ཙམ་ལ་འགལ་རྐྱེན་གཞན་གྱིས་གནོད་པར་གྱུར་ནའང་། ཡིད་ཀྱི་རྣམ་པར་ཤེས་པ་ལ་གནོད་པ་མེད་པའི་ཕྱིར་དང་། ཡིད་ཀྱི་རྣམ་པར་ཤེས་པ་ལ་རྐྱེན་གཞན་གྱིས་གནོད་པར་གྱུར་ན་ནི། མིག་རྣའི་དབང་བོ་སོགས་འགྱུར་བར་མཐོང་བས་ན། དབང་བོ་གཟུགས་ཅན་ལྔ་དང་ལུས་ནི་ཡིད་ཀྱི་རྣམ་པར་ཤེས་པ་ལ་བརྟེན་པ་ཡིན་གྱི། ཡིད་ཀྱི་རྣམ་པར་ཤེས་པ་ནི་དེ་དག་ལ་བརྟེན་པ་མ་ཡིན་ནོ། །དེའི་ཕྱིར་ལུས་ནི་རྩིག་པ་ལྟ་བུ་དང་། ཡིད་ཀྱི་རྣམ་པར་ཤེས་པ་ནི་དེ་ལ་བརྟེན་པའི་རི་མོ་ལྟ་བུ་མ་ཡིན་ནོ། །མཛོད་ལས། དྲུག་པའི་རྟེན་ནི་རབ་སྒྲུབ་ཕྱིར། །ཁམས་ནི་བཅོ་བརྒྱད་དག་ཏུ་འདོད། །ཞེས་གསུངས་པ་ལྟར། ཡིད་དབང་ལ་བརྟེན་པའི་ཡིད་ཀྱི་རྣམ་པར་ཤེས་པ་འགའ་ཞིག་ནི། གཟུགས་མེད་ནས་འདོད་གཟུགས་སུ་སྐྱེས་པ་རྣམས་ཀྱི་དབང་བོ་ལྔའི་ལྷན་ཅིག་བྱེད་རྐྱེན་ཡིན་པས། སེམས་ལས་དབང་བོ་གཟུགས་ཅན་རྣམས་སྐྱེས་པ་ཡིན་ནོ། །སྐྱེ་བ་སྔོན་མ་འཆི་ཁ་མའི་རྒྱུད་ཀྱི་ཡིད་ཀྱི་རྣམ་པར་ཤེས་པ་དེ། རང་གི་རིགས་འདྲ་ཕྱི་མའི་ཡིད་ཀྱི་རྣམ་ཤེས་ཀྱི་ཉེར་ལེན་གྱི་རྒྱུ་ཡིན་པས་ན། སྐྱེ་བ་ཕྱི་མ་རྣམས་སུ་ཡང་དེ་དང་འདྲ་བར་སྐྱེ་བ་གཅིག་ནས་གཅིག་ཏུ་རྒྱུད་པའི་ཚེ་རབས་སྔ་མ་སྔ་མའི་ཡིད་ཀྱི་རྣམ་པར་ཤེས་པ་དེ་དང་དེ། སྐྱེ་བ་ཕྱི་མ་ཕྱི་མའི་ཡིད་ཀྱི་རྣམ་པར་ཤེས་པའི་ཉེར་ལེན་གྱི་རྒྱུར་འགྱུར་བར་གསུངས་སོ། །དེ་ཡང་ཡིན་ཏེ། སྐད་ཅིག་སྔ་མ་སྔ་མ་ནི། །སྐད་ཅིག་རེ་རེ་སྔོན་མེད་དེ། །རྒྱུ་ཡིན་དེ་ཡི་ཕྱིར་ན་རྒྱུ། །ཐམས་ཅད་ཚེ་ན་མཐོང་བ་ཉིད། །ཅེས་སྔར་སྐྱེ་བ་ལེན་པའི་དུས་སུ་དབང་བོ་དང་ཡིད་ཀྱི་རྣམ་པར་ཤེས་པ་སྐད་ཅིག་སྔ་མ་སྔ་མ་དེ་དག སྔོན་མེད་པའི་ཚེ་རབས་ཕྱི་མ་ཕྱི་མའི་དབང་བོ་དང་རྣམ་ཤེས་སོགས་ཀྱི་ཉེར་ལེན་གྱི་རྒྱུ་ཡིན་པ་དེ་ཡི་ཕྱིར་ན། དབང་བོ་རྣམས་དང་ཡིད་ཀྱི་རྣམ་པར་ཤེས་པ་སྐད་ཅིག་སྔ་མ་སྔ་མ་ཕྱི་མ་ཕྱི་མའི་ཉེར་ལེན་དུ་ཚེ་རབས་ཐམས་ཅད་ཀྱི་ཚེ་ན་མཐོང་བར་འགྱུར་ཞེས་གསུངས་པ་ཡིན་ནོ།།
ཡང་ཆད་པར་སྨྲ་བ་ལ་ལ་ན་རེ། དངོས་པོ་རྣམས་ནི་རྒྱུ་ལས་མ་སྐྱེས་པར་རང་བྱུང་དུ་གྲུབ་པ་ཡིན་ཏེ། དཔེར་ན། སྲན་མ་རིལ་བོ་དང་། ཚེར་མའི་རྩེ་མོ་རྣོ་བ་ལ་སོགས་པ་བཞིན་ནོ་ཞེས་ཟེར་རོ། །དེ་དག་ལ་རྒྱུ་མེད་པར་བཤད་པ་མི་འཐད་དེ། དེ་དག་ཏུ་འགྱུར་ངེས་ཀྱི་རྒྱུ་ས་བོན་སོགས་དང་། དེ་དག་སྐྱེ་བ་ལ་ཕན་འདོགས་བྱེད་ཀྱི་ལྷན་ཅིག་བྱེད་པའི་རྐྱེན་སོགས་ཡོད་པའི་ཕྱིར། དེ་ལྟར་ཡང་རིགས་པའི་དབང་ཕྱུག་གིས། ཇི་ལྟར་ཚེར་མ་ལ་སོགས་ཀྱི། །རྣོ་བ་ཉིད་སོགས་རྒྱུ་མེད་པ། །དེ་ལྟར་འདི་དག་རྒྱུ་མེད་པར། །ཞེས་ནི་ཁ་ཅིག་རབ་ཏུ་བརྗོད། །ཅེས་ཕྱོགས་སྔ་མའི་འདོད་པ་བརྗོད་ནས་དེ་དག་དགག་པ་ནི། གང་ཡོད་ཉིད་ན་གང་སྐྱེའམ། །གང་འགྱུར་ན་ཡང་རྣམ་འགྱུར་བ། །དེ་ནི་དེ་རྒྱུར་རབ་ཏུ་འདོད། །དེ་ནི་དེ་རྣམས་ལ་ཡང་ཡོད། །ཅེས་དངོས་པོ་གང་ཞིག་ཆོས་དེ་ལ་ཕན་འདོགས་བྱེད་དུ་ཡོད་ན། འབྲས་བུ་གང་ཞིག་སྐྱེ་བའམ། །ཆོས་གང་ཞིག་འགྱུར་ན་དངོས་བོ་དེ་ཡང་འགྱུར་བར་གྱུར་ན། དངོས་བོ་དེ་ཆོས་དེ་ཡི་རྒྱུར་མཁས་པ་རྣམས་ཀྱིས་འདོད་དེ། དེ་ལྟ་བུའི་རྒྱུ་ནི་ཚེར་མ་རྣོ་བ་དང་། རྨ་བྱའི་མདོངས་ཀྱི་རི་མོ་སོགས་ལའང་ཡོད་པའི་ཕྱིར། ཞེས་གསུངས་པ་ཡིན་ནོ། །ཇི་སྐད་གསུངས་པ་ལྟར་ཡིན་ཏེ། གཞན་དུ་ན་གཡག་གི་ར་རྩེ་རྣོ་བ་དང་། རྟའི་རྔ་མ་རིང་བ་སོགས་ཀྱང་རྒྱུ་ལ་མ་ལྟོས་པར་ངོ་བོ་ཉིད་ཀྱིས་རང་གྲུབ་ཡིན་པར་ཐལ་ལོ། །སློབ་དཔོན་ཟླ་བ་གྲགས་པས། གལ་ཏེ་རྒྱུ་མེད་ཁོ་ནར་སྐྱེ་བར་ལྟ་ཞིག་འགྱུར་ན་ནི། །དེ་ཚེ་མཐའ་དག་རྟག་ཏུ་ཐམས་ཅད་ལས་ཀྱང་སྐྱེ་འགྱུར་ཞིང་། །འབྲས་འབྱུང་ཆེད་དུ་འཇིག་རྟེན་འདི་ཡིས་ས་བོན་ལ་སོགས་ནི། །བརྒྱ་ཕྲག་དག་གི་སྒོ་ནས་སྡུད་པར་བྱེད་པར་ཡང་མི་འགྱུར། །གལ་ཏེ་འགྲོ་བ་རྒྱུ་ཡིས་སྟོང་བར་གྱུར་ན་ནམ་མཁའ་ཡི། །ཨུད་པ་ལ་ཡི་དྲི་མདོག་ཇི་བཞིན་གཟུང་དུ་མེད་ཉིད་ན། །ཤིན་ཏུ་ཆེས་བཀྲའི་འཇིག་རྟེན་འཛིན་པ་འང་ཡིན་ཏེ་ཕྱིར། །རང་གི་བློ་བཞིན་འཇིག་རྟེན་རྒྱུ་ལས་ཡིན་པར་ཤེས་པར་གྱིས། །འབྱུང་བ་དེ་དག་བདག་ཉིད་གང་ཞིག་གིས་ནི་ཁྱོད་ཀྱི་བློའི། །ཡུལ་དུ་གྱུར་བ་དེ་ཡི་བདག་ཉིད་ཅན་ནི་མ་ཡིན་ནོ། །གང་ལ་ཡིད་ཀྱི་མུན་པ་འཐུག་པོ་འདི་ཉིད་དུ་ཡོད་པ། །དེས་ནི་ཇི་ལྟར་འཇིག་རྟེན་ཕ་རོལ་ཡང་དག་རྟོགས་པར་འགྱུར། །འཇིག་རྟེན་ཕ་རོལ་འགོག་པར་བྱེད་པའི་དུས་སུ་བདག་ཉིད་ནི། །ཤེས་བྱའི་རང་བཞིན་ཕྱིན་ཅི་ལོག་ཏུ་ལྟ་བར་རྟོགས་བྱ་སྟེ། །དེ་ཡི་ལྟ་བའི་རྣམ་པའི་རྟེན་མཚུངས་ལུས་དང་ལྡན་ཉིད་ཕྱིར། །གང་ཚེ་འབྱུང་བའི་བདག་ཉིད་ཡོད་ཉིད་ཁས་ལེན་དེ་ཚེ་བཞིན། །འབྱུང་བ་དེ་དག་ཇི་ལྟར་ཡོད་མིན་དེ་ལྟར་བཤད་ཟིན་ཏེ། །ཞེས་གསུངས་སོ། །དོན་ནི། འཇིག་རྟེན་རྒྱང་འཕེན་པ་དག་ན་རེ། དངོས་པོ་རྣམས་ནི་རྒྱུ་མེད་ལས་སྐྱེ་བ་ཡིན་ཏེ། དཔེར་ན། པདྨ་ལ་སོགས་པའི་མེ་ཏོག་རྣམས་ཀྱི་མདོག་དབྱིབས་དང་། རྨ་བྱའི་མདོངས་ཀྱི་རི་མོ་ལ་སོགས་པ་ལྟ་བུའོ། །ཞེས་ཟེར་བ་ནི་མི་འཐད་དེ། གལ་ཏེ་དངོས་པོ་ཐམས་ཅད་རྒྱུ་མེད་པ་ཁོ་ནས་སྐྱེ་བར་ལྟ་ཞིག་འགྱུར་ན་ནི། དེ་ཚེ་དངོས་པོ་མཐའ་དག་དུས་ལ་ལྟོས་པ་མེད་པར་རྟག་ཏུ་འབྲེལ་བ་མེད་པ་ཐམས་ཅད་ལས་ཀྱང་སྐྱེ་བར་འགྱུར་ཞིང་། སྟོན་ཐོག་ལོ་འབྲས་འབྱུང་བའི་ཆེད་དུ་འཇིག་རྟེན་འདི་ཡི་ས་བོན་ལ་སོགས་པ་དཔྱིད་དུས་སུ་ཞིང་དུ་བཏབ་ཏེ། སོ་ནམ་གྱི་ཐབས་བརྒྱ་ཕྲག་དག་གི་སྒོ་ནས་སྟོན་དུས་དེ་དག་སྡུད་པར་བྱེད་པར་ཡང་མི་འགྱུར་རོ། །གལ་ཏེ་འགྲོ་བ་འདི་རྣམས་རང་རང་སྐྱེད་པའི་རྒྱུ་ཡིས་སྟོང་བར་གྱུར་ན། མི་ལ་སོགས་པའི་འགྲོ་བ་རྣམས་ནམ་མཁའི་ཨུད་པ་ལའི་དྲི་མདོག་ཇི་ལྟ་བ་བཞིན་གཟུང་དུ་མེད་པ་ཉིད་དུ་འགྱུར་ན། སེམས་ཅན་འདི་དག་ནི་ཤིན་ཏུ་ཆེས་བཀྲ་བའི་འཇིག་རྟེན་འཛིན་པ་ཡིན་པས་སོ། །དེའི་ཕྱིར་རང་གི་མིག་ཤེས་གཟུགས་ལས་སྐྱེ་བ་དེ་བཞིན་དུ་འཇིག་རྟེན་མཐའ་དག་རང་རང་གི་རྒྱུ་ལས་སྐྱེ་བ་ཡིན་པར་ཤེས་པར་གྱིས་ལ། ས་ལ་སོགས་པའི་འབྱུང་བ་དེ་དག་སློབ་དཔོན་ངན་པའི་བདག་ཉིད་ཅན་གང་ཞིག་གིས་ཁྱོད་ཀྱི་བསམ་པའི་ངོར་བཞག་པ་ལྟར་དུ། འབྱུང་བ་རྣམས་ནི་སེམས་དེ་ཡི་བདག་ཉིད་ཅན་དུ་ཡོད་པ་མ་ཡིན་ནོ། །སྐྱེ་བོ་གང་ལ་འཇིག་རྟེན་ཕ་རོལ་སྒྲིབ་པའི་ཡིད་ཀྱི་མུན་པ་མ་རིག་པ་འཐུག་པོ་ཡོད་པ་དེས་ནི། ཇི་ལྟར་འཇིག་རྟེན་ཕ་རོལ་ཡོད་མེད་ཡང་དག་པར་རྟོགས་པར་འགྱུར། འཇིག་རྟེན་ཕ་རོལ་འགོག་པར་བྱེད་པའི་དུས་སུ་རྒྱང་ཕན་པ་བདག་ཉིད་ཀྱིས་ནི། ཤེས་བྱའི་གནས་ཚུལ་གྱི་རང་བཞིན་ཕྱིན་ཅི་ལོག་ཏུ་ལྟ་བར་རྟོགས་པར་བྱ་སྟེ། རྒྱང་ཕན་ཁྱོད་ནི་འཇིག་རྟེན་ཕ་རོལ་མེད་ཅེས་ལོག་པར་ལྟ་བའི་རྣམ་པའི་རྟེན་དུ་མཚུངས་པའི་ལུས་དང་ལྡན་པ་ཉིད་ཡིན་པའི་ཕྱིར། རྒྱང་ཕན་གྱིས་གང་གི་ཚེ་འབྱུང་བའི་བདག་ཉིད་ཅན་གྱི་སེམས་ཡོད་པ་ཉིད་དུ་ཁས་ལེན་པ་དེ་ཚེ་ཡང་ལོག་ལྟའི་ལུས་ཁོག་དང་ལྡན་པར་ཤེས་པར་ཞེས་པའོ། །ཡང་ཚུ་རོལ་མཛེས་པ་པ་ཁ་ཅིག་ན་རེ། མི་རྣམས་ཀྱི་སྐྱེ་བ་ཕྱི་མ་མེད་པས། སྐྱེ་བ་ཕྱི་མར་འཇུག་པའི་བར་སྲིད་པ་ཡང་མེད་དོ། །དེ་མེད་པའི་རྒྱུ་མཚན་གང་ཞེ་ན། ཁོ་བོ་སོགས་སེམས་ཅན་གྱིས་མ་མཐོང་བའི་ཕྱིར་ཞེས་ཟེར་རོ། །འདི་ནི་རང་དགར་སྐྱེ་བ་སྔ་ཕྱི་མེད་པར་འདོད་ཀྱང་མེད་པའི་རྒྱུ་མཚན་བཤད་རྒྱུས་འཕོང་ནས་སྨྲས་པ་སྟེ། སྐྱེ་བ་སྔ་ཕྱི་དང་བར་དོ་བ་མེད་པའི་རྒྱུ་མཚན་དུ་ཁོ་བོས་མ་མཐོང་བ་སྨྲ་ན། འཇིག་རྟེན་གྱི་ཁམས་ན་ཁྱེད་ཅག་གིས་མ་མཐོང་བའི་ཤེས་བྱ་མཐའ་ཡས་པ་ཡོད་པས་དེ་ཐམས་ཅད་མེད་པར་སྨྲ་འམ་ཅི། དེ་ལྟར་ཡང་འདོད་ན་སྤྱི་ལོ་ ༡༩༨༠ ལོའི་ཕན་ཆད་ཀྱི་རྒྱལ་རབས་དང་མི་རབས་ཐམས་ཅད་དང་། ད་ནས་ལོ་བརྒྱ་ཕན་ཆད་དུ་སྐྱེ་བའི་མི་སྲོག་ལོངས་སྦྱོད་ཐམས་ཅད་མེད་པར་ཁས་ལོངས་ཤིག་དང་། ད་ལྟའི་འཇིག་རྟེན་ཁམས་ཀྱི་མི་སུས་ཀྱང་མ་མཐོང་ཞིང་མི་མཐོང་བས་སོ། །གཞན་ཡང་། ཁྱོད་ཅག་གི་ཕ་མའི་རབས་དྲུག་བདུན་ཡན་ཆད་དང་། ཁྱེད་ཅག་གི་མི་རྒྱུད་ཚ་བོ་ཡང་ཚ་གསུམ་སོགས་མཐོང་སྲིད་པ་ལས། དྲུག་ཚ་བདུན་ཚ་སོགས་ཀྱང་མེད་པར་ཁས་ལོངས་ཤིག་དང་མ་མཐོང་པའི་ཕྱིར་རོ། །དོན་འདི་ཐུགས་ལ་བཞག་ནས་སློབ་དཔོན་གྱིས། མ་མཐོང་ཕྱིར་ན་མེད་པ་མིན། །ཞེས་གསུངས་པ་ཡིན་ནོ། །བར་སྲིད་པ་ནི་མངོན་པར་ཤེས་པ་ལྔའི་ནང་གི་ལྷའི་མིག་གི་མངོན་ཤེས་དང་། འགྲོ་བ་གང་དུ་སྐྱེ་བར་འགྱུར་བའི་བར་སྲིད་པ་རང་རང་རིགས་མཐུན་པ་རྣམས་ཀྱིས་མཐོང་གི་མི་རང་བཞིན་པ་རྣམས་ཀྱི་མིག་གིས་མི་མཐོང་ངོ་། །དེ་ལྟར་ཡང་མངོན་པ་མཛོད་ལས། རིགས་མཐུན་ལྷ་མིག་དག་པས་མཐོང་། །ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །དབང་བོ་ཀུན་ཚང་ཐོགས་མེད་ལྡན། །ཞེས་གསུངས་པ་ལྟར་རོ། །ཡང་ཁོ་ན་རེ། ཚེ་འདི་ནས་འཕོས་ཏེ་བར་སྲིད་པ་སྐྱེ་བ་ཕྱི་མར་འགྲོ་བ་དང་། ཚེ་རབས་སྔ་མ་ནས་སྐྱེ་བ་འདིའི་སྐྱེ་སྲིད་དུ་འཇུག་པའི་བར་སྲིད་པ་མ་མཐོང་བས། བར་དོ་བ་མངལ་གྱི་གནས་སུ་སྐྱེ་བ་ལེན་པ་མེད་དོ་ཞེས་ཟེར་བ་ལ། སློབ་དཔོན་གྱིས། གལ་ཏེ་འགྲོ་འོང་མ་མཐོང་ན། །དབང་བོ་མི་གསལ་ཕྱིར་མ་མཐོང་། །དཔེར་ན་མིག་མི་གསལ་བ་ཡིས། །དུ་བ་ཆུང་ངུ་མི་མཐོང་བཞིན། །ཞེས་གསུངས་སོ། །དོན་ནི། ཚུ་རོལ་མཛེས་པ་པ་ཁྱོད་ཀྱིས་བར་སྲིད་པ་མི་མཐོང་བ་ནི། ཁྱོད་ཀྱི་མིག་གི་དབང་བོ་མི་གསལ་བས་མ་མཐོང་བ་ཡིན་གྱི། བར་སྲིད་པ་གཏན་ནས་མེད་པས་མ་མཐོང་བ་མིན་ཏེ། དཔེར་ན། མིག་གི་དབང་བོ་མི་གསལ་དག་གིས་དུ་བ་ཕྲ་མོ་མི་མཐོང་ཡང་། དེ་དག་གི་མིག་གིས་མ་མཐོང་བས་དུ་བ་ཆུང་ངུ་མེད་པར་མི་འགྲོ་བ་བཞིན་ནོ། །ཞེས་པའོ། །བར་སྲིད་པ་ནི་སུ་གང་གི་ཀྱང་མ་མཐོང་བ་མིན་ཏེ། རིགས་མཐུན་ལྷ་མིག་དག་པས་མཐོང་། །ཞེས་བཤད་ཟིན་པའི་ཕྱིར་རོ། །ཡང་ཁོ་ན་རེ། མི་ཕལ་བས་སྲིད་པ་བར་མའི་ལུས་གཟུགས་མི་མཐོང་ན་ཡང་། དེའི་ལུས་གཟུགས་ཅན་ཡིན་ན་མི་ལུས་དང་རྩིག་པ་སོགས་ལ་ཐོགས་ཆོག་པ་ལ། སུ་ལ་ཡང་མི་ཐོགས་པའི་ཕྱིར་ཟེར་བ་ལ། སློབ་དཔོན་གྱིས། ལུས་ཅན་ཡིན་ཡང་ཕྲ་བའི་ཕྱིར། །འགའ་ཞིག་ལ་ལར་ཐོགས་མེད་དེ། །ཆུ་བཞིན་གསེར་བཞིན་དངུལ་ཆུ་བཞིན། །མ་མཐོང་ཕྱིར་ན་མེད་པ་མིན། །ཞེས་གསུངས་སོ། །དོན་ནི། བར་སྲིད་པའི་ལུས་དེ་གཟུགས་ཅན་ཡིན་ཡང་། བར་དོ་བའི་རླུང་ལུས་དེ་ཤིན་ཏུ་ཕྲ་བའི་ཕྱིར་ན། སེམས་ཅན་འགའ་ཞིག་གི་ལུས་དང་རྩིག་པ་སོགས་གཟུགས་ཅན་ལ་ལར་ཐོགས་མེད་དེ། དཔེར་ན། རྫ་སོ་མ་བཏང་བ་ལ་ཆུ་ཡི་མི་ཐོགས་པ་དང་། གསེར་ལ་དངུལ་ཆུ་མི་ཐོགས་པ་བཞིན་ནོ། །ཞེས་གསུངས་པའོ།།
ཡང་ཀླ་ཀློ་ཁ་ཅིག་ན་རེ། མི་ཡི་སྐྱེ་བ་སྔ་ཕྱི་ནི་མེད་ཀྱང་། མངལ་དུ་བྱིས་པ་དག་གི་གྲུབ་ཚུལ་ནི། ཕའི་ས་བོན་ལས་བྱུང་བའི་སྲིན་འབུ་ལ་ལ་མངལ་གྱི་བྱིས་པ་དེར་འགྱུར་བ་ཡིན་ནོ་ཞེས་ཟེར་རོ། །གནས་མ་ཡིན་པའི་དོགས་པ་འདི་འདྲ་ནི་སྔོན་གྱི་ཕྱི་ནང་གི་གྲུབ་མཐའ་སྨྲ་བ་དང་མཁས་པ་སུ་ལའང་མ་བྱུང་ངོ་། །དེ་ལ་འདི་འདྲི་བར་བྱ་སྟེ། ས་བོན་ན་གནས་པའི་སྲིན་འབུ་དེ་ཡི་ལུས་མ་འགྱུར་བར་མིར་གྱུར་བ་ཡིན་ནམ། ལུས་འགྱུར་ཞིང་བརྗེས་ནས་མིར་གྱུར་བ་ཡིན། དང་པོ་ལྟར་ན། སྲིན་འབུ་དེ་ཡི་ལུས་མ་དོར་བར་སྲིན་འབུ་དེ་ཀ་རང་བྱིས་པ་དེར་འགྱུར་དགོས་པས། སྲིན་འབུ་དེ་དང་བྱིས་པ་དེ་གཉིས་ཚེ་གཅིག་གིས་བསྡུས་པ་དང་། ལུས་རྟེན་གཅིག་གིས་བསྡུས་པ་ཞིག་ཡིན་པར་འགྱུར་དགོས་ན། དེ་ནི་མི་འཐད་དེ། མི་ནི་བདེ་འགྲོ་བ་ཡིན་ལ། སྲིན་འབུ་དེ་ནི་ཕའི་དྲོད་གཤེར་ལས་སྐྱེས་པའི་དུད་འགྲོ་ཡིན་པའི་ཕྱིར། གཞན་དུ་ན། བྱིས་པ་དེ་མིའི་མངལ་དུ་ཉིང་མཚམས་མ་སྦྱར་བའི་སྔོན་དུའང་ཡོད་པར་ཐལ། ཕའི་ས་བོན་ལ་གནས་པའི་སྲིན་འབུ་དེ་སྔོན་ནས་ཕའི་ལུས་ན་ཡོད་པ་གང་ཞིག་སྲིན་འབུ་དེ་དང་བྱིས་པ་དེ་གཉིས་ཀྱི་སྲོག་གི་དབང་བོ་གཅིག་དང་། ལུས་རྟེན་གཉིས་ཀ་ཡང་གཅིག་ཡིན་པའི་ཕྱིར། སྲིན་འབུ་དེ་ཉིད་ཀྱི་ངོ་བོ་མ་འགྱུར་བར་ཇེ་ཆེར་གྱུར་བའི་ཚེ་སྲིན་འབུ་དེ་ཉིད་མི་ཡིན་པར་ཐལ། སྲིན་འབུ་དེ་ཡི་ངོ་བོ་མ་འགྱུར་བར་མིར་གྱུར་བའི་ཕྱིར། སྤྱིར་ཡང་འཇིག་རྟེན་གྱི་ས་བོན་ཐམས་ཅད་ཀྱི་ངོ་བོ་མ་འགྱུར་བར་འབྲས་བུ་དེར་གྱུར་བ་ཞིག་མེད་དེ། དཔེར་ན་འབྲུ་རིགས་རྣམས་ཀྱི་ས་བོན་དང་ལ་ཕུག་སོགས་ཀྱི་ས་བོན་ལྟ་བུའོ། །སློབ་དཔོན་གྱིས། དངོས་གང་གང་ཞིག་མ་འགྱུར་བ། །དེ་དེ་ཉེར་ལེན་མི་རིགས་ཏེ། །བ་ལང་བ་མེན་ལ་སོགས་བཞིན། །ཞེས་ཇི་སྐད་གསུངས་པ་ལྟར་རོ།།
གཉིས་པ་ལྟར་ན་སྲིན་འབུ་དེ་ཉིད་བྱིས་པ་དེ་ཡི་སྐྱེ་བ་སྔ་མ་ཡིན་དགོས་པས་སྐྱེ་བ་སྔ་ཕྱི་མེད་པར་བཤད་པ་དང་འགལ་ལོ། །དེས་ན་ཕ་མའི་ཁུ་ཁྲག་མ་ཟད་བཤང་གཅི་ཁྲག་ཆུ་སེར་དོན་ལྔ་སྣོད་དྲུག་སོགས་སུའང་འབུ་སྲིན་མང་བོ་ཡོད་པ་མངོན་སུམ་དུ་མཐོང་བས། དྲོད་གཤེར་ལས་སྐྱེས་པའི་དུད་འགྲོ་འབུ་སྲིན་དེ་ཉིད་ལུས་མ་བརྗེས་པར་བདེ་འགྲོ་བ་མིར་གྱུར་བ་ནི་མི་སྲིད་དོ། །འོན་ཀྱང་མི་ཐ་མལ་བའི་ལུས་པོ་ཆགས་པའི་རྟེན་དུ་ས་བོན་ལས་བྱུང་པའི་འབུ་སྲིན་དེ་དག་ཀྱང་ལྷན་ཅིག་བྱེད་པའི་རྐྱེན་དུ་དགོས་པས། དེང་སང་ན་ཡང་ཕྲུ་གུ་ཆགས་པའི་དུས་ཚིགས་སུ་སླེབས་པ་ན་དུད་འགྲོ་ས་བོན་ལ་འབུ་སྲིན་དང་བཅས་པ་རིགས་མཐུན་གྱི་དུད་འགྲོ་མོ་གཞན་དང་གཞན་གྱི་མངལ་དུ་བླུག་པ་ལས་དུད་འགྲོ་སོ་སོའི་ཕྲུ་གུ་སྐྱེ་བའི་རྒྱུ་མཚན་ཡང་དེ་ཡིན་ནོ། །གཞན་དུ་ན་མོ་གཤམ་ལ་ཡང་བུ་ཡོད་པར་འགྱུར་ཏེ། ཕོ་མོ་དེ་དག་གི་ཁུ་ཁྲག་ཏུ་འབུ་སྲིན་མང་བོ་ཡོད་པའི་ཕྱིར། གཞན་ཡང་། བྱིས་པའི་ཕོ་བར་ཡོད་པའི་སྲིན་འབུ་རག་པ་དེ་རྣམས་དང་། བྱིས་པའི་ལུས་ཀྱི་ཆ་ཤས་གཞན་དང་གཞན་ན་གནས་པའི་སྲིན་འབུ་བརྒྱ་སྟོང་མང་བོ་ཡང་ཕ་མའི་ཁུ་ཁྲག་ལས་བྱུང་བ་ཡིན་ནམ། ཡང་ན་རྒྱུ་གཞན་ཞིག་ལས་བྱུང་བ་ཡིན་ཞེས་སོམས་ཤིག དེས་ན་ཚེ་རབས་ཀྱི་ཕྲེང་བར་གཅིག་ནས་གཅིག་ཏུ་རྒྱུད་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཡོད་པར་མ་ཟད། ཡིད་ཀྱི་རྣམ་པར་ཤེས་པའི་སྟེང་དུ་ས་སོགས་འབྱུང་བ་བཞིའི་ཁམས་ཀྱི་ནུས་པའང་ཡོད་དེ། རྡོ་རྗེ་གནད་བཞི་ལས། ཆུ་ནི་སེམས་ལས་བྱུང་བས་ན། །རྣམ་པར་ཤེས་པ་ཆུ་ཡི་ཁམས། །གལ་ཏེ་ཆུ་ཉིད་གཞན་དུ་ན། །ཤི་ནས་ཅི་སྟེ་ཆུ་མི་འབྱུང་། །མེ་ནི་སེམས་ལ་བྱུང་བས་ན། །ལུས་ལ་དྲོད་པ་ཉིད་དུ་ངེས། །རྣམ་ཤེས་འཕོས་པའི་ལུས་ལ་ནི། །ཅི་སྟེ་དྲོད་པ་ཉིད་མི་སྣང་། །རླུང་ནི་སེམས་ལས་བྱུང་བས་ན། །འབྱུང་འཇུག་དབུགས་ནི་དུ་བ་འདྲ། །ཡིད་ཤེས་འཕོས་པའི་ལུས་དག་ལ། །ཅི་སྟེ་འབྱུང་རྔུབ་འབྱུང་བ་མེད། །ས་ནི་སེམས་ལས་བྱུང་བས་ན། །ལྕི་བ་རུ་ནི་སྣང་བ་ཉིད། །རྣམ་ཤེས་འཕོས་པའི་ལུས་དག་ནི། །ཆུ་ཡི་སྟེང་དུ་ལྡིང་བའོ། །ཞེས་གསུངས་པ་ལྟར་རོ། །དེ་ཡང་ཡིན་ཏེ། དུད་འགྲོ་དག་གི་ལུས་ཇི་ཙམ་ཆུང་ཡང་དེའི་ལུས་རྣམ་པར་ཤེས་པ་དང་མ་བྲལ་ན། དབྱར་དུས་ཀྱི་ཉི་མའི་འོད་ཟེར་ཇི་ཙམ་ཚ་ཡང་དེའི་ལུས་སྐམ་པར་མི་འགྱུར་ཞིང་། ལུས་ཇི་ཙམ་ཆུང་ཡང་ལུས་རྣམ་པར་ཤེས་པ་དང་མ་བྲལ་ན་དགུན་དུས་སུ་ལྷགས་པས་ཁེངས་པར་མི་འགྱུར་རོ། །ཡིད་ཀྱི་རྣམ་ཤེས་ལ་རླུང་གི་ནུས་པ་ཡོད་པས། ལུས་རྣམ་ཤེས་དང་བྲལ་བ་ན་དབུགས་འབྱུང་འཇུག་མི་བྱེད་དོ། །རྣམ་ཤེས་ལ་སའི་ནུས་པ་ཡོད་པས་ལུས་རྣམ་ཤེས་དང་མ་བྲལ་བ་ཕལ་ཆེར་ཆུ་ཡི་སྟེང་དུ་བྱིང་བར་འགྱུར་ལ། ལུས་རྣམ་ཤེས་དང་བྲལ་བ་ན་བམ་རོ་ཆུ་ཁར་གཡེང་བ་མཐོང་བའི་ཕྱིར་རོ། །ཇི་སྐད་བཤད་པ་དེ་དག་གི་ལུས་ཡིད་ཀྱི་རྣམ་པར་ཤེས་པ་དང་མ་བྲལ་བའི་རྒྱུ་མཚན་གྱིས་མིན་ན། ལུས་ཆུང་ངུ་དེ་དག་དུས་དེ་དང་དེར་མི་ཁེངས་པ་དང་མི་སྐམས་པའི་རྒྱུ་མཚན་གཞན་མེད་པའི་ཕྱིར། བརྟག་གཉིས་ལས། རུས་པ་རྐང་དང་ཁུ་བ་ནི། །ཕ་ལས་ཐོབ་པ་གསུམ་དུ་བརྗོད། །པགས་པ་དང་ནི་ཤ་དང་ཁྲག །མ་ལས་སྐྱེས་པ་དེ་བཞིན་བརྗོད། །ཞེས་གསུངས་པ་ལྟར། ཕ་མའི་ཁུ་ཁྲག་དང་དེར་གནས་པའི་འབུ་སྲིན་དག་ཀྱང་མིའི་ལུས་རྟེན་འགྲུབ་པའི་རྒྱུ་ཙམ་ཡིན་ན་ཡང་། བྱིས་པ་དེའི་ལུས་ལ་ཞུགས་པའི་ཡིད་ཀྱི་རྣམ་པར་ཤེས་པ་ནི། མིར་སྐྱེ་བ་འཕེན་བྱེད་གྱི་ལས་ལས་གྲུབ་པའི་བར་སྲིད་པའི་ཡིད་ཀྱི་རྣམ་ཤེས་དེ་ཉིད་བྱིས་པ་དེའི་ཡིད་ཀྱི་རྣམ་ཤེས་སུ་གྱུར་པ་ཡིན་པས། འབུ་སྲིན་དེ་དང་འབུ་སྲིན་དེ་ཡི་རྣམ་ཤེས་མིར་གྱུར་བ་ནི་མ་ཡིན་ནོ། །འོ་ན་མིར་སྐྱེ་བར་འགྱུར་བའི་བར་སྲིད་པ་དེ་དག་མའི་མངལ་དུ་ཉིང་མཚམས་ཇི་ལྟར་སྦྱོར་ཞེ་ན། སློབ་དཔོན་དཔའ་བོས། ཁུ་ཁྲག་སྐྱོན་མེད་པར་སེམས་ཅན། །རང་ལས་ཉོན་མོངས་གྱིས་བསྐུལ་ནས། །ཚོགས་པའི་མངལ་དུ་འཆགས་འགྱུར་ཏེ། །གཙུབ་ཤིང་ལས་ནི་མེ་འབྱུང་མཚུངས། །ཞེས་དང་། ཡན་ལག་བརྒྱད་པའི་རང་འགྲེལ་ལས། དེ་ལ་སྔོན་གྱི་དྲང་སྲོང་ཆེན་པོ་རྒྱུན་ཤེས་ཀྱི་བུ་ལ་སོགས་པས་བཤད་པ་ན་རེ། ཐོག་མར་སེམས་ཅན་ཇི་ལྟར་སྐྱེ་ཞེ་ན། དང་བོ་ཕ་མའི་ཁུ་བ་དང་ཁྲག་དང་རླུང་ལ་སོགས་པ་སྐྱོན་མེད་པ་དང་། ལས་དང་ཉོན་མོངས་དང་ལྡན་པའི་རྣམ་པར་ཤེས་པ་དང་། དེ་དང་ལྷན་ཅིག་པའི་འབྱུང་བ་ནམ་མཁའ་ལ་སོགས་པའི་འབྱུང་བ་ཆེན་པོ་ལྔ་ཤིན་ཏུ་ཕྲ་བ་དབང་པོའི་ཡུལ་ལས་འདས་པ། རྣལ་འབྱོར་གྱི་ཡུལ་དུ་གྱུར་བ་དེ་དག་སྐད་ཅིག་ལ་མངལ་དུ་ཚོགས་ཤིང་འདུས་པ་ནི་རུམ་དུ་འཆགས་པ་ཞེས་བྱ་སྟེ། དཔེར་ན། གཙུབ་ཤིང་དང་། གཏན་པ་དང་། སྤྲ་བ་དང་། སྐྱེས་བུའི་ལག་གི་རྩོལ་བ་སྟེ། འདི་དག་ཚོགས་པ་ལས་མེ་འབྱུང་བ་བཞིན་ནོ། །དེ་ལྟར་འཆགས་ནས་མས་ཟས་ཟོས་པའི་དྭངས་མའམ། བཅུད་ཀྱི་ནུར་ནུར་བོ་དང་། མེར་མེར་བོ་ལ་སོགས་པར་རིམ་གྱིས་འགྱུར་ཞིང་འཕེལ་བར་འགྱུར་རོ། །དེ་ལ་རྣམ་པར་ཤེས་པ་དབང་བོའི་ཡུལ་ལས་འདས་པ་མའི་མངལ་དུ་ཇི་ལྟར་འཇུག་ཏུ་རུང་ཞེ་ན། དེ་ནི་མངོན་སུམ་གྱི་དཔེས་བསྟན་པར་བྱ་སྟེ། ཇི་ལྟར་ཉི་མའི་འོད་ཟེར་མེ་ཤེལ་ལ་ཕོག་པའི་དབང་གིས་རྩ་དང་ཤིང་ལ་སོགས་པ་བསྲེགས་པར་སྣང་ཡང་། ཤིང་ཡང་མེ་ཤེལ་ལ་རེག་པར་མི་སྣང་ལ། མེ་ཤེལ་ཡང་ཤིང་ལ་རེག་པར་མ་མཐོང་མོད་ཀྱང་ཚིག་པར་སྣང་བ་བཞིན་དུ། རྣམ་པར་ཤེས་པ་མངལ་གྱི་གནས་སུ་ཞུགས་པ་ཡང་མི་སྣང་བའི་སྒོ་ནས་འཇུག་པ་ཡིན་ནོ། །ཞེས་སྔོན་གྱི་དྲང་སྲོང་རྒྱུན་ཤེས་ཀྱི་བུ་ལ་སོགས་པའི་དྲང་སྲོང་ཆེན་པོ་རྣམས་དང་། སློབ་དཔོན་མཁས་པ་ཆེན་པོ་དཔའ་བོས་ཇི་སྐད་གསུངས་པ་ལྟར་ཤེས་པར་བྱའོ།།
འོ་ན་གང་ཟག་རང་འགའ་བ་རྣམས་སྲིད་པར་སྐྱེ་བའི་རྒྱུའི་གཙོ་བོ་གང་ཞེ་ན། ཐོག་མའི་མ་རིག་པ་དང་། གཉིས་པ་འདུ་བྱེད་ཀྱི་ལས་དག་ཀྱང་འཁོར་བ་སྐྱེ་བྱེད་ཀྱི་རྒྱུའི་གཙོ་བོ་ཡིན་མོད་ཀྱང་། ཉེ་བའི་རྒྱུའི་གཙོ་བོ་ནི་སྲེད་པ་ཉིད་ཡིན་ཏེ། སློབ་དཔོན་གྱིས། སྡུག་བསྔལ་ཕྱིན་ཅི་ལོག་བློ་དང་། །སྲེད་པའི་ཀུན་ནས་འཆིང་བ་ནི། །སྐྱེ་རྒྱུ་གང་ལ་དེ་མེད་པ། །དེ་ནི་སྐྱེ་བར་མི་འགྱུར་རོ། །ཞེས་སྲེད་པ་མེད་ན་སྲིད་པར་ལས་ཀྱིས་སྐྱེ་བར་མི་འགྱུར་བར་གསུངས་ཤིང་། བདག་ཏུ་ཆགས་པའི་རྒྱུ་ཉིད་ལས། །བདེ་མིན་བདེ་བར་འདུ་ཤེས་པས། །ཀུན་ལ་རབ་ཏུ་འཇུག་འགྱུར་བ། །དེ་ཕྱིར་སྲེད་པ་སྲིད་རྟེན་ཡིན། །ཞེས་དང་། མི་ཤེས་སྲིད་པའི་རྒྱུ་ཡིན་ཀྱང་། །མ་བརྗོད་སྲེད་པ་ཉིད་བཤད་པ། །རྒྱུ་ནི་འཕེལ་བར་བྱེད་ཕྱིར་དང་། །དེ་མ་ཐག་ཕྱིར་ལས་ཀྱང་མིན། །དེ་ཡོད་ན་ཡོད་མེད་ཕྱིར་རོ། །ཞེས་སོ། །དོན་ནི། མ་རིག་པ་སྲིད་པར་སྐྱེ་བའི་རྒྱུ་ཡིན་ཀྱང་། ཀུན་འབྱུང་གི་སྐབས་འདིར་མདོ་ལས། ཀུན་འབྱུང་འཕགས་པའི་བདེན་པ་གང་ཞེ་ན། སྲེད་པ་འདི་ནི་ཀུན་འབྱུང་བ་ཅན་དགའ་བའི་འདོད་ཆགས་དང་ལྡན་པ་དེ་དང་དེར་མངོན་པར་དགའ་བ་ཅན་ཏེ། འདི་ལྟ་སྟེ། འདོད་པའི་སྲེད་པ་དང་། སྲིད་པའི་སྲེད་པ་དང་། འཇིག་པའི་སྲེད་པའོ། །ཞེས་མ་རིག་པ་སྲིད་པའི་རྒྱུ་ཡིན་ཀྱང་སྐབས་འདིར་མདོ་ལས་དེ་མ་བརྗོད་པར་སྲེད་པ་ཉིད་བཤད་པའི་རྒྱུ་མཚན་ཡོད་དེ། མ་རིག་པ་ཙམ་སྲིད་པའི་སྡུག་བསྔལ་གྱི་དེ་མ་ཐག་རྐྱེན་མ་ཡིན་པའི་ཕྱིར་དང་། སྲེད་པས་ནི་འཁོར་བའི་རྒྱུ་འཕེལ་བར་བྱེད་པའི་ཕྱིར་དང་། སྲེད་པ་ཡོད་ན་ལས་ནི་འཁོར་བའི་སྐྱེས་བྱེད་དུ་ཡོད་ལ། སྲེད་པ་མེད་ན་ལས་ཡོད་ཀྱང་འཁོར་བར་སྐྱེ་བ་མེད་པའི་ཕྱིར་རོ། །ཞེས་པའོ། །ཡང་། གཉིས་ཟས་དོན་དུ་འབད་ན་ཡང་། །ལས་ཟད་དུབ་བ་དོན་མེད་ཡིན། །ཞེས་དང་། །གང་ཞིག་བདག་མཐོང་དེ་ལ་ནི། །ང་ཞེས་རྟག་ཏུ་ཞེན་པར་འགྱུར། །ཞེན་པས་བདེ་ལ་སྲེད་འགྱུར། །སྲེད་པས་སྐྱོན་རྣམས་སྒྲིབ་པར་བྱེད། །ཡོན་ཏན་མཐོང་བའི་ཡོངས་སྲེད་པ། །ང་ཡི་ཞེས་དེའི་སྒྲིབ་བྱེད་ལེན། །དེས་ན་བདག་ལ་མངོན་ཆགས་པ། །དེ་སྲིད་དེ་ནི་འཁོར་བར་འགྱུར། །ཞེས་དང་། ལས་དང་ལུས་དག་གནས་ན་ཡང་། །གཅིག་མེད་ཕྱིར་ན་རྒྱུ་གསུམ་ཅན། །སྐྱེ་བ་སྲིད་པ་མ་ཡིན་ཏེ། །ས་བོན་མེད་པར་མྱུ་གུ་བཞིན། །ཞེས་སྲིད་པར་སྐྱེ་བའི་རྒྱུ་ལས་དང་ལུས་དང་སྲེད་པ་སྟེ། རྒྱུ་གསུམ་ཡོད་པ་ལས་སྲེད་པ་མེད་ན། །སྲིད་པར་ལས་ཉོན་གྱིས་སྐྱེ་བ་སྲིད་པ་མ་ཡིན་ཏེ། ས་བོན་མེད་པར་མྱུ་གུ་མི་འབྱུང་བ་བཞིན་ནོ། །བདག་ལ་ཆགས་པ་དང་ལྡན་པ། །སེམས་ཅན་གཞན་གྱིས་བཀྲི་མིན་པར། །བདེ་སྡུག་དོར་ཐོབ་འདོད་པས་ན། །དམན་པའི་གནས་ནི་ཡོངས་སུ་ལེན། །ཞེས་སེམས་ཅན་གཞན་གྱིས་སྲིད་པར་ནན་གྱིས་བཀྲི་བ་ལྟ་བུ་མ་ཡིན་པར། རང་ཉིད་ཀྱིས་བདེ་བ་ཐོབ་པར་འདོད་པའི་འདོད་སྲེད་དང་། སྡུག་བསྔལ་དོར་བར་འདོད་པའི་འཇིག་སྲེད་ཀྱི་དབང་གིས་སྐྱེ་བ་ལེན་པར་གསུངས་སོ།།
ཡང་ཚད་མའི་སྐྱེས་བུ་མེད་ཅེས་སྐུར་བ་འདེབས་པའི་རྒྱང་ཕན་པ་དག་ན་རེ། ལུས་འཇིག་པ་ན་སེམས་ཀྱང་མེད་པར་འགྱུར་དགོས་བས། གཞུང་ལས། སྒྲུབ་བྱེད་ལ་ལྟོས་ཚད་ཡིན་རིགས། །ཞེས་དང་། སྒྲུབ་བྱེད་ཐུགས་རྗེས་གོམས་ལས་དེ། །ཞེས་བཅོམ་ལྡན་འདས་ཀྱི་ཚེ་རབས་སྔ་མ་རྣམས་སུ་བསམ་སྦྱོར་ཕུན་ཚོགས་གོམས་པར་བྱས་པ་མི་འཐད་ཅིང་། མངོན་སུམ་གྱིས་མ་མཐོང་བས་ཐམས་ཅད་མཁྱེན་པ་དང་། འདོད་ཆགས་དང་བྲལ་བ་དགྲ་བཅོམ་པ་སོགས་མེད་དོ་ཞེས་ཟེར་རོ། །དེ་ལྟར་ཡང་སློབ་དཔོན་གྱིས། བློ་ནི་ལུས་ལ་བརྟེན་པའི་ཕྱིར། །གོམས་པས་གྲུབ་པ་མེད་ཅེ་ན། །ཞེས་ཚུ་རོལ་མཛེས་པའི་འདོད་པ་བཀོད་ཅིང་། དེ་དག་དགག་པ་ནི། མ་ཡིན་རྟེན་ནི་བཀག་ཕྱིར་རོ། །ཞེས་དང་། ལུས་ནི་གནས་པ་ཉིད་ན་སེམས། །ལྡོག་པ་མེད་པ་ཐལ་བར་འགྱུར། །ཞེས་རྣམ་ཤེས་ལུས་ལ་བརྟེན་པ་མ་ཡིན་པར་བཀག་ཟིན་པའི་ཕྱིར་རོ། །ཡང་ཁོ་ན་རེ། སྐྱེས་བུ་འཆི་ཁ་མའི་སེམས་ཆོས་ཅན། རིག་པ་ཕྱི་མར་མཚམས་མི་སྦྱོར་ཏེ། འཆི་སེམས་ཡིན་པའི་ཕྱིར། ཞེས་འཆི་སེམས་སྐྱེ་བ་ཕྱི་མ་མེད་པའི་སྒྲུབ་བྱེད་དུ་བཀོད་པ་ལ། སློབ་དཔོན་གྱིས། དེས་ན་རྒྱུ་དང་བྲལ་བའི་ཕྱིར། །མཐའ་མ་ཡི་ནི་སེམས་རྣམས་ཀུན། །མཚམས་སྦྱོར་མེད་པ་མིན་དེའི་ཕྱིར། །དེ་འདྲའི་སྒྲུབ་བྱེད་ལྷག་ལྡན་འདོད། །ཅེས་ཕྱོགས་སྔས་སྐྱེ་པ་ཕྱི་མ་མེད་པའི་སྒྲུབ་བྱེད་དུ་བཀོད་པའི་རྟགས་དེ་ནི་རྟགས་ཡང་དག་མ་ཡིན་པར་ལྷག་ལྡན་གྱི་མ་ངེས་པ་ཡིན་པར་གསུངས་སོ། །ཚེ་རབས་སྔ་མ་རྣམས་སུ་རང་ཉིད་ཀྱི་སེམས་གང་ལ་གོམས་པ་ཆེ་བ་དེ་ཉིད་སྐྱེ་བ་ཕྱི་མའི་རྟེན་ལ་གསལ་བར་འགྱུར་ཏེ། རྣམ་པར་དུ་མར་ཐབས་མང་པོ། །ཡུན་རིང་དུས་སུ་གོམས་པ་ལས། །དེ་ལ་སྐྱོན་དང་ཡོན་ཏན་དག །རབ་ཏུ་གསལ་བ་ཉིད་དུ་འགྱུར། །ཞེས་གསུངས་པ་ལྟར་རོ།།
ཡང་གསུངས་པ། གལ་ཏེ་དངོས་པོ་ཐམས་ཅད་ནི། །རྣམ་ཤེས་ནུས་ལྡན་ཕྱིར་འདོད་ན། །ཞེས་ཕྱི་རོལ་གྲངས་ཅན་པས་ཁོ་བོ་ཅག་གི་ལུགས་ལ་ལུས་ལས་ལོགས་ཤིག་ཏུ་རྣམ་པར་ཤེས་པ་ཡོད་པར་མ་ཟད། །དངོས་པོ་ཐམས་ཅད་རྣམ་ཤེས་ཀྱི་ནུས་པ་དང་ལྡན་ནོ། །འོན་ཀྱང་རང་རང་གི་རྒྱུའི་གནས་སྐབས་ན་འབྲས་བུ་དེ་དག་མངོན་པར་མི་གསལ་བའི་ཚུལ་གྱིས་ཡོད་པར་བཤད་པ་ལ། སློབ་དཔོན་གྱིས། རྩ་སོགས་རྩེ་ན་གླང་ཆེན་བརྒྱ། །སྔོན་ཚེ་མ་མཐོང་ཡོད་དོ་ཞེས། །དེ་སྐད་གྲངས་ཅན་ཕྱུགས་ལས་གཞན། །ངོ་མཚར་བཅས་པ་སུ་བརྗོད་རྩོལ། །ཞེས་གསུངས་ལ། སྤྱོད་འཇུག་ལས་ཀྱང་། གལ་ཏེ་རྒྱུ་ལ་འབྲས་གནས་ན། །ཟན་ཟ་མི་གཙང་ཟ་བར་འགྱུར། །ཞེས་གསུངས་སོ། །དེས་ན་ད་ལྟའི་ལུས་རྟེན་འདིའི་སྟེང་དུ་རྐྱེན་ཕྲ་མོ་ཅུང་ཟད་ཙམ་ལ་རྟེན་ནས་བདེ་ལེགས་ཆེན་པོ་འབྱུང་བ་དང་། སྡུག་བསྔལ་མི་འདོད་པ་ཆེན་པོ་འབྱུང་བ་ནི་སྔོན་གྱི་ལས་དབང་གིས་ཡིན་པར་སྨན་གྱི་རྒྱུད་ལས་གསུངས་སོ། །འཕགས་པ་གནས་བརྟན་པའི་ལུང་ལས་ཀྱང་། བདེ་འགྲོ་འམ་ནི་ངན་འགྲོ་ཡང་། །སྐྱེ་མཆེད་ལྔ་ཡི་རྐྱེན་ཅན་གྱི། །སེམས་ནི་མི་འདོད་སྐྱེ་གང་གི །སྡིག་པའི་ལས་ཀྱིས་འབྲས་བུར་འདོད། །ཅེས་སོ། །འདབ་ཆགས་བྱ་རྣམས་ལ་གཉིས་སྐྱེས་ཞེས་གྲགས་པ་ལྟར། བྱ་སྒོང་ནང་གི་མེར་མེར་པོ་དེ་ལ་ཡང་བར་སྲིད་པ་མཚམས་སྦྱར་བས་རྣམ་ཤེས་ཀྱིས་ཟིན་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། སྒོ་ང་དེ་དག་ལས་རྣམ་ཤེས་ཀྱིས་མ་ཟིན་པ་རྣམས་རུལ་བར་འགྱུར་ལ། རྣམ་པར་ཤེས་པ་དང་མ་བྲལ་བའི་སྒོ་ང་རྣམས་མི་འདྲུལ་ལོ། །སྒོ་ང་དེ་དག་གི་རྣམ་པར་ཤེས་པ་བྱ་མོའི་མིག་གིས་མི་མཐོང་མོད། ལས་ཀྱི་དབང་གིས་བྱ་མོའི་སེམས་ཀྱིས་སྒོ་ང་དེ་དག་ལ་རྣམ་ཤེས་ཡོད་མེད་ཤེས་པར་འགྱུར་ཏེ། གང་རྣམ་ཤེས་དང་ལྡན་པ་རྣམས་རུམ་ན་བྱ་ཕྲུག་ཏུ་འགྱུར་བར་ཁོའི་སེམས་ཀྱིས་ཤེས་ལ། གང་རྣམ་ཤེས་དང་བྲལ་བ་རྣམས་བྱ་ཕྲུག་ཏུ་མི་འགྱུར་བར་ཡང་ཁོས་ཤེས་ནས་དེ་སྒོ་ང་མང་བོའི་ཁྲོད་ནས་ཕྱི་རོལ་དུ་འབྱིན་པར་བྱེད་དོ། །དེ་ཡང་དེ་དག་ལ་རྣམ་ཤེས་ཡོད་མེད་ཀྱིས་མིན་ན། སྣོད་གཅིག་ཏུ་བཞག་པའི་སྒོ་ང་རྣམས་ལས་ཁ་ཅིག་རུལ་བར་འགྱུར་བ་དང་། ཁ་ཅིག་རུལ་བར་མི་འགྱུར་བར་མིས་མི་ཤེས་ལ་བྱ་མོས་ཤེས་པའི་རྒྱུ་མཚན་ཡོད་པའི་ཕྱིར། དེ་ལྟར་ཡང་བསྟན་བཅོས་འགྲོ་བའི་རྣམ་གྲངས་ལས། རྒྱ་མཚོ་ཆེན་པོ་ནས་སྲོག་ཆགས་ཆེ་ལོང་རྣམས་ཆུ་ནང་ནས་སྐམ་ལ་ཐོན་ཏེ་བྱེ་མ་ཅན་གྱི་ཐང་ལ་སྒོ་ང་རྣམས་བཞག་ནས་བྱེ་མས་བཀབ་ཏེ། སླར་ཡང་རྒྱ་མཚོའི་ནང་དུ་འགྲོའོ། །དེ་ལ་མ་གང་གིས་སྒོ་ང་ལས་བརྩམས་ཏེ་དྲན་པས་མ་བརྗེད་པའི་སྒོ་ང་དེ་དག་ནི་འདྲུལ་བར་མི་འགྱུར་རོ། །གང་དག་གིས་བརྗེད་པ་དེ་དག་ནི་འདྲུལ་བར་འགྱུར་རོ། །ཞེས་དང་། སློབ་དཔོན་དབྱིག་གཉེན་གྱིས། སྒོ་ང་གང་དག་གིས་མ་ལས་བརྩམས་པ་ནས་དྲན་པས་མི་བརྗེད་པ་དེ་དག་ནི་རེག་པའི་གནས་སྐབས་དེ་དྲན་པས་འདྲུལ་བར་མི་འགྱུར་ལ། གང་དག་གིས་བརྗེད་པ་དེ་དག་ནི་འདྲུལ་བར་འགྱུར་རོ། །ཞེས་བརྗོད་དོ། །ཞེས་གསུངས་པ་ལྟར་རོ།།
གཞན་ཡང་། སློབ་དཔོན་ཆེན་པོ་ཞི་བ་འཚོའི་ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་ལས། ཕྱི་རོལ་རྒྱང་ཕན་པ་སོགས་ཀྱི་འདོད་པ་བརྗོད་པ་ནི། གལ་ཏེ་དངོས་པོའི་རྗེས་འགྲོ་བ། །འདིར་ནི་ཅུང་ཟད་ཡོད་མ་ཡིན། །དེ་ཚེ་འཇིག་རྟེན་ཕ་རོལ་བོ། །མེད་ཕྱིར་འཇིག་རྟེན་ཕ་རོལ་མེད། །ལུས་དང་བློ་ནི་དབང་བོ་སོགས། །སོ་སོར་སྐད་ཅིག་འཇིག་པའི་ཕྱིར། །འཇིག་རྟེན་ཕ་རོལ་རིགས་པ་མིན། །གཞན་ནི་ཁས་ལེན་མ་བྱས་པས། །དེ་ཡི་འབྱུང་བའི་ཁྱད་པར་ལས། །དེ་ལྟར་དེ་དག་ལས་ཤེས་ཉིད། །ཇི་ལྟར་རྒྱུ་དང་ནུས་སོགས་བཞིན། །སྐྱེ་བའམ་གསལ་པར་བྱེད་པའོ། །དེ་ཡང་ས་ལ་སོགས་པ་ཡི། །ཁྱད་པར་རྣམས་ལ་འཇུག་པ་སྟེ། །ཕུང་དང་པོ་ལ་སོགས་ཀྱི་མིང་། །གཞན་ནི་དེ་ཉིད་དུ་ཡོད་མིན། །རྩོད་པའི་གཞིར་གྱུར་སེམས་དག་ནི། །ཐ་དད་ལུས་ལ་གནས་པའི་ཕྱིར། །རྒྱུ་འབྲས་ཉིད་ནི་ཡོད་མ་ཡིན། །བ་ལང་རྟ་ཡི་ཤེས་པ་བཞིན། །བརྗོད་པར་འདོད་པའི་ཤེས་པ་ཡིས། །བློ་རྣམས་སྐྱེད་པར་འདོད་པ་མིན། །ཤེས་པ་ཉིད་ཕྱིར་རྒྱུད་གཞན་དང་། །འབྲེལ་བའི་བློ་རྣམས་ལྟ་བུའོ། །ཆགས་དང་བཅས་པའི་འཆི་ཁའི་སེམས། །སེམས་གཞན་དང་ནི་འབྲེལ་བྱེད་མིན། །འཆི་བའི་སེམས་ཀྱི་ངོ་བོའི་ཕྱིར། །ཉོན་མོངས་བྲལ་བ་དེ་ཇི་བཞིན། །དེ་ཕྱིར་སྲོག་རྩོལ་སོགས་བྱིན་རླབས། །ལུས་ཉིད་ལས་ནི་ཤེས་པ་ནི། །སྐྱེ་བར་འགྱུར་བ་རིགས་སོ་ཞེས། །ལྭ་བ་ཅན་དང་རྟ་མཆོག་ཟེར། །ཞེས་དང་། སློབ་དཔོན་ཀ་མ་ལ་ཤི་ལའི་འགྲེལ་བ་ལས། འབྱུང་བ་ཆེན་པོ་ལ་མ་གཏོགས་པའི་དབང་བོ་ལྔ་ལ་སོགས་པ་ཡོད་པ་མ་ཡིན་ཏེ། དེའི་གནས་ལུགས་ཀྱི་ཁྱད་པར་ཉིད་ལ་དེ་དག་བཏགས་པའི་ཕྱིར། འབྱུང་བ་ཆེན་པོ་བཞི་བོ་འདི་ཡང་མངོན་སུམ་གྱིས་གྲུབ་པ་སྟེ། དེ་ཁོ་ན་ཉིད་མངོན་སུམ་གྱིས་གྲུབ་པ་འདི་ལས་གཞན་ཡོད་པ་མ་ཡིན་ནོ། །གང་གིས་འཇིག་རྟེན་ཕ་རོལ་ལ་སོགས་གཞན་གྲུབ་པར་འགྱུར་བ་མངོན་སུམ་ལས་གཞན་པའི་ཚད་མ་ཡོད་པའང་མ་ཡིན་ནོ། །ཞེས་ཚད་མའི་དེ་ཁོ་ན་ཉིད་བསྡུས་པ་རྩ་འགྲེལ་གྱིས། སྐྱེ་བ་སྔ་ཕྱི་དང་རྫུས་ཏེ་སྐྱེས་པའི་སྲིད་པ་བར་མ་དང་འཇིག་རྟེན་ཕ་རོལ་མེད་པ་དང་། དེའི་རྒྱུ་མཚན་ཡང་རྣམ་པར་ཤེས་པ་ལུས་ལ་བརྟེན་པས་ན། ལུས་འཇིག་པ་ན་སེམས་ཀྱང་འཇིག་དགོས་ཤིང་། འཇིག་རྟེན་ཕ་རོལ་དང་སྲིད་པ་བར་མ་སོགས་ཡོད་ན་མཐོང་དགོས་པ་ལ་སུས་ཀྱང་མ་མཐོང་བས་སོ། །དེ་ཡང་ཡིན་ཏེ། དབང་བོའི་མངོན་སུམ་ཚད་མ་ལས་གཞན་པའི་ཚད་མ་གཞི་མ་གྲུབ་པའི་ཕྱིར། ཞེས་རྒྱང་ཕན་པ་ཝ་བ་ཅན་དང་རྟ་མཆོག་དག་གིས་ཟེར་རོ།། ཞེས་པའོ།།
འདོད་པ་དེ་དག་མི་འཐད་དོ་ཞེས་དགག་པ་ནི། སློབ་དཔོན་ཞི་བ་འཚོས། དེ་ཡང་ཐོག་མཐའ་མེད་པ་ནི། །ཇི་ལྟར་ཡང་དག་འགྲུབ་པར་འགྱུར། །གལ་ཏེ་ཐོག་མར་འདོད་པའི་སེམས། །དེ་ནི་རྒྱུ་མེད་འགྱུར་བའམ། །ཡང་ན་རྟག་པའི་རྒྱུ་ལས་བྱུང་། །ཞེས་དང་། ས་དང་ཆུ་དང་མེ་ལ་སོགས། །འབྱུང་བ་ལས་ནི་སྐྱེ་བ་དང་། །གསལ་བ་མིན་པའི་སེམས་རྣམས་ནི། །ཅིག་ཆར་འབྱུང་བར་ཐལ་བར་འགྱུར། །ཞེས་དང་། རྣམ་པར་རྟོག་པ་རྣམས་ལ་ནི། །སྒྲ་དོན་སོ་སོར་སྣང་བས་ན། །དངོས་པའི་ངོ་བོར་མི་སྣང་སྟེ། །དེ་ལྟར་ཐམས་ཅད་རྒྱས་བརྟན་ཟིན། །གསང་ནད་ལ་སོགས་གནས་སྐབས་སུ། །ལུས་ནི་རྣམ་པར་འགྱུར་ན་ཡང་། །ཡིད་ཀྱི་བློ་ནི་མི་འགྱུར་ཏེ། །དེ་ཕྱིར་དེ་ལ་འདི་བརྟེན་མིན། །རབ་རིབ་ལ་སོགས་ཕྲ་མོ་ཡིས། །མིག་ནི་རྣམ་པར་འགྱུར་བ་ན། །མིག་ལ་སོགས་པ་བརྟེན་པའི་བློ། །རྣམ་པར་འགྱུར་བ་ཉིད་དུ་སྐྱེས། །དེ་ཕྱིར་ལུས་ནི་འཇིག་ན་ཡང་། །ཡིད་ཀྱི་བློ་ནི་དེར་བརྟེན་མིན། །རང་གི་ཉེ་བར་ལེན་སྟོབས་ཀྱིས། །འབྱུང་འགྱུར་འགལ་བ་མེད་པ་ཅན། །གང་ཕྱིར་ཡིད་བློ་འབའ་ཞིག་ཀྱང་། །འགལ་བ་མེད་པ་དེ་ལྟར་ཡིན། །དེ་ཕྱིར་ལུས་གཞན་ཡོད་སྒྲུབ་ཕྱིར། ཁོ་བོ་ཅག་གིས་འབད་མི་དགོས། །དེ་ནི་དགག་པར་ནུས་མིན་ཏེ། །མ་མཐོང་ན་ཡང་ཐེ་ཚོམ་ཕྱིར། །མིག་མི་གསལ་བས་དུ་བ་ནི། །ཕྲ་སོགས་མི་མཐོང་བཞིན་ཏེ་འགྱུར། །ཐ་དད་ལུས་ལ་བརྟེན་ན་ཡང་། །དེ་ཡི་ཁྱད་པར་རྗེས་བྱེད་ཕྱིར། །རྒྱུན་གཅིག་ཏུ་ནི་འབྲེལ་བ་ཡིན། །ཤེས་པ་སྔ་མའི་རྒྱུན་ཡིན་ནོ། །སྐྱེས་མ་ཐག་པ་དག་ལ་ཡང་། །འོན་ཀྱད་ནུ་མ་མཐོང་སོགས་ལ། །མངོན་པར་འདོད་པ་འབྱུང་བ་དང་། །ཉེ་བར་གནོད་ལས་སྐྱེ་བར་འགྱུར། །ངུ་དང་ནུ་མ་འཐུངས་སོགས་པས། །འབྲས་བུ་དེ་ནི་རྟོགས་པར་འགྱུར། །ཞེས་དང་། དེའི་འགྲེལ་བ་ལས། ཐོག་མ་དང་ཐ་མ་མེད་པ་དེ་ཡང་ཇི་ལྟར་འགྱུར། །གལ་ཏེ་ཐོག་མ་མེད་པ་ཉིད་དུ་འདོད་པ་གང་ཡིན་པ་དེ་རྒྱུ་མེད་པར་འགྱུར་བའམ། ཡང་ན་ཤེས་པ་རྟག་པ་ཅན་དབང་ཕྱུག་ལ་སོགས་པའི་རྒྱུ་ལས་བྱུང་བའམ། ཡང་ན་རང་ཉིད་རྟག་པའམ། འབྱུང་བ་ཙམ་གྱིས་བསྐྱེད་པའམ། ཡང་ན་རྒྱུད་གཞན་གྱི་ཤེས་པའི་རྒྱུད་ཅན་ཡིན་ཞེས་ཕྱོགས་ལྔའོ། །ཞེས་སྐྱེ་བ་སྔ་མ་མེད་ན་མངལ་དུ་སྐྱེས་མ་ཐག་པ་དེ། ཇི་ལྟར་གྲུབ་པ་ཡིན། རྒྱུ་མེད་ལས་གྲུབ་བའམ། ཡང་ན་དབང་ཕྱུག་སོགས་ལས་སམ། ཡང་ན་རྟག་པའམ། ཡང་ན་འབྱུང་བ་ཙམ་ལས་སམ། ཡང་ན་རྒྱུད་གཞན་གྱི་ཤེས་པའི་རྫས་རྒྱུན་ཅན་ཡིན་ཞེས་བརྟག་པ་ལྔ་བྱས་ནས་བཀག་གོ། །ཡང་དེ་ཉིད་ལས། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་གནས་པའི་ཤེས་པ་སྔ་མ་སྔ་མའི་རྒྱུན་ཅན་དུ་འགྱུར་ན། དེ་ཚེ་སེམས་ཀྱི་རྒྱུན། ཐོག་མ་མེད་པ་ཅན་དུ་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་བསམ་ནས་ཕྱོགས་འདི་རྣམས་ཉེ་བར་བཀོད་དོ། །ཞེས་དང་། དེ་ཡང་ཁྱད་པར་ཅན་གྱི་རྗེས་སུ་འགྲོ་བའམ། ལྡོག་པ་ཉིད་ལས་ངེས་པ་ཡིན་གྱི། མཐོང་བ་དང་མ་མཐོང་བ་ཙམ་གྱིས་ནི་མ་ཡིན་ནོ། །ཞེས་དང་། བློ་ལུས་ལ་བརྟེན་པ་ཡིན་ན། གླང་བོ་ལ་སོགས་པའི་ལུས་ལ་གནས་པའི་ཡིད་ནི་ཁྱད་པར་དུ་འཕགས་པར་འགྱུར་གྱི་མིའི་བློ་ནི་མ་ཡིན་ནོ། །གང་ཡང་ལུས་ཆུང་བའི་མི་ཡི་སྐྱེ་བ་དེ་དག་བློ་དམན་པ་དང་། ལུས་ཆེ་ན་ནི་བློ་གསལ་བར་འགྱུར་ཏེ། རྒྱུ་ཆུང་པ་དང་ཁྱད་པར་དུ་འཕགས་པ་ལས་འབྲས་བུ་ཆུང་བ་དང་ཁྱད་པར་དུ་འཕགས་པར་མཐོང་བའི་ཕྱིར་རོ། །ཞེས་དང་། དེའི་ཕྱིར་ལུས་སེམས་ཀྱི་ཉེ་བར་ལེན་བའི་རྒྱུ་མ་ཡིན་ཞིང་། ལྷན་ཅིག་བྱེད་པའི་རྒྱུ་ཡང་མ་ཡིན་པའི་ཕྱིར། ཡིད་ཀྱང་བློ་སྔ་མ་སྔ་མའི་སྟོབས་ཀྱིས་བྱུང་བ་ཅན་ཡིན་པར་གྲུབ་བོ། །ཞེས་དང་། ཡིད་ཀྱི་བློ་ཁོ་ན་སྐྱེ་བ་གཞན་དུ་མཚམས་སྦྱོར་བར་ནུས་པ་ཡིན་ཏེ། འཆད་དང་མཚམས་སྦྱོར་འདོད་ཆགས་བྲལ། །ཉམས་དང་འཆི་འཕོ་སྐྱེ་བ་རྣམས། །ཡིད་ཀྱི་རྣམ་ཤེས་ཁོ་ནར་འདོད། །ཅེས་དང་། ཡིད་ཀྱི་བློ་ནི་རང་དབང་ཅན། །ཞེས་དང་། རང་གི་ཉེ་བར་ལེན་པའི་རྒྱུ་ཉིད་ལས་བྱུང་བ་མ་ཡིན་ན་རྒྱུ་མེད་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །པགས་ནད་ཀྱིས་གནོད་པ་ན་ལུས་རྣམ་པར་འགྱུར་ཡང་། ཡིད་ཀྱི་བློ་ནི་མི་འགྱུར་བའི་ཕྱིར་ཡིད་ཀྱི་བློ་འདི་ལུས་ལ་བརྟེན་པ་མ་ཡིན་ནོ། །ཞེས་དང་། སེམས་ཀྱི་རྒྱུད་ཐོག་མ་མེད་པ་དང་ཐ་མ་མེད་པ་ཉིད་དུ་གྲུབ་ན། འཇིག་རྟེན་ཕ་རོལ་ཞེས་བྱ་བའང་གྲུབ་པ་ཡིན་ཏེ། དེ་ནི་མ་མཐོང་བ་ཙམ་གྱིས་དགག་པར་ནུས་པ་མ་ཡིན་པའི་ཕྱིར། འདི་ལྟར་མིག་དམན་པ་ཁྱེད་ཅག་ལ། རིགས་ཀྱི་ཁྱད་པར་གོམས་པ་ལ་སོགས་པ་མ་ཚང་བའི་ཕྱིར། དུ་བ་ཕྲ་མོ་མི་མཐོང་བ་བཞིན་དུ། ལུས་ཡོད་ན་ཡང་མི་མཐོང་པར་ཡང་འགྱུར་བའི་ཕྱིར། ཞེས་དང་། སྐྱེས་བུ་རྣམས་ཀྱི་དགེ་དང་མི་དགེའི་ལས། །གོམས་པའི་སྦྱོར་བས་དེ་ཡི་བདག་ཏུ་འགྱུར། ཞེས་དང་། གལ་ཏེ་སྲིད་པ་གཞན་ཡོད་པར་མ་གྱུར་ན། འདོད་ཆགས་ལ་སོགས་བ་དེ་དག་འབྱུང་བའི་རྒྱུ་གང་ཞིག་ཡིན་པར་འགྱུར། དེའི་སྐྱེ་བ་གཞན་ཉིད་དུ་གོམས་པ་ཁོ་ན་རྒྱུ་ཡིན་པའི་ཕྱིར་འཇིག་རྟེན་ཕ་རོལ་ཡོད་པར་གྲུབ་བོ། །ཞེས་གསུངས་ཤིང་། སློབ་དཔོན་ཆེན་པོ་ལེགས་ལྡན་འབྱེད་ཀྱིས་ཀྱང་། བེའུའང་སྔོན་ཆད་གོམས་བྱས་པས། །བྱུང་མ་ཐག་ཏུ་ཟས་ཚོལ་བྱེད། །ཟས་ཀྱི་དོན་དུ་བསྐྱོད་པའི་ཕྱིར།། དཔེར་ན་དབང་བོ་སྨིན་པ་བཞིན། །ཞེས་གསུངས་སོ། །མངོན་པ་མཛོད་ལས། མེད་ལྟ་ཡིད་བདེ་སྡུག་བསྔལ་དང་། །ཞེས་གསུངས་པ་ལྟར། ལོག་ལྟ་ནི་སྐབས་འགར་ཚོར་བ་ཡིད་བདེ་དང་མཚུངས་ལྡན་དུ་འགྲོ་ལ། སྐབས་འགར་ཚོར་བ་ཡིད་མི་བདེ་དང་མཚུངས་ལྡན་དུ་འགྲོ་སྟེ། དེའི་རྒྱུ་མཚན་ཡང་མི་འགའ་ཞིག་ལ་སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་མེད་ཅེས་ན། ཁོ་རང་གིས་ཚེ་འདིར་ལས་མི་དགེ་བ་དང་མ་ལེགས་པ་མང་བོ་ཅི་ཙམ་བྱས་ཀྱང་། སྐྱེ་བ་ཕྱི་མ་མེད་ན་ལས་དེ་དག་གི་རྣམ་སྨིན་གྱི་འབྲས་བུ་མྱོང་བ་པོ་མེད་པས། མི་དགེ་བའི་ལས་ཀྱི་རྣམ་སྨིན་མྱོང་མི་དགོས་སོ་སྙམ་ནས་ཡིད་ལ་དགའ་བ་ཞིག་སྐྱེས་ལ། སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་ནི་ངེས་པར་ཡོད་ཅེས་ན་མི་དགའ་སྟེ། མི་དགེ་བའི་ལས་ཀྱི་འབྲས་བུ་མྱོང་བར་མི་འདོད་པའི་ཕྱིར། དེའི་ཕྱིར་འཇིག་རྟེན་འདི་ན་ལས་རྒྱུ་འབྲས་དང་སྐྱེ་བ་སྔ་ཕྱི་མེད་ཟེར་བ་ཡང་མང་བོ་ཡོད་དེ། ལས་རྒྱུ་འབྲས་དང་སྐྱེ་བ་སྔ་ཕྱི་མེད་ཟེར་བ་ལ་དགའ་ཞིང་། ལས་ཀྱི་རྣམ་སྨིན་དང་སྐྱེ་བ་ཕྱི་མ་ཡོད་ཟེར་བ་ལ་མི་དགའ་བའི་ཕྱིར། ལས་རྒྱུ་འབྲས་དང་སྐྱེ་བ་སྔ་ཕྱི་སོགས་ཡོད་པ་ཞིག་ལ་དེ་དག་མེད་དོ་ཞེས་ཡིད་ཀྱིས་བཙན་པོར་དམ་བཅའ་བཞག་སྟེ། རང་ཉིད་སྐྱེ་བ་སྔ་ཕྱི་མེད་པ་ལ་དགའ་བའི་ཕྱོགས་བཟུང་ནས་སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་མེད་ཚུལ་བརྒྱ་ཕྲག་དང་སྟོང་ཕྲག་བཤད་ཀྱང་། ཡོད་པ་ཞིག་མེད་དུ་འཇུག་མི་ཐུབ་བོ། །ལས་རྒྱུ་འབྲས་དང་སྐྱེ་བ་སྔ་ཕྱི་སོགས་ཡོད་པར་བལྟ་བའི་ལྟ་བ་འདི་ལ་འཇིག་རྟེན་ཡང་དག་པའི་ལྟ་བ་ཞེས་བརྗོད་དེ། ལྟ་བ་འདི་ལྡན་པ་ཙམ་ལ་ཡང་ཕན་ཡོན་ཤིན་ཏུ་ཆེ་སྟེ། མདོ་ལས། འཇིག་རྟེན་པ་ཡི་ཡང་དག་ལྟ། །ཆེན་པོ་གང་ལ་ཡོད་གྱུར་བ། །དེ་ནི་བསྐལ་བ་སྟོང་དུ་ཡང་། །ངན་འགྲོར་འགྲོ་བར་མི་འགྱུར་རོ། །ཞེས་དང་། རྗེ་རིན་པོ་ཆེས་ཀྱང་། བདེ་བ་དང་སྡུག་བསྔལ་རྣམས་ནི་རྒྱུ་མེད་པ་ལས་བྱུང་བ་དང་། གཙོ་བོ་དང་དབང་ཕྱུག་ལ་སོགས་པ་མི་མཐུན་པའི་རྒྱུ་ལས་བྱུང་བ་ཡང་མིན་པར་དགེ་མི་དགེའི་ལས་སྤྱི་ལས་བདེ་སྡུག་སྤྱི་དང་། བདེ་སྡུག་གི་ཁྱད་པར་སྣ་ཚོགས་པ་རྣམས་ཀྱང་ལས་གཉིས་ཀྱི་ཁྱད་པར་སྣ་ཚོགས་པ་ལས་ཅུང་ཟད་ཀྱང་མ་འཆོལ་པར་སོ་སོར་འབྱུང་བའི་ལས་འབྲས་ངེས་པ་ཅན་ནམ་མི་བསླུ་པ་ལ་ངེས་པ་རྙེད་པ་ནི། ནང་པ་སངས་རྒྱས་པ་ཐམས་ཅད་ཀྱིས་ཡང་དག་པའི་ལྟ་བ་ཞེས་པ་དཀར་བོའི་ཆོས་ཀུན་གྱི་གཞིར་བསྔགས་པའོ། །ཞེས་གསུངས་སོ། །འདུལ་བ་ལུང་ལས། ལུས་ཅན་རྣམས་ཀྱི་ལས་རྣམས་ནི། །བསྐལ་བ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབས་པ་ན། །འབྲས་བུ་སྨིན་པ་ཉིད་དུ་འགྱུར། །ཞེས་གསུངས། དོན་ནི། སེམས་ཅན་རྣམས་ཀྱིས་ལས་དགེ་བའམ། མི་དགེ་བ་གང་ཞིག་བསགས་པའི་ལས་དེ་ནི། རྐྱེན་དང་མ་ཕྲད་ན་ལོ་གྲངས་མང་བོ་སོང་ཡང་། ལས་དེ་དག་གི་འབྲས་སུ་ཆུད་ཟོས་ཏེ་མེད་པར་གཏན་ནས་མི་འགྱུར་ལ། ནམ་ཞིག་ན་འཕྲལ་གྱི་རྐྱེན་དང་ཕྲད་པ་ན་འབྲས་བུ་སྨིན་པར་འགྱུར་ཏེ། དཔེར་ན། གྲོ་ནས་ཀྱི་ས་བོན་ལྟ་བུ་ཡང་སྣོད་དུ་བཞག་ནས་རྐྱེན་དང་མ་ཕྲད་ན་ལོ་གྲངས་མང་བོ་འགོར་ཡང་འབྲས་བུ་མྱུ་གུ་མི་འབྱུང་ལ། ནམ་ཞིག་ནས་ལུད་དྲོ་གཤེར་སོགས་དང་ཕྲད་པའི་ཚེ་འབྲས་བུ་མྱུ་གུ་འབྱུང་བ་བཞིན་ནོ། །དེས་ན་ལས་དེ་བསགས་ནས་ཚེ་རབས་མང་བོ་སོང་ཡང་ལས་ཀྱི་ས་བོན་གྱི་རྐྱེན་ནི། ཡིད་ཀྱི་རྣམ་པར་ཤེས་པའི་སྟེང་ན་ཡོད་པས། ལས་དེ་དག་གི་འབྲས་བུ་ཆུད་མི་ཟ་བ་ཡིན་ནོ། །འོ་ན་ལས་ཟེར་བ་དེ་ཇི་ལྟ་བུ་ཞིག་ཡིན་ཞེ་ན། དེ་ནི་མཛོད་ལས། ལས་ནི་སེམས་པ་དང་དེས་བྱས། །སེམས་པ་ཡིད་ཀྱི་ལས་ཡིན་ནོ། །དེས་སྐྱེད་ལུས་དང་ངག་གི་ལས། །དེ་དག་རྣམ་རིག་རྣམ་རིག་མིན། །ཞེས་གསུངས་པ་ལྟར། སློང་མོ་བ་ལ་སྦྱིན་པ་གཏོང་བའི་སྐབས་ལྟ་བུ་ཞིག་དཔེར་བཞག་ན། རྫས་འདི་དང་འདི་སློང་མོ་བ་དག་ལ་སྦྱིན་པར་བྱའོ་སྙམ་པའི་དང་པོར་ཡིད་ལ་སེམས་པ་ཞིག་བྱུང་བ་ནི། རྒྱུའི་ཀུན་སློང་གི་སེམས་པའི་ལས་ཡིན་ནོ། །སེམས་པའི་ལས་དེ་ནི་ལུས་དང་ངག་རྣམས་བྱ་བའི་ཡུལ་ལ་གཡོ་ཞིང་འཇུག་པར་བྱེད་པའི་སེམས་བྱུང་སེམས་པའོ། །བསམ་པའི་ལས་ནི་ཐོག་མའི་རྒྱུ་དུས་ཀྱི་ཀུན་སློང་གི་སེམས་པ་དེ་ཡིས་ཀུན་ནས་བླངས་ཏེ། ལུས་ཀྱིས་སྦྱིན་པ་གཏོང་བ་དང་། ངག་གིས་སྙན་པར་སྨྲ་བ་ལྟ་བུའོ། །མདོ་གཞན་ལས་ཀྱང་། མཁས་པས་གུས་དང་རང་ལག་དང་། །དུས་སུ་མི་གནོད་སྦྱིན་བྱེད་ན། །སྦྱིན་བདག་སྦྱིན་པ་ཡངས་ཤིང་ཆེ། །བསྐལ་བ་ཆེན་པོར་འབྱུང་བར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །དེས་ན་སྤྱིར་བཏང་གི་དབང་དུ་བྱས་ན་ལས་ལ་སེམས་པ་དང་། ས་བོན་དང་། བག་ཆགས་དང་། ལུས་ངག་གི་ལས་རྣམ་པར་རིག་བྱེད་ཀྱི་གཟུགས་དང་། རྣམ་པར་རིག་བྱེད་མ་ཡིན་པ་དག་ཀྱང་ཡོད་དོ།། འདིར་ནི་གོ་སླ་བའི་ཕྱིར་ལས་འབྲས་སྤྱིའི་རྣམ་བཞག་ཙམ་ལས། གྲུབ་མཐའ་སོ་སོའི་འདོད་ཚུལ་དང་། སྦྱར་ནས་འདྲ་མི་འདྲ་སྣ་ཚོགས་མི་འཆད་དོ།།
སྤྱིར་ལས་ལ་བཞི་ཡོད་དེ། ཚེ་འདིར་བསགས་པའི་ལས་ཀྱི་འབྲས་བུ་ཚེ་འདིར་མཐོང་བ་ལ་མཐོང་ཆོས་མྱོང་འགྱུར་གྱི་ལས་དང་། བསགས་པའི་ཚེ་ལ་ལྟོས་ཏེ་སྐྱེ་བ་ཕྱི་མར་རྣམ་སྨིན་མྱོང་བའི་འགོ་རྩོམ་པའི་སྐྱེས་ནས་མྱོང་འགྱུར་གྱི་ལས་དང་། སྐྱེ་བ་གཉིས་ཕན་ཆད་དུ་འབྲས་བུ་རྣམ་སྨིན་མྱོང་བའི་འགོ་རྩོམ་པའི་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་དང་། གཉེན་པོ་དང་ཁོང་ཁྲོ་སོགས་ཀྱིས་བཅོམ་པས་འབྲས་བུ་རྣམ་པར་སྨིན་པ་མྱོང་བར་མ་ངེས་པའི་ལས་དེ་དག་ཀྱང་ཡོད་པའི་ཕྱིར། ལས་དགེ་བ་དང་མི་དགེ་བ་དག་ལས་གཅིག་ཏུ་རྣམ་སྨིན་མྱོང་བར་ངེས་པ་ནི། མཛོད་ལས། ཉོན་མོངས་རབ་དང་དྲག་པོ་དང་། །ཡོན་ཏན་ཞིང་དང་རྒྱུན་ཆགས་སུ། །བྱས་པ་གང་ཞིག་ཡིན་པ་དང་། ཕ་མ་གསོད་གང་དེ་ངེས་སོ། །ཞེས་གསུངས་པ་ལྟར། ཕྲག་དོག་དང་ཞེ་སྡང་སོགས་ཉོན་མོངས་པ་དྲག་པོས་ཀུན་ནས་བླངས་ཏེ་མི་དགེ་བའི་ལས་གང་ཞིག་བསགས་པ་དང་། སངས་རྒྱས་སོགས་བསོད་ནམས་ཀྱི་ཞིང་ཁྱད་པར་ཅན་ལ་རབ་ཏུ་དང་བ་དྲག་པོ་དང་། སྙིང་རྗེ་དང་སྨོན་ལམ་ཁྱད་པར་ཅན་སོགས་དགེ་སེམས་དྲག་པོས་བྱས་པ་དང་། ཆོས་སྨྲ་བ་སོགས་ཡོན་ཏན་གྱི་ཞིང་ཁྱད་པར་ཅན་ལ་བསོད་ནམས་དང་བསོད་ནམས་མ་ཡིན་པ་གང་རུང་བྱས་པའི་ལས་དང་། ཀུན་སློང་དྲག་པོ་མེད་ཀྱང་དུས་རྒྱུན་ཆགས་སུ་ཡུན་རིང་བའི་བར་དུ་སངས་རྒྱས་སོགས་ལ་དམིགས་ཏེ་ཐ་ན་མར་མེ་གཅིག་ཙམ་དང་མཆོད་ཡོན་སོགས་མཆོད་པ་ཅུང་ཟད་རེ་འབུལ་བ་ལྟ་བུ་དང་། མ་ཎི་སོགས་ཁ་ཏོན་ཅུང་ཟད་ཙམ་ཡིན་ཡང་དུས་རྒྱུན་དུ་བཏོན་པའི་ལས་དེ་དག་གི་འབྲས་བུ་ནི་ངེས་པར་འབྱིན་པར་གསུངས་སོ། །མ་ཎི་ཞེས་པ་ནི་རྒྱ་གར་གྱི་སྐད་ཡིན། བོད་སྐད་དུ་བསྒྱུར་ན་ཡིད་བཞིན་ནོར་བུ་ཟེར། གཞུང་ལས། འཕགས་པ་སེང་གེའི་སྒྲ་དང་ཡིད་བཞིན་ནོར། །ཞེས་ཡིད་བཞིན་གྱི་ནོར་བུ་ནི་མགོན་པོ་སྤྱན་རས་གཟིགས་ཀྱི་མཚན་གྱི་རྣམ་གྲངས་སུ་གསུངས་ཡོད། པདྨ་ནི་མེ་ཏོག་པད་མ་ལ་ཟེར་བ་རེད། དེའི་ཕྱིར་འཕགས་པ་སྤྱན་རས་གཟིགས་ལ་ཡིད་བཞིན་གྱི་ནོར་བུ་པདྨ་འཛིན་པ་ཞེས་མཚན་ནས་བརྗོད་དེ་གསོལ་བ་བཏབ་ན། ལྷ་གཅིག་འདི་ཉིད་ཀྱིས་བྱིན་གྱིས་བརླབ་ཅིང་རྗེས་སུ་འཛིན་གསུངས། གང་གིས་ལས་དགེ་མི་དགེ་ཅི་རིགས་བསགས་པས་ཚེ་འདི་ལ་ལས་དེའི་རྣམ་སྨིན་མྱོང་བར་འགྱུར་བའི་ལས་དེ་གང་ཞེ་ན། མཛོད་ལས། མཐོང་ཆོས་འབྲས་བུ་ཅན་གྱི་ལས། །ཞིང་དང་བསམ་པའི་ཁྱད་པར་ལས། །ཞེས་གསུངས་ཏེ། ཞིང་ཁྱད་པར་ཅན་ལ་ཕན་པ་དང་གནོད་པ་བྱས་པ་དང་། བསམ་པ་ཁྱད་པར་ཅན་ཤིན་ཏུ་སྟོབས་དང་ལྡན་པའི་སྒོ་ནས་དགེ་བའི་ལས་སོགས་བསགས་པ་གང་ཡིན་པའོ། །གཞན་ཡང་། སྡུག་བསྔལ་གྱི་ཞིང་ནད་པ་ཉམ་ཐག་པ་དང་། ཕན་འདོགས་པའི་ཞིང་ཕ་མ་དང་། ཕ་མ་ཅི་རིགས་མིན་ཡང་ཕ་མ་དང་འདྲ་བར་དྲིན་ཆེ་བ་དག་དང་། ཡོན་ཏན་གྱི་ཞིང་རང་ལ་དྲིན་ཤིན་ཏུ་ཆེ་བའི་སློབ་དཔོན་དང་། བྱང་ཆུབ་སེམས་དཔའ་སོགས་ལ་སྦྱིན་པ་བྱིན་པའི་འབྲས་བུ་ནི་ཚད་མེད་པ་འབྱུང་སྟེ། དེ་ཉིད་ལས། འཕགས་པ་མིན་ཡང་ཕ་མ་དང་། །ནད་པ་དང་ནི་ཆོས་སྨྲ་དང་། །སྐྱེ་མཐའི་བྱང་ཆུབ་སེམས་དཔལ་ལ། །ཡོན་ནི་གཞལ་དུ་མེད་པ་ཡིན། །ཞེས་པ་ལྟར་རོ། །ཁང་བུ་བརྩིགས་པའི་མདོ་ལས། །ཀུན་དགའ་བོ། གསུམ་བོ་འདི་དག་ནི་བར་གྱི་བསྐལ་བ་དག་ཡིན་ནོ། །གསུམ་པོ་གང་ཞེ་ན། མཚོན་གྱི་བར་གྱི་བསྐལ་བ་དང་། ནད་ཀྱི་བར་གྱི་བསྐལ་བ་དང་། མུ་གེའི་བར་གྱི་བསྐལ་བའོ། །ཀུན་དགའ་བོ། དེ་ལ་གང་གིས་ཉི་མ་གཅིག་ཙམ་སྲོག་གཅོད་པ་སྤོང་ཞིང་ཡང་དག་པར་བླངས་ཏེ་གནས་པར་བྱེད་ན། དེ་མཚོན་གྱི་བར་གྱི་བསྐལ་བར་མི་སྐྱེ་བར་འགྱུར་རོ། །གང་ཞིག་གིས་ཨ་རུ་ར་གཅིག་ཙམ་ཡང་དགེ་འདུན་ལ་འབུལ་བར་བྱེད་ན། དེ་ནད་ཀྱི་བར་གྱི་བསྐལ་བར་མི་སྐྱེ་བར་འགྱུར་རོ། །གང་ཞིག་གིས་ཟས་ནལ་ཟེ་གང་ཙམ་དགེ་འདུན་ལ་འབུལ་ན་ཡང་། དེ་མུ་གེའི་བར་གྱི་བསྐལ་བར་མི་སྐྱེ་བར་འགྱུར་རོ། །ཞེས་གསུངས་སོ། །མི་དགེ་བ་བཅུའི་ནང་གི་ལོག་ལྟ་ནི་བསམ་བཞིན་དུ་སྐྱེ་བ་སྔ་ཕྱི་དང་ལས་འབྲས་སོགས། མེད་པར་ལྟ་བའི་ལྟ་བ་ཞིག་ཡིན་ལ། འགའ་ཞིག་རང་གི་འདོད་པའི་དོན་དེ་ཉིད་མ་གྲུབ་པས་ཨུ་ཐུག་སྟེ། ལས་རྒྱུ་འབྲས་མེད་ཟེར་བ་སོགས་ནི་ལོག་ལྟ་དངོས་ཀྱི་དབང་གིས་མིན་པས་ལོག་ལྟ་དངོས་མིན་ནོ། །དཔེར་ན། མཚོ་སྔོན་པོའི་དཔོན་པོ་ཞིག་གི་བུད་མེད་ན་བ་ལ་རིམ་གྲོ་སྟོབས་ཆེན་བསྒྲུབས་ཀྱང་བུད་མེད་ཀྱི་ཚེ་ལ་མ་ཕན་པར་ཤི་བར་གྱུར་བས། ཁོ་སྡུག་ཚིག་ཟོས་ཏེ་བདག་ལ་སྨྲས་པ། སེམས་ཅན་གཅིག་གི་ཚེ་ཟད་ན། སངས་རྒྱས་སྟོང་གི་མཐུ་སྡུག་ཟེར་བའི་ངེད་ཚོ་འཇིག་རྟེན་ན་རྒད་པོ་རྣམས་ལ་ཁ་དཔེ་ཞིག་ཡོད། དེ་ངོ་མ་རང་རེད། ད་ཐང་ངས་རིམ་གྲོ་སྟོབས་ཆེན་འདི་དང་འདི་ལྟ་བུ་ཞིག་བསྒྲུབས་ཀྱང་ཕན་པ་གཏན་ནས་མེད་ཟེར། ངས་ཁོ་ལ་ཁྱོད་ཀྱིས་རིམ་གྲོ་སྟོབས་ཆེན་དེ་ལྟར་བསྒྲུབས་པ་ལ་ཕན་ཡོན་ཆེན་པོ་ལོས་ཡོད་དེ་ཡོད་ངེས་རེད། འོན་ཀྱང་ཁྱོད་ཀྱི་བུད་མེད་དེ་ནི་འཆི་བའི་དུས་ལ་ཐོན་ཡོད་ན། དུས་ཀྱི་འཆི་བ་ཡིན་པས་སྨན་དཔྱད་རིམ་གྲོ་གང་གིས་ཀྱང་བཟློག་ཐུབ་པ་མ་རེད། འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་མ་ལུས་འཇོམ་པའི་དཔལ། །ཞེས་གསུངས་ཡོད་པ་ཁྱོད་ཀྱིས་མ་ཐོས་སམ། འཆི་བ་དུས་ལ་བབས་ན་སངས་རྒྱས་ཚེ་དཔག་མེད་ཀྱིས་ཀྱང་མི་ཟློག་པ་རེད། ཁྱོད་ཀྱིས་བསམ་བློ་ཞིག་ཐོང་དང་། འཇིག་རྟེན་གྱི་ཁམས་འདི་ན་ཁྱོད་འདྲ་བའི་སྟོབས་ཅན་རིམ་གྲོ་མང་བོ་སྒྲུབ་ཐུབ་པ་ཇི་འདྲ་ཡོད་ཀྱི་རེད། དེ་ཐམས་ཅད་མ་ཤི་ན་ཆོག་གམ། ཞེས་སེམས་གསོ་བྱས་པས་ཁོ་རང་ཡང་ཡིད་ཆེས་པ་ལྟ་བུའོ། །ཡང་རྒན་མོ་ཞིག་ལ་བུ་མོ་ཞིག་ཡོད་པ་ཤི་བར་གྱུར་བས་བདག་ལ་བཤད་པ། ང་རང་ཚོས་ཉིན་བཞིན་དུ་བསང་དང་མཆོད་པ་ཕུལ་ཏེ་གསོལ་བ་བཏབ་ཀྱང་། ཕྱིར་ཞིང་ན་ཚ་གོད་ཁ་ཤི་ཆད་སོགས་མི་ལེགས་པ་རྣམ་པ་དུ་མ་ཕལ་ཆེར་རྒྱུན་མི་འཆད་པར་འོངས། འདི་ནས་འགའ་ཞིག་གིས་མཆོད་པ་མཆོད་མེ་འབུལ་རྒྱུ་ཕར་ཞོག བསང་ཙམ་ཡང་མི་ཕུལ། ད་དུང་ལས་རྒྱུ་འབྲས་དང་ལྷ་འདྲེ་སོགས་མེད་ཅེས་སྐུར་བ་བཏབ་སྟེ་མི་དགེ་བ་འབའ་ཞིག་བྱེད་པ་དག་ནི། ལོ་རེ་བཞིན་ཡང་ཇེ་བཟང་ཇེ་བདེ་རེད། འདི་དག་ལ་ལྟོས་ན་ལས་རྒྱུ་འབྲས་མེད་ཟེར་བའང་བདེན་པ་འདྲ་ཟེར། ངས་ཁོ་ལ་ཁྱོད་ཀྱིས་དེ་འདྲ་མ་བཤད་སྐུར་བ་མ་འདེབས། ལས་རྒྱུ་འབྲས་ཟེར་བ་དེ། ལས་དེ་དེ་རིང་བསགས་ན་ལས་ཀྱི་རྣམ་སྨིན་གྱི་འབྲས་བུ་མྱུར་དུ་སང་ཉིན་གནངས་ཉིན་ལྟ་བུ་ཞིག་ལ་རྣམ་སྨིན་གྱི་འབྲས་བུ་མིག་གིས་མཐོང་རྒྱུ་ཡོད་པ་ཞིག་མ་རེད། ནམ་ཞིག་ན་ལས་བྱས་པ་ཆུད་མི་ཟ་བ་ཡིན་པས་ལས་དགེ་སྡིག་གི་འབྲས་བུ་སོ་སོར་འབྱུང་ངེས་ཡིན། ལས་དགེ་བ་དང་མི་དགེ་བ་གང་ཡིན་རུང་། ཕལ་ཆེར་ཞིག་ནི་སྐྱེ་བ་བརྗེས་ནས་རིམ་གྱིས་འབྲས་བུ་ཡིད་དུ་འོང་པ་དང་མི་འོང་བ་མྱོང་བར་འགྱུར་བ་ཡིན་ཏེ། མཛོད་ལས། གཅིག་ནི་འདས་པས་འབྱིན་པར་འགྱུར། །ཞེས་རྣམ་སྨིན་གྱི་འབྲས་བུ་ནི་རྣམ་སྨིན་གྱི་རྒྱུ་དགེ་བ་ཟག་བཅས་དང་། མི་དགེ་བ་གཉིས་པོ་གང་ཡིན་ཡང་འདས་ནས་ཡུན་རིང་ལོན་པ་ན་རྣམ་སྨིན་གྱི་འབྲས་བུ་འབྱིན་པར་གསུངས་ཤིང་། ཚོམས་ལས་ཀྱང་། སྡིག་ལས་འཕྲལ་དུ་ངེས་པར་ནི། །མཚོན་བཞིན་གཅོད་པར་མི་བྱེད་ཀྱང་། །སྡུག་པའི་ལས་ཀྱིས་འགྲོ་བ་དང་། །ཕ་རོལ་དུ་ནི་མངོན་པར་འགྱུར། །ཞེས་དང་། སྔར་མཉན་ཡོད་ན་ཚོང་དཔོན་བཞི་ཡོད་པ་ལས། གཅིག་ལ་དད་པ་མེད། གཅིག་ལ་ངོ་ཚ་མེད། ཡང་གཅིག་སེར་སྣ་ཆེ། གཅིག་སྡིག་སྤྱོད་ལ་དགའ་དེ་དག་ལྷར་སྐྱེ་བར་འདོད་ནས། བཅོམ་ལྡན་འདས་ལ་ཞུས་པས། སངས་རྒྱས་ཀྱིས། གང་དུ་དེ་དག་རྣམ་སྨིན་ནི། །ཚ་བ་སོ་སོར་བསྟེན་པ་ཡི། །སྡིག་པའི་ལས་ཀྱིས་འགྲོ་བ་དག །ཕ་རོལ་ཏུ་ནི་ཤེས་པར་འགྱུར། །ཞེས་བཀའ་སྩལ་བ་ལྟ་བུའོ། །ཡང་རྒྱ་མི་སྨན་པ་ཞིག་གིས་བདག་ལ་བཤད་པ། ནད་པ་རྣམས་ཀྱིས་སྨན་ལ་བསྟེན་ན་ནད་ལས་གྲོལ་བར་འགྱུར་གྱི། ཆོས་ཏོན་ན་ནད་མི་དྲག་ཟེར། དེ་ལ་བདག་གིས་སྨྲས་པ། ནད་པ་གང་ཞིག་འཆི་བའི་དུས་ལ་བབས་ཡོད་ན། སྨན་བསྟེན་ན་ཡང་ཤི་རྒྱུ་རེད། ཆོས་ཏོན་ན་ཡང་ཤི་རྒྱུ་རེད། འཇིག་རྟེན་འདིར་ལོ་བརྒྱའི་ཡར་སྔོན་དུ་རྒྱལ་བོ་དང་སྨན་པ་མཁས་པ་མང་པོ་བྱུང་བ་རྣམས་ལས་ད་ལྟ་གཅིག་ཀྱང་མ་ལུས་པ་མེད་པར་གྱུར་ལ། དེ་དག་ལ་སྨན་མེད་པའང་མ་རེད། རང་གི་སྲོག་ལ་མི་གཅེས་པ་ཡང་མ་ཡིན་མོད། འཆི་བའི་དུས་ལ་བབས་པ་ན་འཆི་བ་ལས་བཟློག་ཐབས་གཏན་ནས་མེད་པས་དེ་དག་ཐམས་ཅད་འདས་སོང་བ་རེད། བཅོམ་ལྡན་འདས་ལ། གང་སྐྱེས་བ་ཐམས་ཅད་འཆིའམ། ཞེས་ཞུས་པ་ན། འཆིའོ། །ཞེས་མགོ་གཅིག་ཏུ་ལུང་བསྟན་ཏོ། །ཚོམས་ལས་ཀྱང་། གང་ཡང་སངས་རྒྱས་རང་སངས་རྒྱས། །སངས་རྒྱས་རྣམས་ཀྱི་ཉན་ཐོས་ཀྱང་། །སྐུ་ལུས་འདི་ནི་སྤོང་མཛད་ན། །སྐྱེ་བོ་ཕལ་བ་སྨོས་ཅི་དགོས། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་འཆི་བ་དུས་ལ་བབས་པ་ན་སྨན་ཆོས་གང་གིས་ཀྱང་སྲོག་སྐྱོབ་མི་ཐུབ་ན། གསོ་བ་རིག་པའི་སྒོ་ནས་ནད་པ་གསོ་བའི་ཐབས་བྱས་པ་དགོས་པ་མེད་དམ་ཞེ་ན། མི་རྣམས་ཀྱི་ནད་ལ་རིགས་བཞི་ཡོད་པས། ནད་འགའ་ཞིག་ལ་ལྟར་སྣང་ཕྲལ་གྱི་ནད་ཅེས་བྱ་སྟེ། དེ་ལ་སྨན་མ་བསྟེན་ན་ཡང་དྲག་པར་འགྱུར་ལ། སྨན་བསྟེན་ན་ནད་ཀྱི་སྡུག་བསྔལ་ཡུན་མི་རིང་བར་བདེ་བར་འགྱུར་རོ། །ཡང་ནད་འགའ་ཞིག་ལ་གདོན་ནད་ཞེས་ཟེར་ཏེ། དེ་ནི་ཕལ་ཆེར་ཤི་འདྲེ་དང་མི་མ་ཡིན་སོགས་གཞན་གྱི་ལུས་ཁོག་ཏུ་ཞུགས་ཏེ་གནོད་པ་བྱས་པ་ལས་བྱུང་བ་སྟེ། གདོན་ནད་དེ་དག་རིགས་སྔགས་སོགས་ཀྱིས་ཕར་སྤྲད་པ་ན་སྨན་མ་འཐུང་ན་ཡང་གདོན་ནད་ལས་གྲོལ་བར་འགྱུར་རོ། །ཡང་ནད་འགའ་ཞིག་ལ་ནི་ཚེ་ནད་ཅེས་བྱ་སྟེ། ནད་དེ་རྣམས་སྨན་བསྟེན་ན་དྲག་པར་འགྱུར་ལ། སྨན་མ་བསྟེན་ན་འཆི་བའི་ཉེན་ཁ་ཆེའོ། །ཡང་ནད་འགའ་ཞིག་ལ་ནི་ལས་ཀྱི་ནད་ཅེས་བྱ་སྟེ། སྨན་དཔྱད་གང་བྱས་ན་ཡང་ལས་ནད་ཅན་གྱི་ནད་པ་དེའི་ཚེ་ལ་ཕན་པ་མེད་དོ། །དེ་ལྟར་ཡང་སྨན་གྱི་རྒྱུད་ལས། དང་པོ་ནད་ཤུགས་མ་རྫོགས་མངོན་ཚུལ་དུས། །གསོ་བ་བྱས་ཀྱང་ལམ་ནས་མི་ཟློག་ཅིང་། །བར་དུ་ནད་རྒྱས་གཉེན་པོས་འཕྲལ་མི་ཆོམས། །ཐ་མར་ཡན་ལག་བཅུ་གཉིས་ལྡན་གྱུར་ཀྱང་། ནད་ལས་མ་གྲོལ་སྲོག་ནི་ཟད་པར་སྣང་། །གཞན་དག་དེ་ལས་གོ་ལྡོག་འགྱུར་བའི་ཕྱིར། །གསོ་རིག་སྨན་གྱི་དགོས་པ་ཅི་ཞིག་བྱ། །འཚོ་མཛད་སྨན་པའི་རྒྱལ་བོས་ཐེ་ཚོམ་སོལ། །ཞེས་ཞུས་པའི་ལན་དུ། ནད་ལ་བཞི་བརྒྱ་རྩ་བཞི་གྲགས་པ་ལ། །བརྒྱད་དང་རྩ་གཅིག་ལྟར་སྣང་འཕྲལ་གྱི་ནད། །མ་བཅོས་རང་གར་བཞག་པས་འཚོ་བ་ཡོད། །འོན་ཀྱང་བཅོས་ན་མྱུར་དུ་བདེ་བ་སྟེར། །དཔེར་ན་འགྱེལ་བུབ་ལག་གནས་འཐེན་པ་འདྲ། །བརྒྱ་དང་རྩ་གཅིག་ཀུན་བརྟགས་གདོན་ཡིན་པས། །དེ་མ་བཅོས་པར་སྨན་དཔྱད་ལེན་མི་འདོད། །གདོན་བཅོས་སྨན་མེད་གྱུར་ཀྱང་འཚོ་བ་ཡོད། །དཔེར་ན་དཔུང་པ་གཡར་བའི་བཙོན་སུ་འདྲ། །བརྒྱ་དང་རྩ་གཅིག་ཡོངས་གྲུབ་ཚེ་ཡི་ནད། །མ་བཅོས་འཆི་ལ་བཅོས་ན་འཚོ་བ་ཡོད། །བརྒྱ་དང་རྩ་གཅིག་གཞན་དབང་སྔོན་གྱི་ལས། །བཅོས་ཀྱང་མི་ཐུབ་འཆི་བའི་ནད་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །གཞན་ཡང་། རང་གིས་བསམ་བཞིན་དུ་བསགས་པའི་ལས་ནི་རང་གི་གྲིབ་མ་རང་གི་རྗེས་སུ་འགྲོ་བ་ལྟར། དགེ་སྡིག་གི་ལས་ཀྱང་རང་རང་གི་རྗེས་སུ་འབྲང་ནས་འགྲོ་སྟེ། ཚོམས་ལས། གལ་ཏེ་སྡིག་པའི་ལས་བྱས་སམ། །བྱེད་ཀྱང་རུང་སྟེ་ཁྱོད་ཀྱིས་ནི། །ཀོག་ཅེས་ལངས་ཏེ་བྲོས་གྱུར་ཀྱང་། །སྡུག་བསྔལ་ལས་ནི་ཐར་མི་འགྱུར། །གང་དུ་གནས་ཀྱང་ལས་ཀྱིས་མི་ཚུགས་བའི། །ས་ཕྱོགས་དེ་ནི་ཡོད་པ་མ་ཡིན་ཏེ། །བར་སྣང་ལ་མེད་རྒྱ་མཚོའི་ནང་ན་མེད། །རི་བོ་རྣམས་ཀྱི་གསེབ་ཏུ་ཞུགས་ཀྱང་མིན། །ཞེས་དང་། བྱིས་པ་གང་ཞིག་བྱིས་པའོ་ཞེས། །ཤེས་པ་དེ་འདིར་མཁས་པ་ཡིན། །བྱིས་པ་གང་ཞིག་མཁས་སེམས་པ། །དེ་ནི་བྱིས་པ་ཞེས་བརྗོད་དོ།། ཞེས་དང་། གང་ཞིག་བྱས་པས་གདུང་འགྱུར་ཞིང་། །མཆི་མས་གདོང་གཡོགས་ངུ་བཞིན་དུ། །རྣམ་སྨིན་སོ་སོར་བསྟེན་པ་ཡི། །ལས་དེ་དག་ནི་མ་བྱས་ལེགས། །གང་ཞིག་བྱས་ན་མི་གདུང་ཞིང་། །དགའ་ཞིང་ཡིད་ནི་བདེ་བ་ཡི། །རྣམ་སྨིན་སོ་སོར་བསྟེན་པ་ཡི། །ལས་དེ་དག་ནི་བྱས་ན་ལེགས། །ཞེས་དང་། ཁྱད་པར་འཕགས་བསྟོད་ལས། བྲམ་ཟེ་རྣམས་ནི་དགེ་སྡིག་དག །བྱིན་པ་ལེན་བཞིན་འཕོ་བར་སྨྲ། ཁྱོད་ཀྱིས་བྱས་པ་ཆུད་མི་ཟ། །མ་བྱས་པ་དང་ཕྲད་མེད་གསུངས། །ཞེས་པ་ལྟར། བྲམ་ཟེ་རྣམས་ཀྱིས་རྣམ་སྨིན་ཡིད་འོང་འབྱིན་པའི་དགེ་བའི་ལས་དང་། རྣམ་སྨིན་ཡིད་དུ་མི་འོང་བ་འབྱིན་པའི་མི་དགེ་བའི་ལས་དག་ནི། གསེར་དངུལ་དང་བཟའ་བཏུང་བཞིན་དུ་གཞན་ལ་སྦྱིན་པ་དང་རང་གིས་ལེན་པ་ལ་ཡང་རང་དབང་ཡོད་པར་འདོད་པས། རང་གིས་བྱས་པའི་སྡིག་པ་མི་དགེ་བའི་ལས་ནི་སེམས་ཅན་གཞན་རྒྱུད་ལ་འཕོ་བ་ཡོད་པར་སྨྲའོ། །བཅོམ་ལྡན་འདས་ཀྱིས། གང་གིས་དགེ་སྡིག་གི་ལས་བྱས་པ་དེ་ཡི་འབྲས་བུ་ཆུད་མི་ཟ་བ་དང་། རང་གིས་མ་བྱས་པའི་ལས་ཀྱི་འབྲས་བུ་དང་ཕྲད་པ་མེད་པར་གསུངས་ཤིང་། འདུལ་བ་ལུང་ལས་ཀྱང་། དེ་ལས་བྱས་ཤིང་བསགས་པ་དག་གི་འབྲས་བུ་ནི། ཕྱི་རོལ་གྱི་ས་དང་ཆུ་དང་མེ་དང་རླུང་གི་ཁམས་ལ་སྨིན་པར་མི་འགྱུར་གྱི། ཟིན་པའི་ཕུང་བོ་དང་། ཁམས་དང་། སྐྱེ་མཆེད་ལ་སྨིན་པར་འགྱུར་ཞེས་དང་། མདོ་ལས། སེམས་ཅན་འདི་དག་ནི་ལས་བདག་གིར་བྱ་བ། ལས་ཀྱི་བགོ་སྐལ་ལ་སྤྱོད་པ། ལས་ཀྱི་སྐྱེ་གནས་ལ་བསྟེན་པར་བྱ་བ་དག་སྟེ། ལས་ནི་སེམས་ཅན་མཐོན་པོ་དང་དམའ་བ་དང་། ངན་པ་དང་གྱ་ནོམ་པ་རྣམ་པར་འབྱེད་པའོ། །ཞེས་དང་། གཞན་གྱིས་བྱས་པ་བདག་གིས་རྗེས་མི་འགྲོ། །རང་གིས་བྱས་པ་བྱས་ཆུད་མི་ཟ་ཞིང་། །མ་བྱས་པ་ཡི་འབྲས་བུ་གྲུབ་ཡོད་མིན། །མ་བྱས་པ་ནི་ནམ་ཡང་བྱས་མ་ཡིན། །མ་བྱས་པ་ལས་གཞན་དུ་བདེན་མི་འགྱུར། །འབྱོར་བ་དེར་ནི་འགྲོ་བ་ཡོད་མིན་ཏེ། །དེ་བས་དགེ་ལས་བྱ་བ་ལ་འབད་ཀྱིས། །ཞེས་དང་། དབུ་མ་སྙིང་བོ་ལས། རྒྱུད་གཞན་ལས་ནི་རྒྱུད་གཞན་དུ། །སྡིག་པ་འཕོ་བ་མེད་པར་གསུངས། །ལུས་ཅན་མིན་ཕྱིར་འདོད་ཆགས་དང་། །ཞེ་སྡང་གཏི་མུག་མི་འཕོ་བཞིན། །ཞེས་སོ། །དེ་ཡང་ཕྱི་ཡི་རྒྱུ་འབྲས་ལས་ནང་གི་རྒྱུ་འབྲས་འཕེལ་ཆེ་སྟེ། སྔོན་བཅོམ་ལྡན་འདས་ཕ་གྲོ་དྷའི་གྲོང་ཁྱེར་དུ་ཕེབས་པའི་ཚེ། བུད་མེད་ཅིག་གིས་ཏིལ་གྱི་ལ་དུ་སྤར་བ་གང་ཕུལ་བས། བཅོམ་ལྡན་འདས་ཀྱིས། ཁྱོད་མ་འོངས་པ་ན། རང་སངས་རྒྱ་ལེགས་སྨོན་ཞེས་བྱ་བར་སྐྱེ་བར་འགྱུར་རོ་ཞེས་ལུང་བསྟན་པས། བུད་མེད་དེ་ཡི་ཁྱོ་ཡིད་མ་ཆེས་པར། བཤོས་དེ་ཙམ་གྱི་ངོར་རྫུན་མ་གསུངས་ཞེས་སངས་རྒྱས་ལ་སྐུར་བ་བཏབ་པ་ན། བཅོམ་ལྡན་འདས་ཀྱིས་དེ་ལ་གསུང་བ། ཤིང་ཕ་ཡ་གྲོ་དྷའི་ས་བོན་ཡུངས་ཀར་གྱི་འབྲས་བུ་ཙམ་ལས། ཤིང་ཕ་གྲོ་དྷའི་ཤིང་གྲིབ་ཀྱི་འོག་ཏུ་ཤིང་རྟ་ལྔ་བརྒྱའི་འཁོར་ལོ་ཕན་ཚུན་མ་རེག་པར་འགྲོ་ནུས་པའི་ཕཡ་གྲོ་དྷའི་ཤིང་སྡོང་ཆེན་པོ་སྐྱེས་ཞིང་འཕེལ་བ་ལ་དཔེར་མཛད་ནས། ལས་ཆུང་ངུ་ལས་འབྲས་བུ་ཆེན་པོ་འབྱུང་བའི་ཚུལ་གསུངས་པས་དེ་ཡིད་ཆེས་པར་མཛད་པ་ལྟ་བུའོ། །དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྒྱུ་དགེ་བ་ལས་འབྲས་བུ་བདེ་བ་འབྱུང་བར་གསུངས་པ་དང་། ལས་མི་དགེ་བ་ལས་འབྲས་བུ་སྡུག་བསྔལ་འབྱུང་བར་གསུངས་པ་རྣམས་གཅིག་ཏུ་བདེན་པ་རང་ཡིན་ནམ་ཞེ་ན། བཅོམ་ལྡན་འདས་ལ་གནས་དང་གནས་མིན་མཁྱེན་པའི་སྟོབས་མངའ་བས། ལས་འབྲས་ཀྱི་རྣམ་དབྱེ་ཇི་སྐད་གསུངས་པ་རྣམས་ལུང་ཚད་མ་དང་གཅིག་ཏུ་བདེན་པ་ཁོ་ན་སྟེ། བཅོམ་ལྡན་འདས་ཉིད་ཀྱིས་ལེགས་པར་གསུངས་པའི་དམ་པའི་ཆོས་སྡེ་སྣོད་གསུམ་ལ་ཡང་གསེར་ཀྱི་སྐྱོན་ཕྲ་རགས་ལ་བརྟགས་པ་བཞིན་དུ། ཚད་མ་གསུམ་གྱི་སྒོ་ནས་ལེགས་པར་བརྟགས་ཏེ་ཡིད་ཆེས་བྱ་ཡི། ལུང་འདི་ནི་བཅོམ་ལྡན་འདས་ཀྱི་གསུངས་ཡིན་པས་གཅིག་ཏུ་བདེན་པ་ཁོ་ནའོ་ཞེས་གཟུངས་པར་མི་བྱ་བར་གསུངས་པའི་ཕྱིར། རྣམ་འགྲེལ་ལས། སྐྱོབ་པ་ཉིད་གཟིགས་ལམ་གསུངས་པ། །འབྲས་མེད་ཕྱིར་ན་རྫུན་མི་གསུང་། །ཐུགས་བརྩེ་ལྡན་ཕྱིར་རྩོམ་ཀུན་ཡང་། །གཞན་གྱི་དོན་དུ་སྦྱོར་བར་རོ། །ཞེས་དང་། མདོ་ལས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་གསུངས་པའི་ཕྱིར། ཕྱི་རོལ་རྒྱང་ཕན་པ་སོགས་ཀྱིས་ཚད་མ་ལ་དབང་བོའི་མངོན་སུམ་མ་གཏོགས་ཚད་མ་གཞན་མེད་ཟེར་བ་མི་འཐད་དེ། རིག་པའི་གནས་ལྔ་ལས་གཏན་ཚིགས་རིག་པ་ཞེས་པ་ནི། དབང་བོའི་མངོན་སུམ་གྱིས་སྤྱོད་ཡུལ་མ་ཡིན་པའི་ལྐོག་ཏུ་གྱུར་བའི་དོན་རྟོགས་བྱེད་ཀྱི་ཐབས་སྟོན་པ་ཞིག་ཡིན་པས། རྟགས་དང་མཚན་མ་མ་འཁྲུལ་བའི་རྗེས་སུ་འབྲང་སྟེ། ལྐོག་གྱུར་རྟོགས་པའི་ཚད་མ་ཞིག་ཡོད་པ་དེ་ནི། དབང་བོའི་མངོན་སུམ་ལས་གཞན་རྗེས་དཔག་ཚད་མ་ཡིན་པའི་ཕྱིར། དཔེར་ན། སྐྱེ་བོ་ཕ་རོལ་བོ་དག་གི་རྒྱུད་ཀྱི་ཞེ་སྡང་དྲག་པོ་དང་འདོད་ཆགས་མངོན་དུ་གྱུར་པ་སོགས་མིག་གིས་མི་མཐོང་ཞིང་རྣ་བས་མ་ཐོས་ཀྱང་། ཕ་རོལ་བོ་དེ་དག་ལ་ཆགས་སྡང་མངོན་དུ་གྱུར་བ་ནི་དེ་དག་གི་ལུས་ངག་གི་རྣམ་པར་རིག་བྱེད་ཀྱི་རྟགས་ལས་ཤེས་པའི་ཕྱིར། དེ་ལྟར་ཡང་མདོ་ལས། དུ་བ་ལས་ནི་མེར་ཤེས་དང་། །ཆུ་སྐྱར་ལས་ནི་ཆུ་ཤེས་དང་། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་མཚན་མ་དག་ལས་ཤེས། །ཞེས་དང་། ལས་གྲུབ་པ་ལས། ཕྱི་རོལ་སྤྱོད་པའི་འགྱུར་བ་དག་གིས་ནི། །སྐྱེས་བུའི་སྙིང་ལ་གནས་པའི་བསམ་པ་སྟོན། །ཞེས་དང་། སློབ་དཔོན་ཕྱོགས་གླང་གིས། སྒྲ་ལས་བྱུང་བ་རྗེས་དཔག་ལས། །ཚད་མ་གཞན་མིན་དེ་ལྟར་དེ། །བྱས་སོགས་བཞིན་དུ་རང་དོན་ལ། །གཞན་སེལ་བས་ནི་བརྗོད་པར་བྱེད། །ཅེས་གསུངས་པ་ལྟར་རོ། །འོ་ན་རང་ཅག་སོ་སྐྱེ་ཕལ་བ་རྣམས་ཀྱིས་ལས་དགེ་བ་ལ་ལྟོས་ཏེ། མི་དགེ་བའི་ལས་བསོགས་པ་ཆེས་མང་བས་དེ་ཐམས་ཅད་ཀྱི་རྣམ་སྨིན་གྱི་འབྲས་བུ་ངེས་པར་མྱོང་དགོས་སམ་ཞེ་ན། ལས་རྣམས་ཀྱི་འབྲས་བུ་ནི་ཆུད་མི་ཟ་བར་གསུངས་པས། སྡིག་པ་བཤགས་པ་མ་བྱས་ན་མྱོང་དགོས་ཤིང་བཤགས་པ་བྱས་ན་རྣམ་སྨིན་མྱོང་མི་དགོས་ཏེ། མགོན་པོ་ཀླུ་སྒྲུབ་ཀྱིས། གང་ཞིག་སྔོན་ཆད་བག་མེད་གྱུར་བ་དག །ཕྱིས་ནས་བག་དང་ལྡན་པ་ཉིད་གྱུར་ན། །ཟླ་བ་སྤྲིན་བྲལ་ལྟ་བུར་རབ་མཛེས་ཏེ། །དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན། །ཞེས་རྒྱལ་པོ་མ་སྐྱེས་དགྲས། རང་གི་ཕ་རྒྱལ་པོ་གཟུགས་ཅན་སྙིང་པོ་བསད་པའི་མཚམས་མེད་ཀྱི་ལས་དང་། སོར་ཕྲེང་ཅན་གྱིས་མི་མང་བོ་བསད་པ་དང་། དགེ་སློང་བདེ་བྱེད་ཀྱིས་རང་གི་མ་བསད་པའི་མི་དགེ་བའི་ལས་ཆེན་པོ་དེ་དག་ཀྱང་བཤགས་པ་བྱས་པ་མི་དགེ་བའི་ལས་དེ་དག་རྩ་བ་ནས་དག་པར་གསུངས་པ་ལྟ་བུའོ།།
དེ་ལྟར་ན་སྡིག་པ་མི་དགེ་བའི་ལས་རྣམས་འདག་བའི་ཐབས་ནི་གང་ཞེ་ན། ཡོད་དེ། དེ་བཞིན་གཤེགས་པའི་མཛོད་ཅེས་བྱ་བའི་མདོ་ལས། སྟོང་བ་ཉིད་བསྒོམ་པས་སྡིག་པ་བྱང་བར་གསུངས་ཤིང་། རྡོ་རྗེ་གཅོད་པ་ལས་ནི་མདོ་སྡེ་ཟབ་མོ་བཏོན་པས་སྡིག་པ་བྱང་བར་གསུངས། དམ་ཚིག་གསུམ་བཀོད་པའི་རྒྱལ་བོ་དང་། དཔུང་བཟང་གིས་ཞུས་པ་ལས་ནི། གསང་སྔགས་ཀྱི་བཟླས་པ་བྱས་པས་སྡིག་པ་འདག་པར་གསུངས། མེ་ཏོག་བརྩེགས་པའི་གཟུངས་ལས། དེ་བཞིན་གཤེགས་པའི་མཆོད་རྟེན་སོགས་ལ་མཆོད་ལ་བྱས་པས་སྡིག་པ་བྱང་བར་གསུངས། དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་ལེའུ་ལས། སངས་རྒྱས་ཀྱི་སྐུ་གཟུགས་བཞེངས་པས་སྡིག་པ་འདག་པར་གསུངས། གཞན་ཡང་། དམ་པའི་ཆོས་མཉན་པ་དང་། ཀློག་པ་དང་། འབྲི་བ་ལ་སོགས་པ་དགེ་བའི་ལས་གང་མོས་བྱེད་པ་སྟེ། དགེ་བའི་ལས་དེ་ཐམས་ཅད་ཀྱིས་སྡིག་པ་འདག་པར་གསུངས། འབུམ་ཕྲག་གཅིག་ནི་བཟླས་གྱུར་ན། །རྣམ་པར་དག་བའི་བདག་ཉིད་འགྱུར། །ཞེས་ཡི་གེ་བརྒྱ་བ་འབུམ་ཕྲག་བཟླས་ན་སྡིག་པ་ཐམས་ཅད་འདག་པར་གསུངས་པ། ཕུང་བོ་གསུམ་པ་ཞེས་བྱ་བ་ལྟུང་བཤགས་བཏོན་པས་སྡིག་བ་བྱང་བར་གསུངས་ཤིང་། ཕྱག་རྡོར་འཁོར་ཆེན་གྱི་རྒྱུད་ལས། ཨོྃ་བཛྲ་ས་ཏྭ་ཧཱུཾ། ཞེས་འབུམ་བཟླས་ན་རྩ་བའི་དམ་ཚིག་ཉམས་པ་ཞི་བར་འགྱུར་རོ། །ཞེས་སོགས་གསུངས་པ་ལྟར་རོ། །དེ་ཡང་ཇི་སྐད་དུ། སློབ་དཔོན་བདེ་བྱེད་བདག་པོས། བཅོམ་ལྡན་དེ་ནི་བདག་གི་གཉེན་མིན་མུ་སྟེགས་གཞན་དག་དགྲ་མ་ཡིན། །དེ་དག་གི་སྦྱོད་གཞན་ཡང་མངོན་སུམ་གྱུར་བ་མ་མཐོང་སྟེ། །ཚིག་དང་སྤྱོད་པ་དག་གིས་སོ་སོའི་ཁྱད་པར་ཐོས་པ་ལས། །སངས་རྒྱས་སྤྱོད་པ་ཕུལ་དུ་ཕྱིན་ལ་དད་ཕྱིར་བདག་བསྟེན་ལགས། །བདེ་བར་གཤེགས་པ་བདག་གི་ཕ་མིན་མུ་སྟེགས་གཞན་དག་དགྲ་མ་ཡིན། །དེ་བཞིན་གཤེགས་དེས་བདག་ནོར་མ་སྩལ་གཟེགས་ཟན་སོགས་ཀྱིས་ཅང་མ་ཕྲོགས། །འོན་ཀྱང་སངས་རྒྱས་བཅོམ་ལྡན་དེ་ནི་གཅིག་ཏུ་འགྲོ་ལ་ཕན་མཛད་གསུང་། །དྲི་མེད་དྲི་མ་ཐམས་ཅད་སེལ་བ་གང་ཡིན་དེ་ལ་བདག་དད་ལགས། །ཞེས་པ་ལྟར་དང་། གང་ལ་སྐྱོན་ནི་མི་མངའ་ཞིང་། །ཡོན་ཏན་ཐམས་ཅད་ཡོད་གྱུར་ན། །ཚངས་དང་ཁྱབ་འཇུག་དབང་ཕྱུག་ཆེ། །དེ་ཡང་བདག་གི་སྟོན་པ་ཡིན། །གང་ལ་སྐྱོན་ནི་མི་མངའ་ཞིང་། །ཡོན་ཏན་ཐམས་ཅད་མངའ་བ་དང་། །ཐམས་ཅད་མཁྱེན་དང་ཐུགས་རྗེ་ཅན། །དེ་ལ་བདག་ནི་སྐྱབས་སུ་མཆི། །ཞེས་དང་། བདག་ནི་སངས་རྒྱས་ཕྱོགས་མི་འཛིན། །སེར་སྐྱ་སོགས་ལ་མི་སྡང་ཡང་། །གང་ཞིག་རིགས་པར་ལྡན་པའི་ཚིག །དེ་ཉིད་སྟོན་པར་ཡོངས་སུ་འཛིན། །ཞེས་གཟུ་བོར་གནས་པས་གསུངས་པ་ལྟར་རོ། །
དེ་ནས་ཡང་གསུངས་པ། ས་འདི་རྒྱ་མཚོ་བཞི་ཡི་སྐ་རགས་གཏམས་པའི་ལྗིད་ཀྱིས་ནི། །ལྕི་ལྕི་ལྟར་འདུག་ཁྱབ་འཇུག་བྱིན་ཡང་སྟོབས་ལྡན་སྡུག་བསྔལ་གནས་སྐབས་གྱུར། །ཐུབ་པ་ལ་ནི་རྡུལ་ཙམ་ཕུལ་བས་རྒྱལ་པོ་མྱ་ངན་མེད་པ་ཡིས། །ཟླ་བའི་དཀྱིལ་འཁོར་རྫོགས་པའི་འོད་ཟེར་གོས་ཅན་ས་སྟེང་མཐའ་དག་ཐོབ། །ཅེས་ས་ཆེན་པོ་འདི་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོ་བཞི་ཡིས་སྐ་རགས་ལྟར་ཀུན་ནས་ཡོངས་སུ་བསྐོར་བས་གཏམས་པའི་ལྗིད་གྱིས་ལྕི་ལྕི་ལྟར་འདུག་པ་འདི། རྒྱལ་པོ་སྟོབས་ལྡན་གྱིས་ཁྱབ་འཇུག་ལ་བྱིན་ཡང་། དེའི་ལན་དུ་ཁྲེལ་མེད་པ་ཁྱབ་འཇུག་གིས་རྒྱལ་པོ་སྟོབས་ལྡན་བཟུང་ནས་ས་འོག་ཏུ་བཅུག་སྟེ། བཟོད་པར་དཀའ་བའི་སྡུག་བསྔལ་མྱོང་བའི་གནས་སྐབས་ཐོབ་པར་བྱས་སོ། །ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ལ་ནི། དངོས་པོ་བཟང་བོ་ལྟ་ཅི་རྡུལ་ཙམ་དད་པས་ཕུལ་བ་ལ་ཡང་བསོད་ནམས་ཀྱི་ཞིང་ཤིན་ཏུ་བཟང་བའི་སྟོབས་ཀྱིས་འབྲས་བུ་ཡིད་དུ་འོང་བ་རྒྱ་ཆེན་པོ་ཐོབ་སྟེ་དཔེར་ན། སྔོན་བཅོམ་ལྡན་འདས་རྒྱལ་བོའི་ཁབ་ཏུ་བསོད་སྙོམས་ལ་གཤེགས་པའི་སྐབས་ཞིག་ན། ཁྱེའུ་རྒྱལ་བ་ཞེས་བྱ་བས་བཅོམ་ལྡན་འདས་མཐོང་མ་ཐག་ཏུ་ཤིན་ཏུ་དང་པའི་སེམས་སྐྱེས་པར་གྱུར་ཀྱང་། འབུལ་རྒྱུ་གཞན་མ་རྙེད་པར་སྲང་ལམ་གྱི་ས་རྡུལ་སྙིམ་པ་གང་ཕུལ་བས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱ་ལོན་པ་ན་ཁྱེའུ་རྒྱལ་བ་འདི། མྱ་ངན་མེད་ཅེས་བྱ་བའི་སྟོབས་ཀྱིས་འཁོར་ལོས་བསྒྱུར་བའི་རྒྱལ་བོར་འགྱུར་རོ། །ཞེས་ལུང་བསྟན་པ་ལྟ་བུའོ། །ཕྱིས་སུ་ཆོས་རྒྱལ་མྱ་ངན་མེད་ཀྱིས་ཟླ་བའི་དཀྱིལ་འཁོར་རྫོགས་པའི་འོད་ཟེར་གྱིས་ཁྱབ་པའི་ས་སྟེང་མཐའ་དག་ཐོབ་པར་གྱུར་ཏོ།།
༈ འདིར་སྨྲས་པ། དགེ་དང་མི་དགེ་ལས་ལམ་བཅུ་ཡི་ཚུལ། །ཕྱོགས་ཀྱི་ཤེས་ལྡན་དག་ལ་གཏམ་དུ་བྱས། །དེ་ཡང་ཕན་འདོད་བསམ་པས་སྨྲས་པ་སྟེ། །གལ་ཏེ་མི་ཕན་གྱུར་ཀྱང་གཅིག་ཤོས་མིན། །རིག་པའི་སྣང་བ་བྱེ་བའི་གཟི་བརྗིད་ཅན། །ཕྱི་ནང་འཇིག་རྟེན་གསལ་བའི་ཉིན་མོར་བྱེད། །བློ་གྲོས་ཤར་རིའི་རྩེ་ནས་དེང་འདིར་ཤར། །ཕྱོགས་ཀྱི་ཀུན་དགའི་མེ་ཏོག་འཛུམ་ལ་ཕྱོགས།། ལས་འབྲས་ཚུལ་ལས་བརྩམས་པའི་ཀུན་བཟང་གཏམ། །ཅུང་ཟད་བརྗོད་པའི་བསོད་ནམས་ཡིད་བཞིན་ནོར། །མི་ཟད་ཕན་བདེ་དགོས་འདོད་ཀུན་འབྱུང་ནི། །སེམས་ཅན་ཀུན་གྱི་ལོངས་སྤྱོད་ཉིད་གྱུར་ཅིག། །།ཅེས་ལས་འབྲས་ཀྱི་རྣམ་བཞག་ཅུང་ཟད་བརྗོད་པ་མང་ཐོས་རྒན་པོའི་འབེལ་གཏམ་ཞེས་བྱ་བ་འདི་ནི། བོད་ལྗོངས་ལྷ་ས་ནས་མཁས་དབང་བློ་གྲོས་རྒྱ་མཚོས་ལས་རྒྱུ་འབྲས་ཀྱི་རྣམ་བཞག་ལུང་རིགས་དང་ལྡན་པ་ཞིག་འབྲི་དགོས་ཞེས་ཡི་གེའི་ལམ་ནས་ནན་ཏན་ཆེན་པོས་བསྐུལ་བ་ལ་བརྟེན་ནས། ཚེ་ཡི་རིག་བྱེད་འཛིན་པའི་སྨན་རམས་པ། དགེ་སློང་ཡེ་ཤེས་རྒྱ་མཚོ་ཞེས་བྱ་བས། རབ་བྱུང་བཅུ་བདུན་པའི་བགྲང་བྱ་དྲུག་པ་ཆུ་ཕོ་སྤྲེལ་གྱི་ལོར་མདོ་སྨད་བྱང་ཕྱོགས་ཀྱི་བ་ཡན་རྫོང་གི་སྨན་གྱི་ཕོ་བྲང་ཆེན་པོར་བྲིས་པ་དགེ་ལེགས་སུ་གྱུར་ཅིག། །།སྤར་འདི་ཁ་སྒང་ཨོ་བསོ་བཀྲ་ཤིས་ཆོས་རྫོང་དུ་བཞུགས།།
རྩོམ་སྒྲིག་པ། ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག
དྲ་བའི་སྦྲེལ་ཐགhttp://www.tb1025.cn