སྦྱོར་བའི་ཆོས་དྲུག་ཉམས་སུ་ལེན་ཚུལ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-12-01 22:00:14     རྩོམ་པ་པོ།   ཤེས་རབ་བསྟན་དར།    ཀློག་ཐེངས།  


སྤྱིར་ཆོས་གང་དང་གང་ཉམས་སུ་ལེན་པ་ལ་སྦྱོར་དངོས་མཇུག་གསུམ་གྱི་རིམ་ པ་ཡོད་ཅིང་སྦྱོར་བ་ནི་གང་དང་གང་ཡིན་རུང་སྦྱོར་བའི་ཆོས་དྲུག་དགོས་ཏེ། དང་བོ་ནི་གནས་ཁང་བྱི་དོར་བྱ་ཞིང་སྐུ་གསུང་ཐུགས་རྟེན་བཀྲམ། གཉིས་པ་མཆོད་པ་གཡོ་མེད་ཅིང་བཀོད་པ་མཛེས་པར་བཤམས་པ། གསུམ་པ་སྟན་བདེ་བ་ལ་ཚུལ་དང་         མཐུན་པའི་སྤྱོད་ལམ་གྱིས་འཁོད་དེ་སྐྱབས་འགྲོ་སེམས་བསྐྱེད་བྱ། བཞི་བ་ཚོགས་   གསག་སའི་ཞིང་ས་ལྟ་བུ་སྟེ་ཚོགས་ཞིང་གསལ་འདེབས་པ། ལྔ་བ་བསགས་སྦྱང་གི་  གནད་འདུས་པ་ཡན་ལག་བདུན་པ་འབུལ་བ། དྲུག་པ་མནྜལ་ཕུལ་ཏེ་རང་གི་འདོད་དོན་གསོལ་བ་སྟེ་དྲུག་ཡིན། 

 1.གནས་ཁང་བྱི་དོར་ནི་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་སྤྱན་འདྲེན་  པའི་དོན་དུ་བྱི་དོར་བྱ་བ་ལས་གནས་ཁང་གཙང་སང་བ་རེ་བྱས་ཏེ་སྐྱིད་པོར་བྱས་  ནས་འདུག་སྙམ་པ་མ་ཡིན་པར་གནས་ཁང་བྱི་བ་ནི་ཕྱགས་མས་རྡུལ་སོགས་ཕྱགས་པ་ལྟ་བུ་དང་དོར་བ་ནི་དེ་དག་ཕྱི་རོལ་ཏུ་འཕངས་པ་ལྟ་བུ་རེད། དེ་ཡང་སྡུག་ཀུན་     གཉིས་གད་སྙིགས་ལྟ་བུ་དང་ཕྱགས་མ་ནི་ལམ་བདེན་ལྟ་བུ། བྱི་དོར་རྗེས་ཀྱི་གཙང་  སང་ངེ་བ་འགོག་བདེན་ལྟ་བུར་བསམ་སྟེ་ཉམས་ལེན་བྱས་ན་བདེན་བཞིའི་ཉམས་  ལེན་དང་ཞིང་སྦྱོང་བའི་ཉམས་ལེན་ཏུའང་འགྲོའོ། །ཕྱགས་དུས། རྡུལ་འདི་ས་རྡུལ་མ་ཡིན་ལས་ངན་རྡུལ། །ལས་ངན་རྡུལ་ནི་བདག་ནི་བྱི་དོར་བགྱི། །ཞེས་པའི་དོན་བསམ་ནས་ངག་གིས་འདོན་བཞིན་བྱི་དོར་བྱས་ཏེ་སྟེགས་ཀྱི་དབུས་ལ་ཐུབ་དབང་གི་སྐུ་རབ་གནས་ཅན། ཤེར་ཕྱིན་གླེགས་བམ། མཆོད་རྟེན་སོགས་ཅི་རིགས་བཞུགས་སུ་གསོལ། 

 2.མཆོད་པ་གཡོ་མེད་པར་མཛེས་པར་བཤམས་ཏེ་གཡོ་ནི་ཀུན་སློང་སྟེ་འཇིག་  རྟེན་ཆོས་བརྒྱད་ཀྱི་དབང་དུ་མ་སོང་བ་ཞིག་དགོས་ལ་དེ་ཡང་མཆོད་པ་དངོས་པོ་ལ་མ་ཐོགས་རང་གི་དད་པ་ལ་འཐོག་གསུངས་པ་ལྟར་དད་པ་ཡོད་ན་མཎྜལ་དང་ཆུ་   བློས་མ་བཟུང་བའི་མཆོད་པ་ལ་སོགས་པས་མཆོད་ཀྱང་ཆོག་ལ་ཆུ་དྭངས་བསིལ་འདི་ཡང་ལེགས་པར་ཕུལ་ན་དཀོར་དང་ཚུལ་འཆལ་གྱི་སྒྲིབ་པས་རྙོག་པ་འདག་ཅིང་ཚུལ་ཁྲིམས་གཙང་མར་འགྱུར་བ་དང་། དྭངས་ཤིང་བསིལ་པས་རང་རྒྱུད་བྱམས་དང་སྙིང་རྗེ་བྱང་སེམས་ཀྱིས་བརླན་པའི་རྟེན་འབྲེལ་ཆེ་གསུངས། མཆོད་པ་ལ། མཆོད་ཡོན།  ཞབས་བསིལ། མེ་ཏོགབདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་སོགས་འབུལ། 

 3.སྟན་བདེ་བ་ནི་རྒྱབ་ཅུང་མཐོ་ལ་མདུན་དམའ་བ་དེའི་འོག་ཏུ་གཙང་བའི་རྫས་ཀུ་ཤ་དང་ཚེ་རིང་བའི་རྫས་དུར་བ། ས་གཞི་བྱིན་གྱིས་བརླབས་པའི་རྟགས་སུ་གཡུང་དྲུང་ཆོས་སྐོར་འབྲི། རྣམ་སྣང་ཆོས་བརྒྱད་ཏེ། རྐང་བ་རྡོ་རྗེ་སྐྱིལ་དྲུང་། ལག་པ་མཉམ་བཞག སྐེད་པ་དྲང་བོར་བསྲང་བ་སྟེ་གསུམ། སོ་དང་མཆུ་རང་སར་བཞག ལྕེ་རྩེ་རྐན་ ལ་སྦྱར་བ་སྟེ་བསྡོམས་པས་བཞི། མགོ་མ་ཡོ་བར་གནས། མིག་སྣ་རྩེར་ཕབ། ཕྲག་པ་    ཐད་ཀར་བཞག  དབུགས་དལ་བུར་རྒྱུ་བ་དང་བཞི་སྟེ་བརྒྱད་ཀྱིས་སྒོ་ནས་བཞུགས་  ཤིང་བླ་མ་ལ་སྐྱབས་སུ་མཆིའོ་སོགས་ཀྱིས་སྐྱབས་འགྲོ་དང་། སངས་རྒྱས་ཆོས་ཚོགས་མས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་འཐོབ་པར་བྱའོ་སྙམ་པའི་སེམས་བསྐྱེད་བསྒོམ། དེ་ནས་ཡང་ཚད་མེད་བཞི་བསྒོམས་ཏེ་ཚད་མེད་ཅེས་པ་སེམས་ཅན་ ཚད་མེད་པ་ལ་དམིགས་པ་དང་དགེ་བ་ཚད་མེད་པ་འབྱུང་བས་ཚད་མེད་དེ་སེམས་ ཅན་ཐམས་ཅད་བདེ་བ་དང་ལྡན་འདོད་བྱམས་པ་དང་སྡུག་བསྔལ་དང་འབྲལ་    འདོད་སྙིང་རྗེ། བདེ་བ་མི་འབྲལ་བར་འདོད་པ་དགའ་བ། སེམས་ཅན་ལ་ཉེ་རིང་   ཆགས་སྣང་མེད་པ་བཏང་སྙོམས་ཡིན་ཏེ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་ བའི་རྒྱུ་དང་ལྡན་པར་གྱུར་ཅིག་སོགས་ཀྱིས་བསྒོམ། 

 4.ཚོགས་ཞིང་ནི་ཚོགས་གསག་པའི་ཞིང་ས་ལྟ་བུ་སྟེ་སེང་གེ་ཆེན་པོ་བརྒྱད་ཀྱིས་ བཏེགས་པའི་རིན་པོ་ཆེའི་ཁྲི་མཐོ་ཞིང་ཡངས་པའི་སྟེང་དུ་པདྨ་དང་ཉི་མ་ཟླ་བའི་   གདན་གྱི་སྟེང་དུ་རང་གི་དྲིན་ཅན་རྩ་བའི་བླ་མ་དང་ངོ་བོ་དབྱེར་མ་མཆིས་པའི་    དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མ་ལྟ་བུར་དྭངས་ཤིང་དྲི་མ་མེད་པ། ཕྱག་གཡས་ས་གནོན་གྱི་ཕྱག་རྒྱ་གུང་མོའི་རྩེ་མོ་གདན་ལ་རེག་པ། གཡོན་མཉམ་    བཞག་གི་ཕྱག་རྒྱའི་སྟེང་དུ་བདུད་རྩིས་གང་བའི་ལྷུང་བཟེད་བསྣམས་པ། དབུ་གཙུག་ཏོར་དང་ལྡན་པ། སྐུ་ལས་སྐྱེས་པའི་འོད་ཀྱི་ཕུང་བོའི་དབུས་ན་ཞབས་གཉིས་རྡོ་རྗེ་  སྐྱིལ་དྲུང་གིས་བཞུགས་པར་བསམ། དེའི་གཡས་ཕྱོགས་ཀྱི་སྟེང་གི་ནམ་མཁར་རྗེ་   བཙུན་བྱམས་པ་མགོན་པོ་ལ་སློབ་དཔོན་ཐོགས་མེད་དང་དབྱིག་གཉེན་སོགས་རྒྱ་  ཆེན་སྤྱོད་རྒྱུད་ཀྱི་བླ་མ་རྣམས་ཀྱིས་བསྐོར་ནས་བཞུགས་པ། གཡོན་ཕྱོགས་ཀྱི་སྟེང་གི་ནམ་མཁར་རྗེ་བཙུན་འཇམ་པའི་དབྱངས་ལ་མགོན་པོ་ཀླུ་སྒྲུབ་ཡབ་སྲས་སོགས་ཟབ་མོ་ལྟ་རྒྱུད་ཀྱི་བླ་མ་རྣམས་ཀྱིས་བསྐོར་ནས་བཞུགས་པ། རྒྱབ་ཀྱི་ནམ་མཁར་མགོན་པོ་སྤྱན་རས་གཟིགས་ལ་མཁན་པོ་ཞི་བ་འཚོ་དང་ཇོ་བོ་ཨ་ཏི་ཤ་རྗེ་རིན་པོ་ཆེ་སོགས་བླ་མ་རྣམས་ཀྱིས་བསྐོར་ནས་བཞུགས་པ། དེ་དག་གི་མཐའ་སྐོར་དུ་ཡི་དམ་སངས་རྒྱས་   རྣམས་དང་ཕྱོགས་བཞིར་རྒྱལ་བོ་ཆེན་པོ་བཞི་སོགས་སྤྲིན་གྱི་ཕུང་བོ་བཞིན་འཁྲིགས་པ་ལྟར་བཞུགས་པར་བསམ་མོ། །

 5.བསགས་སྦྱང་གི་གནད་འདུས་པའི་ཡན་ལག་བདུན་པ་ནི། ཕྱག་འཚལ་བ།  མཆོད་པ་འབུལ་བ། སྡིག་པ་བཤགས་པ། རྗེས་སུ་ཡི་རང་། ཆོས་འཁོར་བསྐོར་བར་  བསྐུལ་བ། མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ། དགེ་བའི་རྩ་བ་རྫོགས་ བྱང་དུ་བསྔོ་བ་དང་བདུན་ཏེ་བཤགས་པས་སྒྲིབ་པ་སྦྱོང་ཞིང་གཞན་དྲུག་གིས་ཚོགས་ཆེན་པོ་གསོག་པས་བསགས་སྦྱང་གི་གནད་འདུས་པ་ཟེར་ལ་ཡན་ལག་ཅེས་བརྗོད་  པའི་རྒྱུ་མཚན་ནི་དཔེར་ན་ཤིང་རྟའི་ཡན་ལག་མ་ཚང་ན་ཤིང་རྟ་འགྲོ་མི་ཐུབ་པ་    བཞིན་ཡན་ལག་བདུན་པ་འདི་མེད་ན་སངས་རྒྱས་སུ་འགྲོ་བའི་ཐབས་མེད་པས་ཡིན་ནོ། །

 (1)ཕྱག་ནི་འདུད་པ་ཡིན་ལ་ཡིད་ཀྱི་དད་པས་འདུད་པ་ཡིད་ཀྱི་ཕྱག་དང་ངག་  གིས་བསྟོད་དབྱངས་བྱེད་པ་ངག་གི་ཕྱག་དང་། ལུས་ཀྱིས་ཕྱག་འཚལ་བ་ལུས་ཀྱི་ཕྱག་ཡིན། ཕྱག་འཚལ་ཚུལ་ནི་སྐྱབས་ཡུལ་རྣམས་ལ་དད་པའི་སེམས་ཀྱིས་རྐང་བ་གཉིས་ གཤིབ། ལུས་དྲང་བོར་བསྲངས། ཐལ་མོ་ཁོང་སྟོང་དུ་སྦྱར་ཏེ། སྤྱི་བོ་དང་མགྲིན་པ་  སྙིང་ག་གསུམ་དུ་གཏུགས་ནས་དཔྲལ་བ་དང་ལག་པ་གཉིས། པུས་མོ་གཉིས་ཐང་དུ་ཐུག་པར་བྱས་ནས་ཕྱག་འཚལ་བ་ལ་ཡན་ལག་ལྔ་ཕྱག་ཟེར། མདོ་ལས། སྡོང་བོ་ས་ལ་འགྱེལ་བ་ལྟར་ཕྱག་འཚལ་བ་ནི་ད་ལྟའི་བརྐྱངས་ཕྱག་འདི་ཡིན་གསུངས། དེ་ཡང་   ཐལ་མོ་ཁོང་སྟོང་དུ་སྦྱར་བས་བདག་མེད་མཚོན་པས་ཆོས་སྐུ་དང་ཐལ་མོའི་གཟུགས་སམ་དབྱིབས་ཀྱིས་གཟུགས་སྐུ། ཡ་གཉིས་ཀྱིས་ཐབས་ཤེས། སྦྱར་བས་ཐབས་ཤེས་   ཟུང་འབྲེལ་གྱི་ལམ་མ་སྐྱེ་བ་སྐྱེས་པ། སྐྱེས་པ་གནས་པ། གནས་པ་གོང་འཕེལ་དུ་འགྲོ་བའི་རྟེན་འབྲེལ་འགྲིག ཐལ་མོ་སྤྱི་བོར་སྦྱར་བས་སྤྱི་བོའི་རྩ་མདུད་འགྲོལ། རྒྱལ་བའི་སྐུ་མཚན་དཔེས་སྤྲས་པ་དང་། ཁྱད་པར་གཙུག་ཏོར་བལྟར་མི་མངོན་པ་འགྲུབ། ཨོལ་མདུད་ཀྱི་ཐད་དུ་སྦྱར་བས་མགྲིན་པའི་རྩ་མདུད་འགྲོལ། གསུང་དབྱངས་དྲུག་ཅུ་རྩ་ བཞི། མགྲིན་པ་དུང་འདྲ་སོགས་གསུང་གི་ཡོན་ཏན་འགྲུབ། ནུ་མ་གཉིས་ཀྱི་དབུས་ཀྱི་སྙིང་གར་སྦྱར་བས་སྙིང་གའི་རྩ་མདུད་འགྲོལ། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་   ཤེས་འགྲུབ་པའི་བག་ཆགས་འཇོག དེ་གསུམ་གྱིས་སྒོ་གསུམ་གྱི་སྡིག་གྲིབ་འདག་     གསུངས། ཕྱག་འཚལ་པའི་ཕན་ཡོན་ནི་རང་གི་ལུས་ཀྱིས་ཇི་ལྟར་ནོན་པའི་དབང་   ཆེན་གསེར་གྱི་ས་གཞི་ལ་ཐུག་པའི་བར་གྱི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་   འཁོར་ལོས་བསྒྱུར་བའི་རྒྱལ་བོར་སྐྱེ་བར་འགྱུར་གསུངས། 

(2)མཆོད་པའི་སྐད་དོད་པུ་ཛ་ཞེས་པ་མཉེས་པ་ལ་འཇུག་པས་མཆོད་པ་    དངོས་ནི་མཆོད་རྫས་དེ་དག་ཕུལ་བ་ལ་བརྟེན་ནས་སྐྱབས་རྣམས་ཀྱི་ཐུགས་མཉེས་  པའི་བདེ་བ་དེ་འཇོག མཆོད་པ་བླ་ན་ཡོད་པ་ནི། མེ་ཏོག་འཕྲེང་བ་ལ་སོགས་པ་     འབུལ་བའི་མཆོད་པ་དེ་ཡིན་ལ། བླ་ན་མེད་པའི་མཆོད་པ་ནི་མི་ཕལ་བའི་སྤྱོད་ཡུལ་ ལས་འདས་པའི་ས་མཐོན་པོ་ལ་གནས་པའི་བྱང་སེམས་རྣམས་ཀྱི་རྫུ་འཕྲུལ་གྱིས་    བཟང་རྒུར་སྤྲུལ་བའི་མཆོད་པ་སྟེ་དེའི་གོང་ན་གཞན་མེད་པས་སོ། །

(3)སྡིག་པ་བཤགས་པ་ནི་སྟོབས་བཞིའི་སྒོ་ནས་བཤགས་ཤིང་སྡོམ་པ་སྟེ་སྔར་བཅས་བཤགས་ཤིང་ཕྱིན་ཆད་མི་བསྒྲུབ་པར་དམ་བཅའ་བ་ཡིན། སྟོབས་བཞི་ནི་  རྟེན་གྱི་སྟོབས། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། རྣམ་པར་སུན་འབྱིན་པའི་སྟོབས། ཉེས་པ་ལས་སླར་བཟློག་པའི་སྟོབས་ཏེ་བཞི། སྐྱབས་འགྲོའི་ཚིག་སོགས་བརྗོད་དེ་   སྐྱབས་འགྲོ་སེམས་བསྐྱེད་ལ་སོགས་བསྒོམ་པ་ནི་རྟེན་གྱི་སྟོབས། བདེ་གཤེགས་སོ་ལྔ་ སོགས་ལ་ཕྱག་འཚལ་བ་སྟེ་མི་དགེ་བའི་གཉེན་པོ་དགེ་བའི་ལས་ལ་སྤྱོད་པ་ནི་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། སྔར་བྱས་ཀྱི་སྡིག་པ་ལ་འགྱོད་དེ་དཀོན་མཆོག་གི་སྤྱན་  སྔར་མཐོལ་བཤགས་བྱེད་པ་ནི་རྣམ་པར་སུན་འབྱིན་པའི་སྟོབས་ཏེ། ཕྱིན་ཆད་བདག་གིས་ཉེས་པ་དེ་དག་གཏན་ནས་མི་བྱེད་ཅེས་དམ་བཅའ་བ་ནི་ཉེས་པ་ལས་སླར་ཟློག་པའི་སྟོབས་ཏེ་མཚམས་མེད་ཀྱི་ལས་ཡིན་རུང་གཉེན་པོ་སྟོབས་བཞིས་བཤགས་ན་    འདག་ནུས་ཏེ་དཔེར་ན་སོར་འཕྲེང་ཅན་དང་མ་སྐྱེས་དགྲ་སོགས་ཀྱི་བྱུང་བ་བཞིན་ ཡིན་པས། ནངས་པར་ལྟུང་བཤགས་ཚར་གསུམ་དང་ཉལ་ཁར་ཚར་གསུམ་རེ་འདོན་པ་དམ་པ་རྣམས་ཀྱིས་ཕྱག་ལེན་གནང་གིན་ཡོད། 

(4)རྗེས་སུ་ཡི་རང་ནི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ། རང་རྒྱལ།  ཉན་ཐོས་སློབ་པ་དང་མི་སློབ་པ། ལམ་ལ་ཞུགས་པའི་འགྲོ་བ་སྟེ་གང་ཟག་ཚན་པ་ལྔའི་དགེ་བ་ལ་རྗེས་སུ་ཡི་རང་ལ་བྱེད་དེ། རྗེས་སུ་ཡི་རང་ནི་དགའ་བ་སྟེ་དེ་དག་གིས་དགེ་བ་བྱས་པ་ལ་སེམས་དགའ་བའོ། །དེ་ལ་རྗེས་སུ་ཡི་རང་བྱས་པས་དེ་དག་གི་བསོད་   ནམས་དང་མཉམ་པ་འཐོབ་བོ། །

(5)བསྐུལ་བ་ནི་སངས་རྒྱས་རྣམས་ལ་ཆོས་ཀྱི་འཁོར་ལོ་འཁོར་བར་བསྐུལ་   ཞིང་གསོལ་བ་འདེབས་པ་ལས་སངས་རྒྱས་ཀྱི་ཞིང་དག་པར་ནམ་ཡང་སྐྱེས་ཤིང་སྐྱེ་བ་ཐམས་ཅད་དུ་དགེ་བའི་བཤེས་གཉེན་དང་། དམ་པའི་ཆོས་ཀྱི་འདུ་ཤེས་དང་མི་    འབྲལ་བ་དང་། རང་ཉིད་མ་འོངས་པའི་ཚེ་གཞན་གྱིས་ཆོས་འཁོར་བསྐོར་བར་     བསྐུལ་བ་དང་། ཆོས་ཀྱི་བར་ཆད་བྱས་པ་སོགས་ཆོས་ཀྱིས་ཕོངས་པར་འགྱུར་བའི་  ཆོས་སྤོང་གི་ལས་ཐམས་ཅད་དག་ནས་ཆོས་ཀྱིས་མི་ཕོངས་པར་གསུངས་སོ། །

(6)མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ་ནི་ཕྱོགས་བཅུའི་འཇིག་ རྟེན་ཁམས་ན་སངས་རྒྱས་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ་ཆོས་    འཁོར་བསྐོར་བ་སོགས་ཀྱི་ཆེད་ཡིན་པས་འབྲལ་མེད་རྗེས་འཛིན་སོགས་འཕྲལ་     ཕུགས་ཀྱི་དགོས་པ་ཆེ་གསུངས། 

(7)བསྔོ་བ་ནི་དགེ་བའི་རྩ་བ་དེས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་  བྱང་དུ་བསྔོ་བ་སྟེ་དགེ་བ་ཆུད་མི་ཟ་བ་ཞིང་འཕེལ་བའི་ཆེད་དུ་ཡིན་ཏེ་མདོ་ལས། ཇི་ལྟར་རྒྱ་མཚོ་ཆེ་ནང་ཆུ་ཐིགས་ལྷུང་། །རྒྱ་མཚོ་མ་ཟད་བར་དུ་དེ་མི་ཟད། །དེ་བཞིན་   བྱང་ཆུབ་རྒྱུར་བསྔོའི་དགེ་བ་ཡང་། །བྱུང་ཆུབ་མ་འཐོབ་བར་དུ་དེ་མི་ཟད། །ཅེས་    གསུངས་པ་ལྟར་རོ། །

 6.མནྜལ་ཕུལ་ཏེ་གསོལ་བ་འདེབས་པ་ནི། མནྜལ་ཞེས་པ་ནི་སྙིང་བོ་ལེན་ཅིང་  འཛིན་པ་ཞེས་པའི་དོན་ཏེ་སྣོད་བཅུད་ཀྱི་རྟེན་བློས་བླངས་ཏེ་ཕུལ་བ་ལ་བསོད་ནམས་རླབས་པོ་ཆེའི་སྙིང་བོ་ལེན་པར་བྱེད་པ་ཡིན། མནྜལ་གྱི་རྒྱུ་ལ་རབ་གསེར་དངུལ།    འབྲིང་ལི་ཟངས་མཁར་བ། ཐ་མ་རྡོ་ལེབ་ཤིང་སོགས་ཀྱང་རུང་སྟེ་ཚོམ་བུ་རབ་རིན་  ཆེན་སྣ་ཚོགས། འབྲིང་འགྲོན་བུ་དང་འབྲུ་གཙང་མ། གལ་ཏེ་མ་འབྱོར་ན་དཀར་གོང་གི་ཕྱེ་མས་ཀྱང་རུང་ལ་འབྱོར་བཞིན་དུ་དེ་འདྲ་བྱས་ན་རང་གི་བསོད་ནམས་ཉམས་ པའི་རྒྱུ་ཡིན། དབྱིབས་ཟླུམ་པོ་གྲུ་བཞི་གང་རུང་གཙོ་བོར་མཛད་ལ་དྲི་བཟང་གི་ཆུས་བྱུགས་ཏེ་སྐུ་གསུང་ཐུགས་རྟེན་བཀྲམ་མེད་ན་མནྜལ་ལས་མཐོ་བའི་སྟེགས་ཀྱི་མཁར་མནྜལ་ཚོམ་བུ་ལྔ་བཀོད། དབུས་སུ་བླ་མ། ཤར་དུ་ཡི་དམ། ལྷོར་སངས་རྒྱས། ནུབ་ཏུ་ ཆོས། བྱང་དུ་དགེ་འདུན་གསལ་བཏབ་པ་ལ་སྒྲུབ་པའི་མནྜལ་ཟེར། ལག་པ་གཡོན་  འབྲུ་དང་བཅས་མནྜལ་བཟུང་། གཡས་པ་འབྲུ་དང་བཅས་ལག་ངར་གྱིས་མནྜལ་   གཡས་སྐོར་དུ་ལན་གསུམ་ཕྱིས་ན་དེར་བྱང་ཆུབ་སེམས་རྩ་ཡོད་པས་ལས་ཉོན་སྡིག་ སྒྲིབ་སྦྱང་བ་དང་བྱམས་སྙིང་རྗེས་རྒྱུད་བརླན་པའི་རྟེན་འབྲེལ་ཡོད། ཕྱིས་ཚར་མ་   ཐག་ལག་གཡས་འབྲུ་ནི་མནྜལ་གྱི་དབུས་སུ་བཀོད་དེ་ཞིང་ཁམས་དབུལ་བར་ཞུ་ཞེས་པ་ལྟ་བུས་སྙན་གསན་ཕུལ་ཏེ་མནྜལ་ཆོ་ག་ལྟར་སོ་བདུན་མ་སོགས་རྒྱས་བསྡུས་གང་ རུང་དམིགས་པ་དང་བཅས་ཏེ་དབུལ། མདོ་ལུགས་ལ་འདི་ལས་རྒྱ་ཆེ་བའི་མཆོད་པ་འབུལ་ཚུལ་མེད་པས་བླ་ན་མེད་པའི་མཆོད་པ་ཟེར་ལ། དེ་ནས་གསོལ་འདེབས་རྒྱས་བསྡུས་གང་རུང་འདེབས། 

དངོས་གཞི་ནི་གང་གི་སྐབས་ཡིན་ན་དེའི་གཞུང་ལས་ཇི་ལྟར་འབྱུང་བ་བཞིན་ ཉམས་སུ་ལེན་ལ་སྤྱིར་ཐོ་རེངས། སྔ་དྲོ། ཕྱི་དྲོ། སྲོད་དེ་ཐུན་བཞི་ལ་སྒོམ་པ་ཡིན་     མོད་དང་བོ་ནས་ཡུན་རིང་ན་བྱིང་རྒོད་ཀྱི་དབང་དུ་འགྲོ་སླ་ཞིང་དེ་ལ་གོམས་ན་བློ་  འཁྱོངས་དཀའ་བས་ཐུན་ཆུང་ལ་གྲངས་མང་བར་བྱ་གསུངས། སྒོམ་འདོད་པའི་འཕྲོ་བཅད་ཀྱིན་སྒོམ་བྱས་པས་ཕྱི་མར་འཇུག་འདོད་ལ་དེ་མིན་མལ་མཐོང་ཚེ་སྐྱུག་ལོག་པ་འོང་གསུངས། ཐུན་མཚམས་སུ། བློ་སྦྱོང་མེད་ན་རི་མོའི་མར་མེ་འདྲ། །སྡོམ་ཁྲིམས་  མེ ད་ན་བདག་མེད་གཏེར་དང་འདྲ། །ཚོགས་བསགས་མེད་ན་བརླན་མེད་ས་བོན་  དང་འདྲ། །ཞེས་གསུངས་པ་ལྟར་ཡིན་པས་དེ་གསུམ་སུམ་སྒྲིལ་དུ་ཉམས་སུ་ལེན་པ་  དང་ཕྱག་སྐོར་དང་ཁ་ཏོན་སོགས་ཚོགས་བསགས་སྒྲིབ་སྦྱངས་དང་སྐབས་གང་ཡིན་གྱི་དམིགས་སྐོར་སྟོན་པའི་གསུང་རབ་དགོངས་འགྲེལ་དང་བཅས་པ་ལ་ལྟ་བ་སོགས་མང་དུ་ཡོད་ཀྱང་གཙོ་བོ་དབང་བོའི་སྒོ་སྡོམ་པ། ཤེས་བཞིན་དུ་སྤྱོད་པ། ཟས་ཀྱི་ཚོད་རིག་པ། མི་ཉལ་བར་རྣལ་འབྱོར་ལ་བརྩོན་པ་བཞི་ཡིན། ཉལ་བའི་ཚེ་སྣང་བའི་འདུ་ ཤེས་དང་དྲན་པ། ཤེས་བཞིན། ལྡང་བའི་འདུ་ཤེས་ཏེ་དེ་གསུམ་བྱ་དགོས་སོ། །


རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།