མྱུར་དུ་འགྱུར་བས་སྐྱོ་བ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2018-02-25 16:08:35     རྩོམ་པ་པོ།   ཐུའུ་བཀྭན་ཆོས་ཀྱི་ཉི་མ།    ཀློག་ཐེངས།  

              དབྱར་དུས་ཆུ་འཛིན་འབྲུག་སྒྲ།

ཆར་རྒྱུན་གློག་དམར་འཁྱུག་པ།།

རྟེན་འབྲེལ་དབང་གིས་འཛོམས་ཀྱང་།།

མྱུར་དུ་འགྱུར་བས་སྐྱོ་བ།།

ལྗོན་ཤིང་འདི་དག་ཀུན་ཀྱང་།།

གཡུ་ལོ་མཛེས་པས་བརྒྱན་ཡང་།།

ནམ་ཞིག་ལོ་འབྲས་བྲལ་ནས།།

སྐྱ་བོར་འགྱུར་པས་སྐྱོ་བ།།

ནེའུ་གསིང་ཀུན་ཀྱང་ནེ་ཙོའི།།

གཤོག་པ་ཇི་བཞིན་ལྗང་བ།།

ནམ་ཞིག་སེར་པོར་གྱུར་ནས།།

ཡིད་མི་འོང་བས་སྐྱོ་བ།།

མེ་ཏོག་འཛུམ་པའི་ན་ཆུང་།།

བུང་བའི་གདུབ་ཀོར་གཡོ་ཡང་།།

ནམ་ཞིག་བ་མོས་བཅོམ་ནས།།

ཐལ་བར་འགྱུར་བས་སྐྱོ་བ།།

ཁུ་བྱུག་ངག་སྙན་དེ་ཡང་།།

ད་ལྟ་ལྷང་ལྷང་སྒྲོག་ཀྱང་།།

མྱུར་དུ་ཡུལ་གཞན་འགྲོ་བའི།།

ངང་ཚུལ་བསམ་ན་སྐྱོ་བ།།

ད་ལྟའི་བདེ་སྐྱིད་གཉེན་གསུམ།།

ལས་ཀྱིས་གཅིག་ཏུ་འཛོམས་ཀྱང་།།

མྱུར་དུ་སོ་སོར་འབྲལ་བའི།།

ངང་ཚུལ་བསམ་གྱིན་སྐྱོ་བ།།

ཚེ་ནི་ནམ་མཁའི་གློག་འདྲ།།

ལང་ཚོ་མེ་ཏོག་དང་མཚུངས།།

ད་ལྟ་བརྟན་བརྟན་འདྲ་ཡང་།།

མྱུར་དུ་འཇིགས་པས་སྐྱོ་བ།།

དེས་ན་སྒེག་པའི་རྡོ་རྗེ།།

དབེན་པའི་རི་ལ་སོང་ནས།།

ཕྱི་མར་འགྲོ་བའི་རྒྱགས་ཕྱེ།།

སྒྲུབ་པ་སྙིང་བོར་བྱོས་ཤིག།

   ཅེས་པའང་དབྱར་གྱི་ལང་ཚོ་ལ་བལྟས་པས་འདི་འདྲ་ཞིག་སེམས་ལ་ཤར་ནས་བྲིས།

                        རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།