ནམ་ཟླ་དབྱར་དུས་སྐྱིད་པོ་སླེབས་པ་འདི་དགའ་ཡང་།
༄༅།། ནམ་ཟླ་དབྱར་དུས་སྐྱིད་པོ་སླེབས་པ་འདི་དགའ་ཡང་།།
མྱུར་དུ་ཡལ་ཡོལ་ཟད་ནས་འགྲོ་བ་འདི་སྐྱོ་བ།།
མི་ཚེ་བདེ་སྐྱིད་མྱོང་བའི་དུས་ཚོད་འདི་དགའ་ཡང་།།
མྱུར་དུ་ཡལ་ཡོལ་ཟད་ནས་འགྲོ་བ་འདི་སྐྱོ་བ།།
མདངས་མཛེས་མེ་ཏོག་གསར་བ་ཤར་བ་འདི་དགའ་ཡང་།།
སེར་བ་དྲག་པོས་ནམ་འཇོམས་ཆ་མེད་འདི་སྐྱོ་བ།།
ནད་མེད་རྒུད་མེད་ལང་ཚོ་དར་བ་འདི་དགའ་ཡང་།།
རྐྱེན་ངན་ཐོག་ཏུ་ནམ་འབབ་ཆ་མེད་འདི་སྐྱོ་བ།།
སྦྲང་མས་འབད་ནས་རྩི་བཅུད་བསགས་པ་འདི་དགའ་ཡང་།།
དོན་མེད་ཕྱིགས་རྫིས་ཞིམ་ཟས་བྱེད་པ་འདི་སྐྱོ་བ།།
ད་ལྟ་སེར་སྣས་བོར་རྫས་བསོགས་པ་འདི་དགའ་ཡང་།།
ཉིན་གཅིག་གཞན་གྱིས་ཧབ་ཐོབ་བྱེད་པ་འདི་སྐྱོ་བ།།
འགྲོན་པོས་ཞག་མལ་ཁང་བཟང་འཛོམས་པ་འདི་དགའ་ཡང་།།
སང་ཉིན་རང་སར་སྐྱུར་ནས་འགྲོ་དགོས་འདི་སྐྱོ་བ།།
ཚེ་འདིའི་བདེ་སྐྱིད་འབྱོར་པ་འཛོམས་པ་འདི་དགའ་ཡང་།།
འཆི་ནས་རང་སར་སྐྱུར་ནས་འགྲོ་བ་འདི་སྐྱོ་བ།།
མི་རིགས་སྣ་ཚོགས་ཁྲོམ་དུ་ཞལ་འཛོམས་འདི་དགའ་ཡང་།།
མྱུར་དུ་སོ་སོར་གྱེས་ནས་འགྲོ་བ་འདི་སྐྱོ་བ།།
ཉེ་འབྲེལ་མཆེད་གྲོགས་ལྷན་ཅིག་འཛོམས་པ་འདི་དགའ་ཡང་།།
ཉིན་གཅིག་སོ་སོར་གྱེས་ནས་འགྲོ་བ་འདི་སྐྱོ་བ།།
ངང་པའི་ཚོགས་རྣམས་འཕུར་ལྡིང་རོལ་པ་འདི་དགའ་ཡང་།།
ངང་ཕྲུག་གཅིག་ཅིག་སྙི་ཡིས་ཟིན་པ་འདི་སྐྱོ་བ།།
མཆེད་གྲོགས་ཕལ་ཆེར་རི་ཁྲོད་འགྲིམ་པ་འདི་དགའ་ཡང་།།
བན་ཆུང་སྣ་ཐག་གཞན་ལ་ཤོར་བ་འདི་སྐྱོ་བ།།
དྲོ་འཇམ་ཉི་མ་དགུང་ལ་ཤར་བ་འདི་དགའ་ཡང་།།
ནུབ་རིའི་ཕག་ཏུ་བཞུད་ལ་ཉེ་བ་འདི་སྐྱོ་བ།།
སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་འདི་དགའ་ཡང་།།
རྟགས་ཙམ་འཛིན་པའི་དུས་ལ་ཉེ་བ་འདི་སྐྱོ་བ།།
རྒྱ་མཚོར་འཇུག་པའི་གྲུ་རྫིངས་འཛོམས་པ་འདི་དགའ་ཡང་།།
མཐུན་ཕྱོགས་རྒྱུ་བའི་རླུང་དང་བྲལ་བ་འདི་སྐྱོ་བ།།
གཞུང་ལུགས་དགོངས་འགྲེལ་ཐོས་བསམ་བྱེད་པ་འདི་དགའ་ཡང་།།
བརྩོན་འགྲུས་དྲག་པོས་མཐར་ཕྱིན་མེད་པ་འདི་སྐྱོ་བ།།
ནེ་ཙོས་མ་ཎྀའི་རྗེས་བཟློས་ཤེས་པ་འདི་དགའ་ཡང་།།
དོན་གྱི་ཆ་ཤས་ཙམ་ཡང་མི་ཤེས་པས་སྐྱོ་བ།།
ཁ་ནས་སྐྱོ་གླུ་ཡང་ཡང་བླངས་པ་འདི་དགའ་ཡང་།།
རྒྱུད་ལ་སྦྱོར་བའི་ཉམས་ལེན་མེད་པ་འདི་སྐྱོ་བ།།
ཞེས་པ་འདི་ཡང་འདུ་གསུམ་པ་བློ་བཟང་ཆོས་ཀྱི་ཉི་མས་སྨྲས་པའོ།།
རྩོམ་སྒྲིག་པ།ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn
